གལ་ཆེའི་འབོད་སྐུལ།

[ཟླ་ཚེས། 2021-01-26 23:27:55][རྩོམ་པ་པོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།། བཀུར་བར་འོས་པའི་བོན་གྱི་དགོན་སྡེ་རི་ཁྲོད་ཁག་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཡོངས་ཀྱི་སྙན་ལམ་དུ།
                                                                                                                                             ཆེད་འབུལ།
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་འདི་ནས་རྒྱ་ཆེའི་བོན་འབངས་ཡོངས་ལ་གལ་ཆེའི་འབོད་བསྐུལ་ཞུ་དོན་ནི། ཉེ་བའི་ལོ་རབས་ནང་གཤེན་ཞལ་གཙང་མའི་ཞལ་གསུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གང་སར་པར་སྐྲུན་དང་འགྲེམས་སྤེལ་བྱུང་བའི་ལེགས་བྱས་ཀྱི་མཛད་བཟང་ལ་སྤྲོ་བ་རབ་བརྟས་དང་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་བཀའ་དྲིན་ལེགས་སོ་བསྔགས་འོས་ཀྱི་དཔལ་དུ་གྱུར། རྩ་བའི་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་གི་བོན་ལ་རྣམ་དཀར་དགེ་བའི་ལས་གཞི་རྒྱ་ཆེ་སྣ་མང་དུ་ཡོད་ཀྱང་ཆེས་ཕན་ཡོན་ཆེ་བ་ལུང་གི་བསྟན་པའི་ཆ་ཤས་སུ་གྱུར་པའི་བཀའ་འགྱུར་ཀློག་འདོན་གྱི་ལམ་ལུགས་ཅུང་དར་ཁྱབ་ཆུང་བར་བརྟེན། ཉེ་བའི་ལོ་ཤས་སྔོན་ནས་མདོ་སྨད་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་སྣེ་ཁྲིད་ལམ་སྟོན་འོག་མཛོད་དགེའི་ཕྱོགས་གཙོས་བོན་དགོན་མང་པོར་འབོད་བསྐུལ་དང་འབྲེལ་བཀའ་འགྱུར་འདོན་བསྐུལ་ཚོགས་པ་བཙུགས་ནས་དགེ་བསྐུལ་བླ་མེད་དང་སྦྲག་རིན་པོ་ཆེ་ཁོང་གིས་ཉེ་སྔོན། ༢༠༡༧ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀན་སུའུ་ཐེ་བོ་གཙོ་ཚང་དགོན་དུ་ཚོགས་སྐབས་ནས་བཟུང་འདི་ལོ་བར་ལོ་མང་རིང་ཁོང་གིས་གྲོས་ཚོགས་ལ་བཀའ་འགྱུར་འདོན་བསྐུལ་ཚོགས་པ་བཙུགས་ཐུབ་ན་དགོས་གལ་ཆེ་ཚུལ་བཀའ་སློབ་གྲངས་མང་དང་། སྔ་ཕྱིར་བཀའ་འགྱུར་སྡོང་འདེབས་གྱ་ནོམ་པ་བཀའ་དྲིན་བླ་མེད་དུ་ཆེ་བར་བརྟེན། ༢༠༡༨ལོར་སྣང་ཞིག་དགོན་ཆེན་དུ་མཉམ་འབྲེལ་ལྷན་ཚོགས་འཚོགས་སྐབས་ལོ་རེ་བཞིན་རྒྱལ་བའི་བཀའ་འགྱུར་དག་འདོན་བཀོད་སྒྲིག་ཚན་ཁག་འཛུགས་རྒྱུར་འབད་བརྩོན་གནང་རྒྱུའི་གྲོས་ཆོད་བཞག་པ་དེ་དང་། ད་ལམ་རིན་པོ་ཆེ་ཁོང་གིས་དམིགས་བསལ་བོན་གྱི་བཀའ་འགྱུར་ཚོགས་པ་འཛུགས་ཕྱིར་རེ་འདུན་ཞུ་ཡིག་ཤོག་ལྷེ་ཉེར་བཞི་ལྷག་ཅན་ཞིག་ལྷན་ཚོགས་ལ་གནང་འབྱོར་བྱུང་བར་བརྟེན། གཅིག་ནི་རིན་པོ་ཆེ་ཁོང་གི་དགོངས་བཞེད་ལྷུན་འགྲུབ་ཡོང་ཆེད་དང་། གཉིས་ནི་རང་ཅག་བོན་འབངས་ཡོངས་ལ་རྣམ་དཀར་དགེ་བསྐུལ་བླ་མེད་བཀའ་འགྱུར་ཀློག་འདོན་རྒྱུན་སྲོལ་ལམ་ལུགས་ཆགས་རྒྱུ། གསུམ་ནི་བོན་གྱི་དགོན་པ་དང་། རི་ཁྲོད། བླ་སྤྲུལ་དགེ་བཤེས། གྲྭ་པ་དང་བཙུན་མ། སྔགས་པ་དང་དད་ལྡན་མང་ཚོགས་སུ་ཞིག་ཡིན་རུང་མ་བསྐུལ་དང་བླངས་ཐོག་འགོ་རང་ས་ནས་འཛུགས་ཏེ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་ལན་༢༠༢༡/༡/༢༦/ཉིན་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས་སྐབས་ཕྱོགས་ཕན་ཚུན་ནས་ཕེབས་པའི་ཚོགས་མི་ཡོངས་ལ་འབོད་བསྐུལ་ཞུས་པ། དུས་ཁྱད་པར་ཅན་སྟོན་པ་སངས་རྒྱས་ཀྱི་འཁྲུངས་དུས་ལ་རབ་བཀའ་འགྱུར། འབྲིང་མདོ་འབུམ་རྒྱུད་མཛོད་གང་རུང་། ཐ་ན་ཉིན་དེར་བཀའ་འགྱུར་པོད་རེ་ཐོན་ཐབས་དང་དེ་བཞིན་གཞན་ལ་དགེ་བསྐུལ་གནང་རོགས་ཞུ་རྒྱུའི་འབོད་བརྡ་དང་། རྩ་བའི་ད་ཐེངས་བཀའ་འགྱུར་ཀློག་འདོན་གྱི་ལས་རིམ་དང་དགོན་སྡེ་སོ་སོར་དགེ་བསྐུལ་གནང་བའི་རེའུ་མིག བཀའ་འགྱུར་ཀློག་འདོན་བྱས་པའི་ཕན་ཡོན་སྐོར་སོགས་རིན་པོ་ཆེ་ཁོང་གིས་ལྗགས་བརྩམས་གནང་བའི་ཡིག་ཆ་ཁག་གཤམ་དུ་ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་བགོད་རྒྱུ་ཡིན་པས་རྣམ་པ་ཚང་མས་གལ་པོ་ཆེ་ལ་ནན་ཏན་དུ་འཛིན་ནས་བཀའ་འགྱུར་ཀློག་འདོན་དགེ་བསྐུལ་ལ་དང་བླངས་དང་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཅི་ནས་ཀྱང་མཁྱེན་ཞུ་ཞུ་།                                  
      གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ནས།
༢༠༢༡/༡/༢༧ ལ།
བོན་གྱི་བཀའ་འགྱུར་ཚོགས་པ་འཛུགས་ཕྱིར་རེ་འདུན་ཞུ་ཡིག
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།