བོན་གྱི་བཀའ་འགྱུར་ཚོགས་པ་འཛུགས་ཕྱིར་རེ་འདུན་ཞུ་ཡིག

[ཟླ་ཚེས། 2021-01-26 23:31:15][རྩོམ་པ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྐྱབས་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །
ན་མོ་དམུ་ར་ཏ་ཧན་པ་ཏ་ཡ།
   བཀའ་རིན་པོ་ཆེའི་བྱུང་བ་འདིར་སྐབས་དོན་དབང་གིས་༧བཀའ་འགྱུར་རིན་པོ་ཆེའི་བྱུང་བ་ཟུར་ཙམ་བྲི་བ་ལ། བཀའ་རིན་པོ་ཆེའི་བྱུང་ཁུངས་རྒྱས་གསལ་ནི། མཛད་མདོ་དང་བསྟན་འབྱུང་དག་ལས་གསུངས་པ་ལྟར་ལ། འདིར་རགས་བསྡུས་ཙམ་ནི། མི་མཇེད་སྟོང་གསུམ་འགྲོ་བ་འདུལ་བའི་སྟོན་གཙོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་མཆོག་གིས་མཛད་ཆེན་བཅུ་གཉིས་སོགས་བསྟན་ནས་བཀའ་འཁོར་རིམ་པ་གསུམ་དུ་བསྐོར་བ་རྣམས་ཕྱི་རབས་དོན་དུ་རྗེས་བཞག་མཛད་པ་སྟེ། དེ་ཡང་མདོ་ལས། རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །ཞེས་གསུངས་པ་ལྟར། བཀའ་འཁོར་དང་པོའི་ཐོག་མར་བཟོ་རིག་བསྟན་སྐབས་སུ། ཡིག་ལྷ་འཕྲུལ་བུ་སོགས་ལ་འཕྲུལ་གྱི་ཡི་གེ་བྲི་བཞེངས་ཀྱི་རྣམ་གཞག་བསྟན་ནས། བསྟན་པ་ཆགས་པའི་གཞི་ལེགས་པར་བརྟན་པར་མཛད། དེ་ནས་ཐེག་པ་རིམ་དགུའི་བོན་གསུངས་པ་རྣམས་ཕྱི་རབས་དོན་དུ་རྗེས་སུ་བཞག་པར་མཛད། དེ་རྗེས་དཔེའུ་ཙེ་རྣམ་གསུམ་དང་སྒོ་བཞི་མཛོད་དང་ལྔའི་བོན་གསུངས་ཤིང་རྗེས་བཞག་གནང་། ཁྱད་པར་དུ་མཛད་ཆེན་དགུ་བར་གསས་ཁང་དཀར་ནག་བཀྲ་གསལ་དུ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པར་མཛད། དེ་ནས་བཀའ་འཁོར་ཕྱི་མ་གཙོར་བྱས་བཀའ་ལུང་ཐམས་ཅད་སྡུད་འཁོར་རྣམས་ཀྱིས་བཀའ་བསྡུ་མཛད་དེ་དཀར་ནག་བཀྲ་གསལ་དུ་རྗེས་སུ་བཞག་སྟེ་དབྱེ་ཤག་དང་ཉན་བཤད་གནང་སྟེ་བསྟན་པ་སྤེལ་བར་མཛད། དེ་ནས་མཁས་མཆོག་འཛམ་གླིང་རྒྱན་དྲུག་གིས་འཛམ་གླིང་གི་ཡུལ་ཆེན་དྲུག་ཏུ་སོ་སོའི་སྐད་དང་ཡི་གེར་བསྒྱུར་ནས་རྗེས་བཞག་དང་དར་སྤེལ་མཛད། དེ་ནས་མཁས་དབང་བཞི་དང་ལོ་པཎ་གཤེན་བརྒྱད་སློབ་དཔོན་ལི་ཤུ་དང་བླ་ཆེན་ཡབ་སྲས་སོགས་ཀྱིས་གཡུང་དྲུང་ལྷའི་སྐད་དང་ཡི་གེ་ཞང་ཞུང་གི་སྐད་དང་ཡི་གེ་རྣམས་གངས་ཅན་བོད་ཀྱི་སྐད་དང་ཡི་གེར་བསྒྱུར་ནས་བྲི་བཞེངས་རྗེས་བཞག་དང་འཁོར་སློབ་མང་པོ་ལ་འཆད་ཁྲིད་མཛད་དེ་བོན་བསྟན་རབས་དང་རིམ་པར་དར་སྤེལ་རྒྱ་ཆེར་གནང་། བར་སྐབས་སུ་བོན་བསྟན་ལ་ཉམས་རྒུད་སྔ་ཕྱིར་བྱུང་ཡང་། སྟོན་པ་སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་མཐུ་ལས། གཤེན་བསྟན་སླར་ཡང་དར་བའི་དུས་བཟང་ཤར་ཏེ་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་སོགས་དང་། བཀའ་སློབ་བྲུ་ཞུ་སྤ་རྨེའུའི་མཁས་གྲུབ་རྣམས་དང་། ཁྱུང་གཤེན་ཞིག་པོ་བཅོ་བརྒྱད་འཕགས་མཆོག་རྣམ་གསུམ་དང་གྲུབ་པ་རྣམ་གསུམ་སོགས་ཀྱིས་བོད་ཡུལ་སྟོད་སྨད་བར་ཀུན་ཏུ་བསྟན་པ་རྣམ་གསུམ་རྗེས་བཞག་དང་འཆད་ཉན་སྒོམ་སྒྲུབ་ཀྱི་སྲོལ་བཟང་གི་བཀའ་དྲིན་ཆེན་པོ་ལ་བརྟེན་ནས། བཀའ་འགྱུར་རིན་པོ་ཆེའི་དཔེ་ཆ་ཡང་ཡུལ་ཕྱོགས་སོ་སོ་ནས་མང་ཉུང་མ་ངེས་སྣ་ཚོགས་སུ་བཞུགས་པར་གསུངས།
   ཕྱིས་སུ་སྤྱི་ལོའི་དུས་རབས་ཉི་ཤུ་བར་དྲག་རྩུབ་ཀྱི་དུས་འགྱུར་རྐྱེན་ངན་དབང་གིས་བསྟན་པ་ལ་ཉམས་རྒུད་ཆེན་པོ་བྱུང་ནས། ༧བཀའ་འགྱུར་རིན་པོ་ཆེའི་དཔེ་ཆ་ཡང་གླེགས་བམ་མང་ཤོས་དང་ཁ་ཚང་བ་ནི་དེང་དུས་བཞུགས་པའི་དཔེ་ཚོགས་འདི་ཁོ་ན་བཀའ་དྲིན་གཞལ་མཐའ་བྲལ་བའི་སྐྱེས་ཆེན་དམ་པ་དང་མི་སྣ་འགའ་རེའི་སྐུ་དྲིན་ཚད་མེད་ལས་མ་བགོས་སྤྱི་ལ་བཞག་པའི་ནོར་བུ་རིན་པོ་ཆེ་འདི་ཉིད་ང་ཚོ་ཕྱི་རབས་རྣམས་ཀྱི་སྙིང་ནོར་མཆོག་ཏུ་སྐལ་བཟང་ཐོབ་པ་སྟེ། གཤམ་དུ་ཡང་འབྱུང་ངོ་། །
བཀའ་རིན་པོ་ཆེ་ཀློག་འདོན་མཛད་སྲོལ་ཟུར་ཙམ་ནི།
   གནའ་སྔོན་དུས་ནས་རང་རེའི་བོད་ཡུལ་སྟོད་སྨད་ཀུན་ན། ༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱེད་སྲོལ་བཟང་པོ་ཡོད། དེ་ཡང་དཀོན་མཆོག་དང་རྣམ་དཀར་ལ་དད་ཅིང་རྒྱུ་ནོར་ལྡན་པ་འགའ་རེས་གསུང་རབ་ཀློག་འདོན་པ་གདན་འདྲེན་ཞུས། དཔེ་ཆ་ཡང་དཀོན་པས་དགོན་སྡེ་སོགས་ལས་གཡར་ཏེ་དུས་ཡུན་རིང་ཙམ་ལ་བསྙེན་བཀུར་བྱས་ནས་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱེད་པ་ཡིན་ལ། རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་ཀློག་འདོན་བྱེད་མཁན་ཉུང་ཤས་ཡིན། བཀའ་འགྱུར་དཀར་ཆག་སོགས་ན་བཀའ་འགྱུར་རིན་པོ་ཆེ་ལ་གླེགས་བམ་མང་པོ་བཞུགས་ཚུལ་གསུངས་ཡོད་ཀྱང་། གདན་ས་གཅིག་ན་དེ་ཚང་མ་བཞུགས་པ་དཀོན་ཚོད་རེད། རྒྱལ་རོང་ཁྲོ་སྐྱབས་དང་བྲག་སྟེང་གི་ཤིང་དཔར་མ་ལའང་དེང་བཞུགས་ཀྱི་གླེགས་བམ་འདི་ཙམ་མི་འདུག་པས། ག་ཚོད་ཡོད་པ་དེ་དག་ཀློག་འདོན་བྱེད་འདུག སྤྱི་ལོའི་དུས་རབས་བཅུ་དགུ་བའི་ནང་ཙམ་ལ། གཤེན་བསྟན་རིན་པོ་ཆེ་དང་ཕྱི་རབས་རྣམས་ལ་སྐུ་དྲིན་དང་མཛད་རྗེས་བླ་ན་མེད་པ་བསོད་ལྡན་བསྟན་སྦྱིན་ཆེན་པོ་བྱང་ཐང་ཧོར་ཡུལ་གྱི་བཀའ་བློན་ཆེན་མོ་ག་རྒྱ་ཚང་གིས་དེང་དུས་སུ་བཞུགས་པའི་༧བཀའ་འགྱུར་རིན་པོ་ཆེ་འདི་ཚང་མ་བྲིས་བཞེངས་བྱས་ནས། མ་འོང་སྔོན་དུ་གཟིགས་ཤིང་བོན་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་གྲུབ་དབང་༧ཉག་རོང་དབལ་ཁྱུང་གཏེར་ཆེན་རིན་པོ་ཆེ་ལགས་ལ་མི་ཕྱེད་དད་པས་ཕུལ་བ་དེ་ཉིད། དུས་རབས་ཉི་ཤུ་བར་དྲག་རྩུབ་ཀྱི་དུས་འགྱུར་སྐབས་སུ་རང་སྲོག་བློས་བཏང་ནས། སྦས་ཉར་ཡུན་དུ་བྱེད་མཁན་གྱི་མི་སྣ་འགའ་ཡི་སྐུ་དྲིན་བརྗོད་ལས་འདས་པའི་མཐུ་དཔལ་ལས། དེང་བཞུགས་ཀྱི་༧བཀའ་འགྱུར་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་འདི་ཉིད་རང་རེ་བོན་པོ་རྣམས་གཙོར་བྱས་ཕྱི་རབས་སྐལ་ལྡན་ཡོངས་ཀྱི་གཙུག་གི་རྒྱན་དང་སྙིང་གི་ནོར་མཆོག་ཏུ་བཞུགས་པ་ལགས་སོ། །དེ་ཙམ་ན། སྟོན་པ་སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཆོས་དང་ལུགས་སྲིད་ཇུས་དགེ་མཚན་ཅན་བྱུང་བ་ལ་བརྟེན་ནས། ནང་བསྟན་ཡང་དར་དུས་སུ་གཤེན་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དཔལ་དངོས་སུ་སྨིན་པའི་བསྟན་འཛིན་སྐྱེས་ཆེན་དམ་པ་འགའ་རེ་དང་། སྐལ་བཟང་བསོད་ནམས་ཆེ་བའི་སྦྱིན་བདག་རྣམས་ཀྱིས་བསྟན་པ་འབའ་ཞིག་ཐུགས་ལ་བཅང་ནས། བཀའ་འགྱུར་རིན་པོ་ཆེ་དེ་ཉིད་སྔ་ཕྱིར་འཕྲུལ་དཔར་དུ་བཏབ་པའི་བཀའ་དྲིན་ཆེན་པོ་ལས། རང་རེ་བོན་དགོན་ཆེ་ཆུང་ཡོངས་ལ་ད་ལྟའི་བཀའ་འགྱུར་རིན་པོ་ཆེའི་དཔེ་ཚོགས་འདི་དག་ལེགས་པར་དར་ཁྱབ་བྱུང་བ་ནི་ཚང་མས་ཤེས་གསལ་ལྟར་རོ། །དེ་ལྟར་དཔེ་ཆའི་ཆ་རྐྱེན་འཛོམས་པ་དང་། དགོན་སྡེ་རྣམས་ཉམས་གསོ་འོས་འཚམ་རེ་བྱུང་ཡོད་པས་དད་མོས་དང་དགའ་བྲོད་སྐྱེས་ནས་སྔོན་སྲོལ་བཟང་པོ་སླར་གསོ་བྱ་ཕྱིར་དུ། ༧བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱེད་འདོད་བྱུང་ནས་ལོ་ཁ་ཤས་ལ་དགུན་དུས་སུ་དགོན་པའི་གྲྭ་བཙུན་རྣམས་ཀྱིས་༧བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱེད་འགོ་བཟུང་ཡང་འཚོ་བའི་ཆ་རྐྱེན་ཞན་པ་དང་། གྲྭ་པ་ཉུང་བར་མ་ཟད་ཀློག་འདོན་ཤེས་མི་ལྷག་པར་ཉུང་ཞིང་བཀའ་པོད་མང་བས་ཁ་ཚང་འདོན་མི་ཐུབ་པར་དཀའ་ངལ་ཧ་ཅང་ཆེ་བྱུང་། དེ་ཙམ་ན་བཀའ་འགྱུར་ཚོགས་པ་ཚུགས་ཚུལ་དང་ཀློག་འདོན་བྱ་ཚུལ་ཞུ་བ་ལ། ཁོ་བོས་མནོ་བསམ་བཏང་ཚེ། ཕྱོགས་འདི་ཡི་བོན་དགོན་འགའ་རེ་མཉམ་འབྲེལ་བྱས་ན་༧བཀའ་འགྱུར་རིན་པོ་ཆེ་ཚར་རེ་དུས་ཡུན་ཐུང་ངུའི་ནང་ན་འདོན་ཐུབ་ལ་སྟབས་བདེ་རེད་སྙམ་དུ་༢༠༡༧ལོར་བོན་དགོན་འགའ་རེ་ལ་དེ་ལུགས་ཀྱི་རེ་འདུན་དང་སྐུལ་སློང་བྱས་ཚེ་རྣམ་པ་ཚང་མས་མོས་མཐུན་བྱས་པ་ལ་བརྟེན་ནས། དགོན་སྡེ་བཅུ་གསུམ་བཀའ་འགྱུར་ཚོགས་པ་གཅིག་ཏུ་བྱས་ནས་ཡིག་ཆ་དང་རེའུ་མིག་བཟོས་ཏེ་དགུན་སྨད་དུ་དགོན་སྡེ་རྣམས་ལ་བཀྲམས་པ་དང་ཚང་མས་རང་སྐལ་ལ། ༧བཀའ་རིན་པོ་ཆེ་མདོ་འབུམ་རྒྱུད་མཛོད་བཞི་གང་བབས་དང་དེའི་ནང་ནས་གླེགས་བམ་ཅི་ཙམ་ཀློག་དགོས་པ་ངོས་འཛིན་དང་གྲ་སྒྲིག་བྱས།
བཀའ་འགྱུར་ཀློག་འདོན་དང་ཚོགས་པ་ཚུགས་ཚུལ།
   དེ་ནས་རྒྱལ་ཟླ་བའི་ཚེས་གྲངས་བཅུ་བཞི་དང་བཅོ་ལྔ་༧གཤེན་རྒྱལ་སྟོན་གཙོ་སྐུ་འཁྲུངས་པའི་དུས་ཆེན་ལ། བཀའ་འགྱུར་ཚོགས་པའི་དགོན་སྡེ་བཅུ་གསུམ་པོས་དུས་མཉམ་དུ་བདེ་བླག་ངང་ནས་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་བཏོན་པར་མ་ཟད། གཞན་མདོ་སྔགས་ཀྱི་ཆོ་ག་ཅི་རིགས་དང་ཡོན་བདག་རྣམས་ཀྱི་རེ་འདོད་ལྟར་ཤི་གསོན་ལ་ཕན་པའི་གསུང་རབ་ཀློག་འདོན་དང་ཕྱག་བཤགས་མཆོད་འབུལ་སོགས་བོན་སྤྱོད་གང་ལེགས་སྒྲུབ། དེ་དུས་འབྱོར་ལྡན་སྦྱིན་བདག་རྣམས་ཀྱིས་བསོད་ནམས་ཚོགས་བསག་ཕྱིར་དུ་ཁོ་བོ་དང་ཡོན་བདག་འགའ་རེ་མཉམ་འབྲེལ་བྱས་ནས། བཀའ་འགྱུར་རིན་པོ་ཆེའི་གླེགས་བམ་རེ་རེ་ཀློག་ཡོན་དུ་ཀྲུང་སྒོར་ཉིས་བརྒྱ་རེ་འབྲེལ་བཞག་བྱས། གཞན་དགོན་སྡེ་སོ་སོའི་དད་ལྡན་མང་ཚོགས་ཀྱིས་དུས་ཆེན་ལ་མང་ཇ་དང་འབུལ་འགྱེད་དང་། ཕྱག་བསྐོར་སོགས་དགེ་སྤྱོད་ཅི་ནུས་རེ་ཡང་བྱེད་འདུག དེ་ཡང་སྨོན་རྒྱལ་ལྷ་སྲས་རིན་པོ་ཆེ་ཚང་གི་འཕྲུལ་དཔར་བཀའ་འགྱུར་རིན་པོ་ཆེ་ལ་པོ་ཏི་བརྒྱ་དང་དོན་བརྒྱད་༼༡༧༨༽བཞུགས་པ་དེ་ཚང་མས་གཅིག་གྱུར་དུ་འདོན་རྒྱུ་དང་། བཀའ་པོད་རེ་རེ་གྲྭ་པ་རེ་རེས་ཉིན་གཉིས་ལ་དལ་བུར་དག་གསལ་དུ་འདོན་རྒྱུ་གཏན་འཁེལ་བྱས། དེ་ལྟར་ན་ཀློག་པ་པོ་བརྒྱ་དང་དོན་བརྒྱད་༼༡༧༨༽དགོས། ཕྱོགས་འདིའི་དགོན་སྡེ་ཕལ་ཆེ་བ་ཆུང་ཞིང་གྲྭ་པ་ཉུང་བ་དང་། དེའི་ནང་ནས་ལྷག་པར་དུ་ཆོ་ག་གང་ཡང་ལེགས་པར་འདོན་ཐུབ་མཁན་ཉུང་བའི་དབང་གིས་དགོན་སྡེ་བཅུ་གསུམ་ལ་ཀློག་པ་པོ་བརྒྱ་དང་དོན་བརྒྱད་ལོངས་པར་བྱས་པ་ཡིན། འདི་དག་ང་ཚོས་སྔ་ལག་བསྟར་བྱས་ཚུལ་ཞུས་པ་ལགས་སོ། །
ལྷན་ཚོགས་ལ་ཞུ་ཚུལ།
   དེ་རྗེས་མཉམ་འབྲེལ་ལྷན་ཚོགས་ལ་རེ་འདུན་ཞུ་ཚུལ་ནི། དེ་ལྟ་བུའི་ང་ཚོའི་བཀའ་འགྱུར་ཚོགས་པ་གཅིག་པུས་དུས་ཆེན་ལ་འཚོགས་རྒྱུ་ནི་ཤིན་ཏུ་རྒྱ་ཆུང་བས། བོན་དགོན་ཡོངས་རྫོགས་མཉམ་འབྲེལ་བྱས་ཏེ། ༧སྟོན་པ་ཐུགས་རྗེ་ཅན་སྐུ་འཁྲུངས་པའི་དུས་ཆེན་ལ་༧སྟོན་པའི་བཀའ་རིན་པོ་ཆེ་ཀློག་འདོན་བྱ་ཐུབ་ན་ཁྱབ་རྒྱ་ཆེ་སྟེ་ཚང་མས་དགེ་སྐལ་ལོན་པ་དང་རྟེན་འབྲེལ་རབ་ཏུ་ལེགས་ཤིང་བསྟན་སྲིད་ཀུན་ལ་ཕན་ཐོགས་ཆེ་ངེས་རེད་སྙམ་ནས། སྤྱི་ལོ་༢༠༡༧ལོར་ཐེ་བོའི་གཙོ་ཚང་དགོན་དུ་མཉམ་འབྲེལ་ལྷན་ཚོགས་འཚོགས་དུས་སུ་ལྷན་ཚོགས་ལ་ཐེངས་དང་པོར་གོང་ལྟར་གྱི་རེ་འདུན་ཞུས་ཤིང་ཀློག་ཡོན་རེ་བཀྲམས། ༢༠༡༨ལོར་སྣང་ཞིག་དགོན་ཆེན་དུ་འཚོགས་དུས་སུ་ལྷན་ཚོགས་ལ་སྔར་ལྟར་རེ་འདུན་ཞུས་པར་མ་ཟད། ལྷན་ཚོགས་ཀྱི་གྲོས་ཆོད་དུ་འགོད་པའི་རེ་འདུན་ཞུས་པ་དང་ལེན་མཛད་པའི་བཀའ་དྲིན་ཚད་མེད་བསྐྱངས་བྱུང་། ༢༠༡༩ལོར་ཟུང་ཆུའི་རིན་སྤུངས་དགོན་དུ་འཚོགས་དུས་སུ་ལྷན་ཚོགས་ལ་སྔར་བཞིན་རེ་འདུན་ཞུས། དེ་དག་གི་དུས་སུ་ཡོན་བདག་རྣམ་པའི་དྲིན་ལས་ཞུ་རྟེན་སྒོར་ཁྲི་ཕྲག་འགའ་རེ་ཡང་ཕུལ་ཡོད། ད་ལོ་༢༠༢༠ལོར་རྒན་བུ་ཁོ་བོའི་ལུས་པོ་ཅུང་ཟད་ན་བ་ལ་འཕྲོད་བསྟེན་བྱས་ནས་བསྡད་པ་ཡིན་པས། ཚོགས་འདུ་སོགས་ལ་འགྲོ་འདོད་མེད་ལ། ཡོན་བདག་ཚོ་ལ་བཀའ་འགྱུར་ཀློག་ཡོན་སློང་མོ་མ་བྱས། ལྷན་ཚོགས་ལ་ཉེ་ཡོང་དུས་བྱ་འཕུར་བླ་མ་ཚང་གཙོར་བྱས་དུང་དཀར་དགོན་གྲོང་གིས་ཁོ་བོ་ལ་དུང་དཀར་དགོན་དུ་འོང་དགོས་ཚུལ་ཡང་ཡང་ནན་ཞུ་བྱས་པ་དང་། ཚོགས་གཙོ་རྣམ་པས་ཀྱང་དེ་ལུགས་གསུང་སྐུལ་སྔ་ཕྱིར་གནང་བྱུང་བ་བཀའ་བཅག་མ་ཕོད་པར། བསྟན་ལ་སྲི་ཞུ་དང་འགྲོ་དོན་བྱེད་མི་ནུས་ཀྱང་ཁོང་རྣམ་པའི་བཀའ་གསུང་བརྩི་བཀུར་དང་། དད་ལྡན་མང་ཚོགས་ཀྱི་རེ་འདོད་བསྐང་དགོས་སྙམ་ནས། ཚོགས་འདུར་ཞུགས་དུས་སུ་ལྷན་ཚོགས་ལ་བཀའ་འགྱུར་ཚོགས་པ་འཛུགས་ཨེ་ཐུབ་ཅེས་ཞུ་འདོད་ཡོད་ཀྱང་། ཞུ་དོན་ཅུང་ཟད་རྒྱ་ཆེ་བ་དང་ཞུ་རྟེན་ནམ་ཀློག་ཡོན་སྒོར་མོ་གྲ་སྒྲིག་བྱས་མེད་པས། སྔར་ཞུས་ལྟར། རྒྱལ་ཟླའི་དུས་ཆེན་ལ་བོན་དགོན་ཡོངས་ཀྱིས་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་མཛད་པའི་བཀའ་དྲིན་ཆེ་ཆེ། ཞེས་ཞུ་རྟེན་མ་སྟོང་ཙམ་དུ་སྒོར་སུམ་ཁྲི་ལྷན་ཚོགས་ལ་ཕུལ་བ་མ་གཏོགས། བཀའ་འགྱུར་ཚོགས་པ་འཛུགས་གཉེར་སྐོར་ཞུ་མ་ཕོད། དེ་རྗེས་སུ་བསམ་བློ་རེ་བཏང་ཚེ། རང་རེ་ལ་སྤྱི་དོན་སྒྲུབ་པའི་འཇོན་ཐང་དང་ནུས་ཤུགས་ཞན་པས། ང་ཚོའི་བཀའ་འགྱུར་ཚོགས་པ་ཆུང་ངུ་འདི་ཙམ་ལས་ཚུགས་མ་ཐུབ། ད་ནི་དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཅུང་ཟད་རྒྱ་བསྐྱེད་གཏོང་ཨེ་ཐུབ་བལྟ་དགོས། དེང་དུས་ཡུལ་ཕྱོགས་སྟོད་སྨད་བར་གསུམ་དུ་བྱ་བ་ལས་དོན་སྣ་ཚོགས་ཆེད་གཉེར་གྱི་ཚོགས་པ་ཚུགས་ནས་རང་རང་སོ་སོས་ལས་འགན་དང་དུ་བླངས་ནས་ལས་དོན་འདྲ་མིན་འགྲུབ་འདུག་པ་མཐོང་ཐོས་བྱུང་བ་དང་། དེ་འདྲ་བར་རང་རེ་ལ་ཆ་རྐྱེན་ཡོད་རང་རེ་བོན་པོ་ཚང་ལ་དགོན་སྡེ་ཆེ་ཆུང་ཀུན་བསྡོམས་བཞི་བརྒྱ་ལྷག་ཡོད་པ་རེད་ཟེར་འདུག དེ་ཀུན་ལ་བཀའ་འགྱུར་ཚོགས་པ་ཚུགས་ན་ཚོགས་པ་མང་ཙམ་ཡོད་ངེས་རེད། བོན་དགོན་ཡོད་ཚད་མཉམ་འབྲེལ་ལྷན་ཚོགས་ཀྱི་མངའ་ཁོངས་ཡིན། མཉམ་འབྲེལ་ལྷན་ཚོགས་ནི་གཤེན་བསྟན་སྤྱི་ཡི་དོན་ཆེན་སྒྲུབ་པའི་ལས་ཁུངས་མཐོ་ཤོས་ཡིན་པས་སྟོབས་ཤུགས་དང་མཐུན་རྐྱེན་འཛོམས་ཕྱིར་ལས་དོན་འདི་ལྟ་བུ་སོགས་སྒྲུབ་པ་ལ་སྟབས་བདེ་བྱ་སླ་བའི་སྒོ་ནས་སྒྲུབ་ཐུབ་སྟེ། སྔར་ལྷན་ཚོགས་ཚུགས་ནས་བཟུང་ལོ་ཤས་རིང་ལ། ལྷན་ཚོགས་ཀྱི་འགོ་གཙོ་རྣམ་པས་གཙོ་གཉེར་མཛད་དེ་ལྷན་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་མཛད་དེ་བསྟན་དོན་གལ་ཆེན་སྣ་མང་ཞིག་བསྒྲུབས་ནས་གྲུབ་དང་འགྲུབ་མུས་ཡིན་པ་ཤེས་གསལ་ལྟར་རོ། །དེ་བས་ན། ལྷན་ཚོགས་ལ་བརྟེན་ནས་བོན་དགོན་ཡོངས་ཁྱབ་ཏུ་༧བཀའ་འགྱུར་ཚོགས་པ་འཛུགས་རྒྱུ་བྱ་བ་འདི་ནི་གཤེན་བསྟན་སྤྱི་ཡི་དོན་ཆེན་ཡིན་པར་མ་ཟད་ནམ་ཞིག་ཇི་སྲིད་བར་གྱི་གཏན་ཆུས་གལ་ཆེན་ཞིག་ཡིན་ལ། ལྷན་ཚོགས་ཀྱིས་སྒྲུབ་འོས་པའི་སྤྱོད་བཟང་ཡང་ཡིན། འདི་སྐད་ཞུ་བ་ཡང་རང་དོན་མ་ཡིན་སྤྱི་དོན་དང་བསྟན་དོན་ཡིན་པས་ལྷན་ཚོགས་ལ་ཞུ་མི་འོས་པའང་མ་ཡིན་པར་ཞུ་རིན་ཡོད་པ་ཞིག་རེད་སྙམ་པའི་སེམས་པ་ཆུ་གཉེར་ལྟ་བུ་དང་རེ་འདུན་དབུལ་པོ་ནོར་གྱིས་གདུང་བ་ལྟ་བུས་བསྐུལ་འདེད་བྱུང་བར་བརྟེན་ནས། ཁྱེད་གཙོ་གཉེར་རྣམ་པའི་མདུན་སར་གུས་འདུད་བཅས་ཏེ་ཞུས་པ་ལགས་ལ། རེ་འབྲས་ལེགས་སྨིན་གྱི་བཀའ་དྲིན་ཤིན་ཏུ་ཆེ་ཆེ་ཆེ་ཞེས་ཀྱང་ཞུའོ། །
   ༧བཀའ་འགྱུར་ཚོགས་པ་ཇི་ལྟར་འཛུགས་ཚུལ་སྐོར་ལ། ཁྱེད་རྣམ་པ་ཚང་མ་མཁྱེན་རྒྱ་ཆེ་ལ་ཉམས་མྱོང་ཡོད་པས་མང་དུ་ཞུ་མི་དགོས་མོད། འོན་ཀྱང་དཔྱད་གཞི་ཙམ་ལ། སྔར་ང་ཚོས་བོན་དགོན་ཆུང་ངུ་འགའ་རེ་མཉམ་འབྲེལ་བྱས་ནས། རྒྱལ་ཟླ་བའི་དུས་ཆེན་ལ་བཀའ་འགྱུར་རིན་པོ་ཆེ་ཚར་རེ་དག་གསལ་དུ་འདོན་ཚུལ་ཡིག་ཆ་དང་རེའུ་མིག་ཏུ་བཀོད་པ་དེ་དག་ཁྱེད་རྣམ་པའི་སྤྱན་སྔར་ཕུལ་བ་དེ་ལྟར་ལགས།
སྤྱི་གཞུང་ཚོགས་པ་འཛུགས་ཚུལ།
    ང་ཚོའི་བཀོད་སྒྲིག་དེ་ལས་ལྷག་པའི་ལེགས་བཅོས་བྱ་བ་ལ། མཉམ་འབྲེལ་ལྷན་ཚོགས་ཀྱི་མངའ་ཁོངས་སུ་སྤྱིར་“བཀའ་འགྱུར་ཚོགས་པ་”ཞེས་པ་ཞིག་དང་། ནང་གསེས་སུ་“བཀའ་འགྱུར་ཀློག་འདོན་ཚོགས་པ་”ཞེས་དང་། “བཀའ་འགྱུར་ཀློག་ཡོན་ཚོགས་པ་”ཞེས་པའི་རྩ་འཛུགས་སོ་སོར་འཇུགས། དེ་ལ་“ཀློག་འདོན་ཚོགས་པ་”ནི་དགོན་སྡེ་རྣམས་ཡིན་པ་དང་། “ཀློག་ཡོན་ཚོགས་པ་”ནི་འབྱོར་ལྡན་སྦྱིན་བདག་འགའ་རེ་དང་དད་ལྡན་མང་ཚོགས་རྣམས་ཡིན་ཏེ། དུས་ལ་བབ་ཚེ་དགོན་སྡེ་སོ་སོས་གྲྭ་བཙུན་རྣམ་པས་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་མཛད་པ་དང་། སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར་ཅི་ནུས་བྱས་ཏེ། དགོན་གྲོང་གཉིས་འབྲེལ་ལམ་སེར་སྐྱ་ཕོ་མོ་ཀུན་མཉམ་རུབ་ཀྱིས། སྟོན་པ་ཐུགས་རྗེ་ཅན་གཟུགས་སྐུ་འཁྲུངས་པའི་དུས་ཆེན་ཁྱད་པར་ཅན་ལ་དགྱེས་མཆོད་དང་སྒྲིབ་སྦྱང་ཚོགས་བསགས་ལེགས་པར་བྱ། དེ་ཕྱིར་ཚོགས་པ་སོ་སོ་ལ་སྣེ་ཁྲིད་པའི་འགོ་གཙོའམ་དོ་དམ་མི་སྣ་གང་དགོས་འདེམ་བསྐོ་བྱས་ན་རང་རང་སོ་སོས་ལས་འགན་དང་དུ་བླངས་ནས་ལས་དོན་སྒྲུབ་པ་ལ་བརྟེན་ནས་བྱ་བ་འགྲུབ་སླ་བ་ནི་ཤེས་གསལ་ལོ། །བློ་རྒྱ་དང་ཤེས་རྒྱ་ཆུང་ཡང་འདི་ནི་བསྟན་དོན་གལ་ཆེན་རེད་སྙམ་ནས་ལྷག་བསམ་གྱིས་གཡོ་ཟོལ་མེད་པར་ཞུས་པ་ལགས། དེ་ཙམ་ལས་གཞན་ཉོག་གཏམ་སྨྲ་མི་དགོས་ཏེ། ཁྱེད་རྣམ་པ་ཚང་མ་མཁྱེན་སྤྱན་ཡངས་ཤིང་ཡིག་རིགས་ལ་མཁས་པ་དང་དེང་རབས་ཀྱི་འཕྲུལ་ཆས་རིགས་བཀོལ་ཤེས་ཤིང་གློག་དྲྭ་དང་སྐད་འཕྲིན་སོགས་ལ་བརྟེན་ནས་ཆོས་སྲིད་ཀྱི་བྱ་བ་ཆེ་ཕྲ་གང་ཡང་བདེ་བླག་ངང་ནས་སྒྲུབ་ཐུབ་པས་སོ། གྲུ་འབྲས་བཟང་པོ་རྗེས་དྲན། ད་ཕན་ལོ་ཤས་རིང་ལ། མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་པའི་དོན་ཆེན་མང་ཙམ་ཞིག་བསྒྲུབས་ཚད་ཕན་འབྲས་ཆེ་བ་ཡིན་ལ། ཁྱད་པར་འཕགས་པ་ནི། གཤེན་རྒྱལ་སྟོན་པའི་བཀའ་རིན་པོ་ཆེ་གླེགས་བམ་མང་པོ་ཅན་དཔེ་བསྡུར་དང་ཞུ་དག་གཏོང་བ། སྤུས་དག་དཔེ་ཚོགས་དེབ་གཟུགས་ཚད་ལྡན་དུ་དཔར་བསྐྲུན་གྱི་ལས་འགན་ལྗིད་པོ་དང་དཀའ་མོ་དེ་ཉིད་མཉམ་འབྲེལ་ལྷན་ཚོགས་དང་ལས་གཉེར་མི་སྣ་ཀུན་གྱིས་དཀའ་སྤྱད་འབད་བརྩོན་གྱིས་བསྒྲུབས་ནས་འགྲུབ་ཉེར་ཡོད་པ་ནི་ཕ་ནོར་བུ་ལ་ཕོག་པ་ལྟར་དུ། གཤེན་བསྟན་རིན་པོ་ཆེ་དང་གཤེན་བསྟན་འཛིན་པ་ཐམས་ཅད་དང་ཕྱི་རབས་སྐལ་བཟང་དད་ལྡན་ཡོངས་ལ་སྔར་བྱུང་མ་མྱོང་བའི་ཕན་འབྲས་བརྗོད་དཀའ་ཞིང་རྨད་དུ་བྱུང་བ་དང་རླབས་ཆེ་བའི་རྗེས་བཞག་གནང་བ་ནི། བཀའ་དྲིན་གཞལ་མཐའ་བྲལ་ཞིང་རྗེས་ཤུལ་ནམ་ཡང་མི་ནུབ་པ་བསྟན་སྲིད་ལ་ཤུགས་ཆེན་གྱི་ཞབས་འདེགས་ཞུས་པའི་གནས་ཚུལ་མང་ཡང་མདོར་ན། མ་འོངས་པར་གཤེན་བསྟན་རིན་པོ་ཆེ་ནམ་ཡང་མི་ནུབ་པའི་རྒྱལ་མཚན་སྲིད་རྩེར་སྒྲེང་བ་དང་། གཤེན་བསྟན་འཛིན་པ་ཐམས་ཅད་དང་བོན་དད་མང་ཚོགས་ཀུན་ལ་རིན་པོ་ཆེའི་གཏེར་མཛོད་བསྐྲུན་པ་དང་། འཛམ་གླིང་ན་ལོ་རྒྱུས་རིང་ཞིང་སྐད་གྲགས་ཆེ་ལ་གཟི་འོད་འབར་བའི་ཞང་ཞུང་གི་ཤེས་རིག་དང་བོད་ཀྱི་ཤེས་རིག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བའི་བྱ་བ་རླབས་ཆེན་བསྒྲུབས་ཤིང་བསུབ་ཐབས་བྲལ་བའི་རྗེས་བཞག་གནང་ཡོད་པ་དང་། དེང་དུས་དང་མ་འོངས་པའི་ཞིབ་འཇུག་པ་རང་རྒྱལ་བ་དང་རྒྱལ་སྤྱི་བ་རྣམས་ལ། གནའ་རབས་ཞང་ཞུང་གི་ཤེས་རིག་དང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་རྙིང་བ་ཆུ་བོ་ཀླུང་ཆེན་བརྒལ་བའི་ཟམ་ཆེན་དང་། གཡུང་དྲུང་བོན་གྱི་རྒྱ་མཚོ་གཏིང་ཟབ་བརྒལ་བའི་གྲུ་གཟིངས་བཟོས་པ་ལྟ་བུའི་ཞིབ་འཇུག་གི་བྱ་བ་བྱེད་བདེ་བའི་ཆ་རྐྱེན་ཧ་ཅང་བཟང་པོ་བསྐྲུན་ཡོད་པ་སོགས་ཀྱི་དགེ་མཚན་ཆེ་བ་མང་པོ་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ། །ད་ཕན་ལོ་ཁ་ཤས་ཀྱི་རིང་ལ་སྐྱེས་ཆེན་དམ་པ་དང་བསོད་ལྡན་མི་སྣ་རྣམས་དང་རྒྱལ་ཁབ་བཅས་ཀྱི་བཀའ་དྲིན་ལས་བཀའ་རིན་པོ་ཆེའི་དཔེ་ཚོགས་རབས་དང་རིམ་པར་ཕྱོགས་ཀུན་ཏུ་དར་ཁྱབ་བྱུང་ཡོད། ད་ནི་ཡུལ་སྐད་འགའ་རེར་བཟང་བའི་སྟེང་དུ་རྒྱན་བཏགས། ཞེས་དང་། ཡག་ཐོག་ཏུ་ཡག་བརྩེགས། ཟེར་བ་ལྟར། མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུ་ཁྲིད་བྱས་ཏེ། བོན་པོ་ཡོངས་ཀྱིས་བཀའ་འགྱུར་ཚོགས་པ་བཙུགས་ནས། དུས་མཐའི་བར་དུ་ཡུལ་ཕྱོགས་ཀུན་ཏུ་སྤྱི་དང་སྒེར་གང་ཐད་ནས་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་མང་ཞིང་རྒྱ་ཆེ་བར་བྱ་བའི་བསྟན་པའི་སྤྱི་དོན་ཆེན་པོ་སྒྲུབ་སོང་ན་གོང་གི་བྱས་རྗེས་ཆེན་པོའི་སྟེང་དུ་ཡང་ཆེས་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱས་རྗེས་ཆེན་པོ་ཞིག་བཞག་པ་ཡིན་པས། བྱས་རྗེས་ད་ལྟ་བཞག་ན་འབྲས་བུ་བསྐལ་པར་གནས། ཟེར་བ་ལྟར། སྙིགས་མའི་དུས་འདིར་བསྟན་པ་འཛིན་སྐྱོང་སྤེལ་བ་དང་གདུལ་བྱ་སེམས་ཅན་རྣམས་གནས་སྐབས་མཐར་ཐུག་གི་ཕན་བདེར་འགོད་པའི་ཐབས་དང་བྱ་བ་དེ་ལས་ལྷག་པ་ཅི་ཡོད་དེ། དགེ་མཚན་འོད་སྟོང་སྲིད་མཐའི་བར་དུ་འབར་ངེས་པའོ། །
བཀའ་འགྱུར་རིན་པོ་ཆེ་སོགས་ཀློག་འདོན་བྱ་དགོས་དོན་ཅུང་ཟད་ཞུ་བ།
   གཡུང་དྲུང་བོན་སྤྱི་དང་བྱེ་བྲག་ཏུ་བཀའ་རིན་པོ་ཆེ་ཀློག་འདོན་བྱ་དགོས་དོན་འདི་ནི་མཁྱེན་ལྡན་རྣམས་ལ་ཞུ་མི་འོས་ཀྱང་། རང་འདྲ་དང་ན་གཞོན་བློ་གསར་རྣམས་ལ་གསལ་འདེབས་དང་བསྐུལ་སློང་ཚུལ་དུ་ཅུང་ཙམ་ཞུ་བ་ལ། རང་རེས་དལ་འབྱོར་རྟེན་བཟང་ཐོབ་ཅིང་སངས་རྒྱས་བསྟན་པའི་སྒོར་ཞུགས་པའི་སྐལ་པ་བཟང་པོ་ཐོབ་ཡོད་པས། འདི་ཆུད་ཟོས་སུ་མི་གཏོང་བར་དོན་ཡོད་བྱ་དགོས། རང་རེའི་མིང་ལ་དགེ་འདུན་པ་ཟེར་བ་སྟེ། དེ་ནི་སེམས་ལུང་བསྟན་སྒྲོན་ལས། ཨུད་འབར་ལྟ་བུ་དགེ༷་ལ་འདུ༷ན་སྤྱོད་དཀོན། །ཞེས། རྣམ་དཀར་དགེ༷་བ་ལ་རེ་འདུ༷ན་ཆེ་ཞིང་དགེ་བ་སྤྱོད་པའམ་དགེ་བ་སྒྲུབ་མཁན་ཤིན་ཏུ་ཉུང་ཞིང་དཀོ༷ན་པ་ཡིན་ཞེས་གསུངས་པ་སྟེ། སྤྱིར་ངན་འགྲོ་ལས་མི་ལུས་ཐོབ་པ་ཉུང་མོད། རེ་ཞིག་ལ་དེང་དུས་འཛམ་གླིང་ན་མི་གྲངས་ཅི་ཙམ་ཡོད་པ་ཁྱེད་ཚོས་སྐད་འཕྲིན་སོགས་ལས་ཤེས་འདུག་པ་ལྟར་མང་ན་ཡང་། ནང་པ་སངས་རྒྱས་པའི་བསྟན་སྒོར་ཞུགས་པ་ཧ་ཅང་ཉུང་ལ། བོན་པོ་ནི་དེ་བས་ཉུང་བ་དང་དཀོན་པ་ཤེས་གསལ་ཡིན། རང་རེ་རྣམས་ཀྱི་ལྷ་སྐལ་ནི་རྣམ་མཁྱེན་རྒྱལ་བ་གཤེན་རབ་མཆོག་ཡིན་ལ། བོན་སྐལ་ནི་གཡུང་དྲུང་གི་བོན་རིན་པོ་ཆེ་ཡིན་པས། རང་རེ་ནི་ཧ་ཅང་ལས་འཕྲོ་དང་སྐལ་པ་བཟང་པོ་ཡིན་ཏེ། འདོ་ལྟར། སྤྱིར་ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་ནི་སོ་སོའི་སྐྱེ་བོས་ལྟ་ཅི། ས་ཐོབ་སེམས་དཔའ་ཆེན་པོ་དག་གིས་ཀྱང་བརྗོད་མི་ནུས་པར་གསུངས་ལ། མི་མཇེད་འཇིག་རྟེན་འདུལ་བའི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ནི། སྟོང་གསུམ་འཇིག་རྟེན་གཞན་གྱི་སྟོན་པ་ལས་ཐུགས་བསྐྱེད་སྨོན་ལམ་སོགས་ཀྱིས་ཁྱད་པར་འཕགས་ཚུལ་ནི།    སྟོན་པ་ལ་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བསྟོད་པ་ལས། མཛད་པ་གཤེན་རབ་ཡོངས་ལས་འཕགས། །ཐུགས་རྗེ་བདེར་གཤེགས་ཡོངས་བས་ཆེ། །སྤྲུལ་པ་འདུལ་བ་ཡོངས་བས་མཁས། ། ཞེས་དང་། གཤེན་རྒྱལ་མཆོག་གི་བསྟོད་ཕྱག་ལས་ཀྱང་། གང་གིས་བོན་རྣམས་ཐམས་ཅད་བརྗོད་བྱེད་དང་། །བསྟོད་པ་དམ་པ་འདི་ཉིད་བརྗོད་བྱེད་པ། །བསོད་ནམས་ཆེ་བ་དེ་ནི་འདི་བརྗོད་དོ། །ཅིའི་ཕྱིར་ཞེ་ན་མི་མཇེད་སྟོན་པ་དེ། །ཐུགས་རྗེ་ཆེ་ལྡན་མཆོག་ཡིན་དེར་བརྟེན་ནས། །དེ་ལས་ལྷག་པས་བསོད་ནམས་ཆེར་བསྐྱེད་དོ།།ཞེས་གསུངས་པ་ལྟར་རོ། །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་གི་བོན་རིན་པོ་ཆེ་ནི་མཁའ་མཉམ་རིགས་དྲུག་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་བསྐྱབས་ནས་ཕན་པ་དང་བདེ་ཆེན་ལ་འགོད་པའི་ཐབས་མཆོག་ཚང་ལ་མ་ནོར་ཡང་དག་པ་ཡིན་ཏེ། འདི་ལྟར་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་ཀྱང་བསྡུ་ན་བཀའ་འཁོར་རིམ་པ་གསུམ་གྱི་ཁོངས་སུ་འདུ་བར་གསུངས་ཏེ། དེ་ཡང་ཐོག་མར་སེམས་ཅན་རྣམས་ལ། གནས་སྐབས་སུ་མི་མཐུན་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་འཛོམས་ཤིང་དགའ་བདེ་བསྐྱེད་ཕྱིར་དུ་བསྟན་པ་ཀུན་རྫོབ་ཤས་ཆེ་བ་རྒྱུ་ཡི་ཐེག་པ་བཞི་དང་། ཐར་ལམ་དངོས་བསྟན་གྱི་བོན་ཟབ་མོ་འབྲས་བུའི་ཐེག་པ་ལྔ་དང་བཅས་ཐེག་པ་རིམ་དགུ་དང་། བར་དུ་བདེན་གཉིས་དོ་མཉམ་དུ་བསྟན་པའི་བོན་སྒོ་བཞི་མཛོད་དང་ལྔ། ཐ་མར་དོན་དམ་ཤས་ཆེར་བསྟན་པའི་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་ཀྱི་བོན་སྡེ་དང་གསུམ་བཅས་བཀའ་གསང་བ་བསམ་གྱིས་མི་ཁྱབ་པ་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་ཞེས་མཚན་སྙན་ལྷ་ཀླུ་མི་ཡུལ་ཀུན་ལ་ཁྱབ་པའོ། །དེང་དུས་ལ་མཚོན་ན་རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་པ་མཁས་དབང་མང་པོ་ཞིག་གིས་ཞང་ཞུང་གི་ཤེས་རིག་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་ནི་ལོ་རྒྱུས་ཧ་ཅང་རིང་ལ་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ཕུན་སུམ་ཚོགས་པ་འཛམ་གླིང་ཤེས་རིག་ནང་གི་སྔ་ཤོས་རིག་གཞུང་རྣམས་ཀྱི་གཞི་རྩ་ལྟ་བུ་ཡིན་ཚུལ་དང་གདེང་འཇོག་མཐོན་པོ་བྱས་དང་བྱེད་མུས་ཡིན་ཚུལ་ང་རང་ལྟ་བུས་ཕྱོགས་ཙམ་ལས་མི་ཤེས་ནའང་ཁྱེད་ན་གཞོན་ཚོ་ཡིས་ཞིབ་གསལ་ཤེས་ཀྱིན་ཡོད་པ་ལྟར་རོ། །
   དེ་ཕྱིར་ང་ཚོ་བོན་པོ་ཚང་མ་༧སྟོན་གཙོ་གཤེན་རྒྱལ་མཆོག་གི་རྗེས་འཇུག་སྟེ་གཤེན་རྒྱལ་སྟོན་པའི་བཀའ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་པོ་ཡིན་ཞིང་དེ་དོན་སྒྲུབ་པའི་འགན་ཁུར་མཁན་ཡིན། འཛིན་སྐྱོང་སྤེལ་ཚུལ་མཁྱེན་ལྡན་རྣམས་ལ་ཞུ་མི་དགོས་མོད། ཕལ་བ་རྣམས་ལ་སྐབས་དོན་དབང་གིས་སེམས་ལ་ཡོད་པ་ཅུང་ཞིག་ཞུ་ན། བོན་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་ཐབས་མང་པོ་གསུངས་པ་རྣམས་བསྡུ་ན། འཁོར་ལོ་གསུམ་དང་བཤད་སྒྲུབ་ཀྱི་བྱ་བ་གཉིས་སུ་འདུ་བར་གསུངས། འཁོར་ལོ་གསུམ་དང་འཆད་ཉན་སྒོམ་སྒྲུབ་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་བ་ནི། དེང་དུས་ལ་མཚོན་ན། བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས། བསྟན་པ་རྣམ་གསུམ་རྗེས་བཞག་དང་ལྷ་ཁང་གསས་ཁང་བཞེངས་བསྐྲུན་ནི་དབྱར་མཚོ་འཕྱུར་བའི་དཔལ་ལ་འགྲན་བཞིན་ཡོད། འཁོར་ལོ་ཕྱི་མ་གཉིས་དང་བཤད་སྒྲུབ་ཀྱི་བྱ་བ་ཡང་ཡུལ་ཕྱོགས་ཕལ་ཆེ་བར་ཡར་ངོའི་ཟླ་བ་ལྟར་ཡིན་པས། དད་སྤྲོ་འཕེལ་བའི་རྐྱེན་བཟང་ཡིན། ད་དུང་རང་རེ་བོན་གཤེན་ཀུན་གྱིས་གོམ་གང་མདུན་སྤོས་དང་དད་བརྩོན་གྱི་ཤུགས་བསྐྱེད་དེ་ཅི་ནུས་ཀྱིས་བསྟན་པ་ལ་སྲི་ཞུ་དང་འགྲོ་བ་སེམས་ཅན་ལ་ཕན་པ་བསྒྲུབ་དགོས་ཏེ། རང་རེ་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པས་སྟོན་པའི་བཀའ་འམ་བོན་རིན་པོ་ཆེ་ཉམས་སུ་བླངས་ནས་འཛིན་སྐྱོང་སྤེལ་ཨེ་ཐུབ་བལྟ་དགོས། ཡང་རང་རེ་དགེ་འདུན་པ་ནི། ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁོངས་སུ་འདུ་བས་ན། འགྲོ་བ་སེམས་ཅན་ལ་འདི་ཕྱིར་ཕན་པའི་བྱ་བ་བཟང་པོ་བསྒྲུབ་ཨེ་ཐུབ་བལྟ་དགོས་འདུག སེམས་ཅན་ལ་ཕན་པ་སྒྲུབ་ཐབས་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན་ལ། དེ་ལས་ཐར་བའི་ཐབས་མཆོག་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་ལས་བསྟན་ཡོད་པས་ན་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་རིན་པོ་ཆེ་ཉམས་སུ་བླང་དགོས་ཏེ། ཇི་སྐད་དུ། སྐྱབས་བསླུ་བ་མེད་པ་སྐྱབས་གནས་དཀོན་མཆོག ནོར་བསླུ་བ་མེད་པ་དགེ་སྦྱོར་རྣམ་དག གྲོགས་བསླུ་བ་མེད་པ་རང་སེམས་སངས་རྒྱས། མ་གཏོགས་གཞན་སུ་དང་གང་གིས་ཕན་པ་མེད་དེ། ཞེས་གསུངས་པས་ན། རང་རེ་དགེ་འདུན་པ་རྣམས་ནི་དགེ་བའི་བྱ་བ་སྒྲུབ་པ་པོ་ཡིན་པས། དགེ་སྤྱོད་ལ་འབད་དགོས་ཏེ། ངེས་འབྱུང་གི་བསམ་པ་ལ་བརྟེན་ནས་སེར་ལུས་བླངས་པ་དོན་ཡོད་དང་བསྟན་དང་མཇལ་བ་དོན་ལྡན་བྱ་འདོད་ཀྱིས་བསླུ་མེད་གཏན་གྱི་སྐྱབས་གནས་དམ་པ་དཀོན་མཆོག་གནས་བཞིའམ་དཀོན་མཆོག་གསུམ་ལ་དད་མོས་གུས་པས་སྐྱབས་སུ་བཙལ་ཞིང་། ངན་སོང་འཁོར་བའི་རྒྱུ་ཉོན་མོངས་པ་དང་ལས་མི་དགེ་སྡིག་པ་སྤང་། ཐར་བའི་རྒྱུ་ངེས་འབྱུང་དང་བྱང་ཆུབ་སེམས་ལ་རྒྱུད་སྦྱང་བ་དང་རྣམ་དཀར་དགེ་བའི་ལས་རྣམས་སྒོ་གསུམ་གྱིས་སྒྲུབ་ཅིང་གསོག་པ་ལ་རྒྱུན་དུ་འབད་དགོས། དེ་ལ་འདིར་བཤད་བྱའི་གཙོ་བོ་དགེ་སྤྱོད་ཀྱི་ནང་གསེས་ངག་གི་དགེ་སྤྱོད་ཁ་ཏོན་བཟླས་བརྗོད་བྱ་བའི་སྐོར་ཡིན་ལ། དེ་ནི་བསྟན་པ་འཛིན་སྐྱོང་སྤེལ་བྱེད་ཀྱང་ཡིན་ཏེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། འཆད་ཉན་ཀློག་འདོན་སྒོམ་སྒྲུབ་ཀྱི་བྱ་བ་ནི་བསྟན་པ་འཛིན་སྐྱོང་སྤེལ་བྱེད་ཡིན་པར་མ་ཟད། རྟོགས་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་ཐབས་ཡིན་པའི་ཕྱིར་ཏེ། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ། བསྙེན་སྒྲུབ་ལས་གསུམ་སོགས་ཀྱི་དགེ་སྤྱོད་ཉམས་སུ་བླངས་པ་ལ་བརྟེན་ནས། བསླབ་པ་རིན་པོ་ཆེ་གསུམ་དང་། བསྐྱེད་རྫོགས་ཟུང་འཇུག ཡང་དག་པའི་ལྟ་སྒོམ་ས་ལམ་གྱི་ཡོན་ཏན་སོགས་རྟོགས་པའི་བསྟན་པ་རིན་པོ་ཆེ་དར་བར་འགྱུར་ལ། རྟོགས་པའི་བསྟན་པ་རིན་པོ་ཆེ་དར་ན་བསྟན་པ་དངོས་དར་བ་ཡིན་ལ། གཞན་དུ་ན་བསྟན་པའི་ཆ་རྐྱེན་ཡིན་ཞེས་གསུངས། གོང་ལྟར་གྱི་འཆད་ཉན་དང་སྒོམ་སྒྲུབ་བྱེད་པ་དེ་དག་གི་ཆ་རྐྱེན་ལྟ་བུར་ངག་གིས་བཀའ་ལུང་གི་ཚིག་སྐྱོར་སྦྱང་དང་བཟླས་བརྗོད་ཀློག་འདོན་བྱ་བ་ནི་ངག་གི་དགེ་སྤྱོད་དེ་མེད་ཐབས་མེད་ཅིང་གལ་ཆེ་བ་ཡིན་འདུག ངག་གི་དགེ་སྤྱོད་བཟླས་བརྗོད་ཀློག་འདོན་བྱ་བ་འདི་ནི། བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་བསླབ་བྱ་དང་། ཐེག་ཆེན་གྱི་འཇུག་སྒོ་སྨོན་འཇུག་གསེམས་བསྐྱེད་ལས་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱའི་གྲས་ཡིན་ལ། མདོ་ལུགས་སུ་དགེ་བསྙེན་ཐེག་པ་ལྟར་དགེ་སྤྱོད་བཅུ་ཡི་ཡ་གྱལ་དང་། དྲང་དོན་ལྟར་ན་དགེ་སྤྱོད་བཅོ་ལྔའི་ནང་གསེས་ཡིན་ལ། གསང་སྔགས་ལ་རྩ་བའི་དམ་ཚིག་ལྔའི་གྲས་སུ་ཡོད་པར་མ་ཟད། ཡི་དམ་གྱི་བསྙེན་པ་མང་དུ་བཟླ་བ་དང་ཆོ་ག་རྣམས་གྱེར་དབྱངས་དང་བཅས་ཏེ་འདོན་དགོས་པ་ཤེས་གསལ་ལོ། །བཀའ་མདོ་རྒྱུད་དང་བསྙེན་འཛབ་སོགས་ཀློག་འདོན་བྱ་ཚུལ་ལ་ཡང་། རབ་ཆུ་བོའི་རྒྱུན་ལྟ་བུར་འདོན་པ་དང་། འབྲིང་བརྒྱ་སྟོང་ཁྲི་འབུམ་སོགས་འདོན་པ་དང་། ཐ་མས་དུས་བཟང་ལྟ་བུ་ལ་བཟླས་བརྗོད་བྱ་བ་དང་། བཟླ་ལུགས་དངོས་ལ། གྱེར་གདངས་དབྱངས་སམ་འདོན་རྟ་གང་ཡིན་ལྟར་འདོན་པ་སྟེ། སྣང་གཤེན་ཐེག་པ་ལས། སྐད་གཅོང་བརྒྱད་དམ་དགུར་གསུངས་པ་ལྟར་ལ། ཤར་འདོན་དང་ཤུབ་བུར་བཟླ་བ་སོགས་གསུངས། ཡང་དྲང་སྲོང་ཐེག་པའི་མདོ་ལས།   བདེ་བར་གཤེགས་པའི་བཀའ་རྒྱུད་ལ། །ཆུ་རྒྱུན་སྐབས་མེད་ཀློག་པ་དང་། །དྲོ་དང་སྐབས་ཅིག་ཀློག་པ་དང་། །ཚར་དང་གྲངས་སུ་ཀློག་པ་དང་། །སྲོད་དང་ཐོ་རངས་ཀློག་པ་དང་། །དུས་དྲུག་ནར་མར་ཀློག་པར་བྱ། །ངག་ཀྱང་ཞི་ལ་གསུང་ཡང་སྙན། །ཞེས་གསུངས། མི་ནུབ་མཚན་མདོ་ལས།  བདེ་བར་གཤེགས་པའི་མཚན་བརྗོད་པ་འདི་དག་ནི་རིན་པོ་ཆེ་སྣ་ལྔ་དང་།བཱེེཌྲུརྱའི་སྣག་ཚས་བྲིས་ནས།ཡོངས་སུ་འཛིན་པ་དང་།འཆང་བ་དང་།ཀློག་པ་དང་།ནར་མར་འདོན་པ་དང་།ཁ་ཏོན་དུ་འདོན་པ་དང་། དྲོ་སྐབས་གཅིག་ཏུ་འདོན་པ་དང་།ཆུ་རྒྱུན་སྐབས་མེད་འདོན་པ་དང་།ཉ་གསུམ་དང་བརྒྱད་སྟོང་ལ་སོགས་སུ་ཀློག་ཅིང་། ཞེས་པ་ནས། བསྐལ་པར་བསགས་པའི་བག་ཆགས་དང་སྒྲིབ་པ་བྱང་ཞིང་།ཐར་པ་རིན་པོ་ཆེ་རྒྱུད་གྱི་འབྲས་བུ་ཐོབ་པར་འགྱུར་རོ།།ཞེས་སོགས་གསུངས་ལ། གསུང་རབ་ཀློག་འདོན་བྱེད་པ་ནི། ཐོག་མེད་དུས་ནས་ངག་གིས་བསགས་པའི་སྡིག་སྒྲིབ་རྣམས་ངག་གིས་སྦྱོང་བར་བྱེད་པ་དང་། ངག་གིས་དགེ་བའི་ཚོགས་བསགས་ནས་ངག་ལ་ནུས་པ་འབར་བ་དང་། ངག་གསུང་དུ་འགྲུབ་བྱེད་ཡིན་པས་ངག་གི་དགེ་སྤྱོད་ལ་འབད་དགོས། ཁྱད་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཀློག་འདོན་བྱ་དགོས་ཚུལ་ནི་མདོ་སྡེ་དང་འབུམ་སྡེ་སོགས་མང་པོ་ནས་གསུངས་ཡོད་པ་དཔེ་མཚོན་ཙམ་བཀོད་ན། མི་ནུབ་མཚན་མདོ་ལས། བདེ་བར་གཤེགས་པའི་མཚན་བརྗོད་པ་འདི་དག་གི་དོན་ལ་མོས་པར་བྱའོ།།དད་པར་བྱའོ།།འདུན་པར་བྱའོ།།མཆོད་པར་བྱའོ།།བརྗོད་པར་བྱའོ། །འབྲི་བར་བྱའོ།།འཆང་བར་བྱའོ།།ཀློག་པར་བྱའོ།།བཀུར་སྟིར་བྱའོ།།ཕུད་དུད་དུ་བྱའོ།།ནན་ཏན་དུ་བྱའོ། །གཞན་དག་ལ་ཡང་དག་པར་སྟོན་པར་བྱའོ།།བཀའ་ཡི་འཁོར་ལོ་རྒྱ་ཆེན་བསྐོར་བར་བྱའོ།ཞེས་དང་། །ཡང་པང་ཀོང་ན་རག་སྒྲིབ་སྦྱང་གི་མདོ་ལས། གཡུང་དྲུང་སྙིང་པོའི་ཐུགས་བཅུད། པང་ཀོང་རྒྱལ་པོ་ན་རག་སྒྲིབ་པ་སྦྱང་བའི་མདོ་དང་། གཟུངས་ཀྱི་ཡི་གེ་བརྒྱ་རྩ་གཅིག་པ་འདི་དག་ནི། འཛིན་པར་བྱའོ། ། འཆང་བར་བྱའོ། ། བཀླག་པར་བྱའོ། ། ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །ཞེས་པ་ནས། བདག་གིས་ཀྱང་ཡོངས་སུ་སྤྱད་པར་བྱའོ། །གཞན་ལ་ཡང་དག་པར་བསྐུལ་བར་བྱའོ། །ཞེས་གསུངས།
   ཡང་མདོ་སྔགས་ཀྱི་ཆོ་ག་རྣམས་སུ་སྔགས་བཟླ་བ་དང་ཕྱག་རྒྱ་བསྒྱུར་བ་རྫས་བསགས་པ་དང་། ཚིག་བཤད་འདོན་པ་ཏིང་འཛིན་སྒོམ་པ་དང་ལྔ་རེ་ཡོད་པ། དཔེར་ན་མི་སོགས་ལ་ཡན་ལག་ལྔ་དང་དབང་པོ་ལྔ་ཚང་ན་ལེགས་པ་ལྟར་ཏེ། མཚམས་བཅད་ལྟ་བུ་ལའང་དེ་ལྔ་ཚང་དགོས་པ་ནི། སྐྱེ་སྒོ་གཅོད་མདོ་ལས། བར་དུ་གཅོད་པའི་དགེ་བྱེད་ཀུན། །གནས་འདིར་འདུག་པའི་ས་མེད་ཀྱི། །ས་ས་སོ་སོར་ལ་འུར་བྱེར། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཕྱག་རྒྱ་བསྒྱུར་བ་སྐུ་ཡི་ནུས་མཐུ་དང་། སྙིང་པོ་བརྗོད་པ་གསུང་གི་ནུས་མཐུ་དང་། །ཏིང་འཛིན་བསྒོམས་པ་ཐུགས་ཀྱི་ནུས་མཐུ་དང་། །ཡོ་བྱད་བསགས་པ་རྒྱུ་ཡི་ནུས་མཐུ་དང་། དོན་དམ་བདེན་པ་བཀའ་ཡི་ནུས་མཐུ་ཡིས། །བགེགས་རྣམས་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། ཞེས་གསུངས། ཕྱག་འཚལ་བ་དང་སྐྱབས་སུ་འགྲོ་བ་དང་སེམས་མཆོག་བསྐྱེད་པ་ནི་དགེ་སྤྱོད་ཀུན་གྱི་སྔོན་འགྲོ་དང་གཞི་རྩ་ལྟ་བུ་ཡིན་ན་ཡང་། ངག་གིས་ཚིག་བཤད་བརྗོད་དགོས་ཏེ། མདོ་ཡན་ལག་བརྒྱད་པ་ལས། བདེ་བར་གཤེགས་པའི་བསྟོད་པ་དབྱངས་རྣམ་དང་། ངག་སྙན་དབྱངས་ཀྱི་གདུང་བ་སྣ་ཚོགས་པས། །བདེ་བར་གཤེགས་པའི་ཡོན་ཏན་བརྗོད་བྱས་ཏེ། །ངག་གིས་དབྱངས་དྲུག་བསྟོད་དེ་ཕྱག་འཚལ་ལོ། །ཞེས་དང་། བསྟོད་ཕྱག་ལས། ངག་གིས་དབྱངས་བགྱིས་བསྟོད་ཚིག་དབྱངས་དང་བཅས། །ཞེས་སོགས་གསུངས་པ་མང་དུ་ཡོད། སེམས་བསྐྱེད་ནི་ཡིད་ཀྱི་དགེ་སྤྱོད་ཡིན་ཡང་། ཚིག་བཤད་བརྗོད་དེ་གསལ་འདེབས་བྱ་དགོས་ལ། མཆོད་པ་གང་ཞིག་འབུལ་ན་ཡང་ཚིག་བཤད་བརྗོད་དགོས། ཡང་ཆོ་ག་གང་ཡིན་གྱི་བསྙེན་འཛབ་དང་ཚིག་བཤད་རྣམས་གྱེར་དབྱངས་དང་འདོན་རྟ་གང་ཡིན་དེ་ལྟར་སྐད་དབྱངས་ཀྱིས་བཏོན་ན་ལྷ་མིའི་བར་དུ་བརྡ་འཕྲོད་བྱེད་དང་ཐུགས་མཉེས་བྱེད་མཆོད་པའི་རྫས་ཡིན་ཏེ། སྐྱེ་སྒོ་གཅོད་མདོ་ལས། སྐུ་གསུམ་གདུལ་བྱའི་ཞིང་ཁམས་ནས། །ཕྱག་རྒྱ་སྙིང་པོ་ཚིག་བཤད་དང་། ཏིང་འཛིན་སྟོངས་ཀྱི་མཆོད་པ་འབུལ། ཞེས་པ་ནས་། །ཚངས་པའི་དབྱངས་ཀྱིས་བརྡ་སྤྲད་ནས། །དད་པའི་སྟོབས་ཀྱིས་འབུལ་ལགས་ཀྱིས། ཞེས་དང་། རྣམ་རྒྱལ་ལས། སྙན་པའི་སྒྲ་དང་ལྡན་པ་ཡི། རྔ་གཤང་དུང་གླིང་འཛབ་དབྱངས་དང་། ཞེས་དང་། གཞན་ཡང་མཁྱེན་གསོལ་ལས། སྙིང་པོ་དབྱངས་ཀྱིས་ཐུགས་དམ་བསྐང་།  །ངག་གི་ཆག་ཉམས་སྐང་གྱུར་ཅིག །ཞེས་གསུངས་པ་སོགས་དང་། གཞན་ཡང་ཆོ་ག་གང་ཡིན་གྱི་བསྙེན་འཛབ་རྣམས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླ་བ་དང་། འགོ་མཇུག་ཏུ་དབྱངས་ལ་གྱེར་ནས་འཛབ་མཆོད་འབུལ་དགོས་པ་དང་། གཞན་ཡང་མདོ་འབུམ་གཟུངས་སོགས་འུར་འདོན་བྱ་དགོས་ལ། མདོ་སྔགས་ཀྱི་ཆོ་གའི་གཞུང་བསྲང་བ་ལ་འདོན་འགྲིགས་ལྟར་ཆོ་ག་རྣམས་གྱེར་དབྱངས་དང་འདོན་རྟ་ལ་བརྟེན་ནས་འདོན་དགོས་པ་སོགས་ངག་གི་དགེ་སྤྱོད་འདི་ནི་ཀུན་ལ་ཁྱབ་ཆེ་བ་ཞིག་གོ །དེ་ལྟར་བཟླས་བརྗོད་ཀློག་འདོན་བྱ་བ་འདི་ནི་ངག་གི་ཉེས་སྒྲིབ་ངག་གིས་སྦྱངས་ནས་ངག་གིས་བསོད་ནམས་ཀྱི་ཚོགས་བསགས་ནས་མཐར་ཐུག་སངས་རྒྱས་ཀྱི་གསུང་གི་ཡོན་ཏན་ཐོབ་པའི་ཐབས་མཆོག་ཡིན་པར་གསུངས་པ་ལྟར་རོ། །
   ཡང་ལུང་གི་བོན་བཀའ་དང་བཀའ་བརྟེན་ཀློག་འདོན་བཟླས་བརྗོད་བྱ་བ་དང་། ཐོས་བསམ་སྦྱང་བ། བཀའ་ཡི་དགོངས་པ་ལྟར་དགེ་སྒྲུབ་སྡིག་སྤང་བྱས་ནས་ཚུལ་ཁྲིམས་བསྲུང་བ་སོགས་བསླབ་པ་གསུམ་དང་བསྙེན་སྒྲུབ་དང་བསྐྱེད་རྫོགས་ལྟ་སྒོམ་སོགས་ཉམས་ལེན་བྱེད་པ་ནི། རྟོགས་པའི་བསྟན་པ་དར་བའི་ཉེར་ལེན་རྒྱལ་བ་མཉེས་པའི་མཆོད་པའམ་ལྷ་དང་སྲུང་མ་ཐུགས་དམ་སྐོང་བྱེད་མཆོད་པ་དམ་པ་ཡིན་ཚུལ་ནི། མཁྱེན་གསོལ་རྣམ་དག་ཆུ་རྒྱུན་ལས། བསྐང་བའི་དམ་རྫས་སྣ་ཚོགས་འདི། །ཚུལ་ཁྲིམས་ས་གཞི་ཝངས་སེ་ཝང་། །ཏིང་འཛིན་རི་བོ་ཟངས་སེ་ཟངས། ཤེས་རབ་དཔག་བསམ་ལྡེམས་སེ་ལྡེམ། །ཐོས་པའི་རྒྱ་མཚོ་མེ་རེ་རེ་། །བསམ་པའི་རྦ་རླབས་ཀྱིལ་ལི་ལི། །སྒོམ་རྟོགས་ནོར་བུ་སྤུངས་སེ་སྤུངས། །འཆད་པའི་འབྲུག་སྒྲ་ལྡི་རི་རི། །རྩོམ་པའི་གཡུ་བུན་ཐུ་ལུ་ལུ། །རྩོད་པའི་ཐོག་སྒྲ་ཆེམས་སེ་ཆེམས། །བསྐྱེད་པའི་སྐར་ཚོགས་ཁྲ་ལ་ལ། རྫོགས་པའི་གཞའ་འོད་ལམ་མེ་ལམ། ཟུང་འཇུག་ཉི་ཟླ་ལྷག་གེ་ལྷག །བསྙེན་པའི་སྤྲིན་དཔུང་འཐིབས་སེ་འཐིབ། །སྒྲུབ་པའི་ཆར་ཆེན་སིབས་སེ་སིབ། །ལས་སྦྱོར་ཀློག་དམར་འཁྱུགས་སེ་འཁྱུག །ལྟ་བའི་ཞུགས་མར་ཡ་ལ་ལ། །སྤྱོད་པའི་སྒྲ་སྙན་ཁྲོ་ལོ་ལོ། སྒོམ་པའི་དྲི་བསུང་ཆི་ལི་ལི། དམ་ཚིག་ཡོན་ཆབ་འཁྱིལ་ཏེ་འཁྱིལ། །འཕྲི༷ན་ལ༷ས་འཕན་དར་ལྷུབས་སེ་ལྷུབ། །གསལ་བའི་མེ་ཏོག་ཝལ་ཏེ་ཝལ། །བདེ་བའི་གར་སྟབས་ལོགས་སེ་ལོག། མི་རྟོག་གཏེར་ཆེན་ལྷུབས་སེ་ལྷུབ། །ཞེས་སོགས་གསུངས་པ་ལྟར་ལ། དེ་འདྲ་བསྐང་བཤགས་ཀྱི་ཆོ་ག་དུ་མ་ན་ཡང་གསུངས་ཡོད་དོ། །ཞར་བྱུང་ལ་སྐབས་འདིའི་འཕྲི༷ན་ལ༷ས་ཞེས་པ་ནི། སངས་རྒྱས་ཀྱི་མཛད་པ་འཕྲི༷ན་ལ༷ས་དང་། བཅོལ་བའི་འཕྲི༷ན་ལ༷ས་ཀྱི་དོན་མ་ཡིན་པར། གསང་སྔགས་ཀྱི་གཞི་དྲུག་གི་ནང་ཚན་གྱི་འཕྲི༷ན་ལ༷ས་ཡིན་ཏེ། རྒྱུད་ལས། གསང་སྔགས་ཀྱི་སྒོ་དབང་གིས་དབྱེ། གཞི་དམ་ཚིག་གིས་བཟུང་། ཁོག་ལྟ་བས་དབུབ། གཞུང་འཕྲི༷ན་ལ༷ས་ཀྱིས་བསྲང་། ཞེས་སོགས་གསུངས་པ་ལྟར། གཞུང་བསྲང་བ་ཞེས་ཆོ་ག་གང་ཡིན་འདོན་འགྲིག་ལྟར་དུ་གྱེར་དབྱངས་སམ་འདོན་རྟ་དང་བཅས་རིམ་བཞིན་རྫོགས་པར་འདོན་ཞིང་མཆོད་བསྟོད་བྱེད་པའི་དོན་ཏེ། དཔེར་ན། དབལ་ཕུར་བཤགས་པ་ལས། བསྙེན་སྒྲུབ་ཕྲི༷ན་ལ༷ས་ཚུལ་བཞིན་སྤྱོད་ན་ཡང་། །བསྒོམ་ཡུན་ཐུང་པས་ཁྲོ་བོའི་སྐུ་མ་གསལ། །འཛབ་ལ་གྲངས་ཉུང་མཆོད་པའི་རྫས་མ་འཚོགས་། །ཕྲི༷ན་ལ༷ས་འགལ་འཁྲུལ་བག་མེད་ཚུལ་དུ་སྤྱོད། །ཅེས་དང་། མཁྱེན་གསོལ་ལས། འཕྲི༷ན་ལ༷ས་ནོར་འཁྲུལ་བསྐང་ངོ་བཤགས། ཞེས་གསུངས་པ་སོགས་ཀྱི་དོན་དེའོ། །
ཀློག་འདོན་མ་བྱས་པའི་ཉེས་སྐྱོན།
   གསུང་རབ་རིན་པོ་ཆེ་བཟླས་བརྗོད་ཀློག་འདོན་མ་བྱས་ན་ཉེན་སྐྱོན་ཆེ་བ་ནི། དགེ་འདུན་པ་ཚང་མས་མཁྱེན་གསལ་ཡིན་པས་ཞུ་མི་དགོས་མོད། འོན་ཀྱང་ཅུང་ཙམ་ཞིག་དགེ་བསྐུལ་ཕྱིར་དུ་ཞུ་ན། བཟླས་བརྗོད་ལ་སོགས་དགེ་སྤྱོད་མི་ནུས་པའི་རྒྱུ་རྐྱེན་ནི། རང་རྒྱུད་ལ་ངེས་འབྱུང་དང་དད་མོས་ཆུང་བས་དགེ་སྤྱོད་ལ་རེ་འདུན་ཞན་པའམ། ཡང་ན་ཁྲིད་གདམས་ལས། ཕྱི་སྣང་བ་འདི་བསླུ་མཁས། ནང་རིག་པ་ནི་ཅོལ་ཆུང་། བར་རྣམ་རྟོག་ནི་དབྱེན་མཁས། ཞེས་གསུངས་པ་ལྟར་གྱུར་པའམ། ཡང་ན་སྐྱེ་སྒོ་གཅོད་པ་དང་མཁྱེན་གསོལ་སོགས་ལས་གསུངས་པ་ལྟར། གནས་ངན། དུས་ངན། གྲོགས་ངན། རྐྱེན་ངན་གང་རུང་གི་དབང་དུ་གྱུར་པ་ཡིན་ཤས་ཆེ། དཔེར་ན། དེང་དུས་རང་རེ་ལ། སྐུ་རྟེན་གསེར་སྐུ་སོགས་མང་ཙམ་དང་གསུང་རྟེན་གླེགས་བམ་སོགས་མང་པོ་ཡོད། ཀློག་འདོན་བཟླས་བརྗོད་བྱེད་ཤེས་ན་ཡང་། ཀློག་འདོན་དང་ཐོས་བསམ་སོགས་དགེ་སྤྱོད་བྱེད་མི་ནུས་པ་ནི། གོང་གི་རྐྱེན་གང་རུང་གི་དབང་དུ་ཤོར་བ་ཡིན་པས། རྐྱེན་ངན་ངོས་འཛིན་ཞིང་སྤང་བ་ལ་འབད་དགོས། སྤང་མ་ཐུབ་ན་དཔེ་ཆ་ཡོད་པ་དང་འདོན་ཤེས་པ་ཆུད་ཟོས་སུ་བཏང་བ་དང་། སེར་ལུས་བླངས་པ་དོན་མེད་སྟོང་ཟད་དུ་བཏང་བ་སོགས་ཀྱི་ཉེས་སྐྱོན་ཆེ་བ་ནི། མདོ་ལས། དལ་འབྱོར་ཐོབ་དུས་བྱང་ཆུབ་མ་བསྒྲུབ་ན། གཙང་མ་མི་ལུས་ཐོབ་པས་ཅི་ལ་ཕན།  རྒྱ་མཚོའི་འགྲམ་དུ་སྐོམ་ནས་ཤི་དང་མཚུངས། སྟོན་ཀའི་ལོ་ཏོག་གསེབ་ན་ལྟོགས་ནས་ཉལ་དང་འདྲ།  རིན་ཆེན་གླིང་དུ་ནོར་སྐལ་ཆད་དང་མཚུངས། ཞེས་དང་། སྐྱེ་སྒོ་གཅོད་མདོ་ལས། འདི་ལ་མ་སྤྱོད་མ་སྤེལ་ན་རིན་པོ་ཆེའི་གླིང་དུ་ས་རྡོ་བཏུས་པ་དང་འདྲའོ། །ཞེས་གསུངས་པ་སོགས་ངག་གི་དགེ་སྤྱོད་མ་བྱས་པའི་ཉེས་སྐྱོན་མང་ཞིང་། དགེ་སྤྱོད་བྱས་པའི་ཡོན་ཏན་གྱི་ནོར་སྐལ་བཟང་པོ་མི་ཐོབ། དགེ་སྦྱོད་མ་བྱས་པ་སོགས་ཀྱི་ཉེས་སྐྱོན་མང་བས་ན། ཉེས་སྐྱོན་རྣམས་ངོས་འཛིན་ཞིང་སྤང་བ་དང་། དགེ་འདུན་པའི་མིང་ཐོགས་པ་དོན་ལྡན་བྱ་ཕྱིར་དགེ་སྤྱོད་ལ་འབད་དགོས་ཏེ། མདོ་དྲི་མེད་ལས། བོན་ལ་ཤེས་པས་མི་ཆོག་སྒྲུབ་པ་བཅེས། ལམ་རྒྱུས་ཤེས་པས་མི་ཆོག་བགྲོད་པ་གཅེས། ཞེས་དང་། ཞལ་གདམས་ལས། ཟས་མཐོང་བས་མི་ཕན་ཟ་དགོས། བོན་ཤེས་པས་མི་ཆོག་བསྒྲུབ་དགོས། ཞེས་གསུངས་པ་ལྟར་རོ། །
ཀློག་འདོན་བྱས་པའི་ཕན་ཡོན།
   གཡུང་དྲུང་གི་བོན་རིན་པོ་ཆེ་བཟླས་བརྗོད་ཀློག་འདོན་ཅི་ཙམ་བྱས་པ་དེ་ཙམ་གྱི་ཕན་ཡོན་ཡོད་ཚུལ་བཀའ་ལུང་ཀུན་ལས་རྒྱ་ཆེར་གསུངས་པ་ལས་ཤེས་པར་འགྱུར་ལ། དཔེར་ན། རང་རེས་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱེད་སྐབས་སུ་རྒྱ་ཆེ་བ་དང་མང་པོ་ཞིག་ཤེས་ཐུབ་པའོ། །ཡང་ཀློག་པ་པོའི་གོ་རྟོགས་མཐོ་དམན་དང་སེམས་བསྐྱེད་དང་ཀུན་སློང་དག་མ་དག་དང་རྒྱ་ཆེ་ཆུང་། བཟླས་བརྗོད་ལ་ཆད་ལྷག་དང་ནོར་འཁྲུལ་ཡོད་མེད། གྲངས་མང་ཉུང་། དུས་ཀྱི་ཁྱད་པར་འགྱུར་ཆེ་ཆུང་སོགས་ཀྱི་རྐྱེན་དབང་གིས་ཕན་ཡོན་ཆེ་ཆུང་མ་ངེས་ཅི་རིགས་འབྱུང་བར་གསུངས། ཀློག་འདོན་གང་ཡིན་གྱི་དོན་འབྲས་སམ་ཕན་ཡོན་འགའ་རེ་གོང་དུ་ཀློག་འདོན་བྱ་དགོས་ཚུལ་བཤད་པའི་ཞོར་དུ་ཤེས་པར་འགྱུར་ལ། འདིར་མཚོན་བྱེད་ཙམ་དུ་ལུང་ཚིག་འགའ་རེ་བྲི་ན། གཡུང་དྲུང་སེམས་དཔའི་ལྟུང་བ་བཤགས་པའི་མདོ་ལས། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་མདོ་སྡེ་དམ་པ་གཡུང་དྲུང་སེམས་དཔའི་སྒྲིབ་བྱང་འདི་ཉིད་ཉན་པ་དང་། འཆང་པ་དང་།  བསྒྲུབ་པ་དང་། མོས་པ་དང་། འདྲི་བ་དང་། ཀླག་པར་བྱེད་པ་དེ་ནི་ཚེ་རབས་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་བྱང་ནས་ཐར་པ་རིན་པོ་ཆེའི་རྒྱུན་གྱི་ལམ་ལ་ཞུགས་པར་འགྱུར་རོ། །ཞེས་དང་། སྲིད་པ་བདེ་འགྲོའི་འཕྱོངས་ལས། ཡི་དྭགས་གུ་གུ་ཧ་ཞེས་བྱ་བ་དང་། དམྱལ་བ་མེ་ལྕེ་ཅན་ཞེས་བྱ་བ་དང་། དུད་འགྲོ་ཧ་ལི་པ་ཏ་ཞེས་བྱ་བས་བོན་གྱི་སྒྲ་ཙམ་ཐོས་ནས་ཐར་པ་ཐོབ་བོ། །ཞེས་དང་། འཁྲུངས་ས་ཉེར་གསུམ་སྨོན་ལམ་ལས། མི་དང་དུད་འགྲོའི་ལུས་འཕོས་མ་ཐག་ཏུ་རྣ་ལམ་དུ་གསལ་བར་སྒྲོག་ན། ཐོས་མ་ཐག་ཏུ་དྲན་པ་གསལ་ཞིང་འཇིགས་སྐྲག་དང་འདར་སྔངས་མེད་པར་བར་དོ་རྣམས་གྲོལ་བར་ཐེ་ཚོམ་མེད། ཅེས་དང་། སྐྱེ་སྒོ་གཅོད་པ་ལས་ཕན་ཡོན་མང་དུ་གསུངས་པའི་མཐར། འདི་མཐོང་ངམ་ཐོས་པས་ཀྱང་། རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་འདྲའོ། མ་སྤྱོད་མ་སྤེལ་ན། རིན་པོ་ཆེའི་གླིང་དུ་ས་རྡོ་བཏུས་པ་དང་འདྲའོ། ཞེས་དང་། འཕྲུལ་གྱི་ཡི་གེར་བསྟོད་པའི་མདོ་ལས། ལྐུགས་པ་ཁ་འབྱེད་འཕྲུལ་གྱི་དུམ་བུ་ངག །མ་རིག་མུན་སེལ་སྒྲོན་མེ་གསལ་བ་སྟེ། །སྟོན་པའི་གསུང་མཆོག་གྲགས་པའི་ཡང་རབ་ལྷ། ཞེས་དང་། ལེགས་འབྱོར་བཀྲ་ཤིས་འཕྲུལ་གྱི་ཡི་གེ་ནི། །རྣམ་གྲངས་མི་འགྱུར་དོན་རྣམས་ཀུན་སྟོན་བྱེད། །བྲི་ལེགས་མདངས་ལྡན་ནོར་བུའི་ཕྲེང་བ་དགོད། །ཀློག་པའི་ཁོང་ནས་སྣ་ཚོགས་དོན་རྣམས་སྟོན། ཞེས་དང། མདོ་ལས། བོན་གྱི་སྒྲ་སྒྲོག་བོན་གྱི་སྦྱིན་པའི་མཆོག ཅེས་དང་། བཀླག་དང་བསྒྲགས་པའི་བསྟན་པ་ཡིས། ཁམས་གསུམ་དོང་སྤྲུགས་བདེར་འགོད་ཅིང་། མངོན་པར་རྫོགས་པའི་སངས་རྒྱས་ཀྱི། ཞིང་ནས་ཞིང་དུ་བགྲོད་པར་ཤོག ཅེས་དང་། བྱམས་མའི་སྔགས་བསྟོད་ལས། འདི་བཀླགས་བོན་རྣམས་རྫོགས་པར་འགྱུར་ཏེ། ཕན་ཡོན་བསམ་མཐའ་ཡས་པ་ཐོབ་བོ། །ཞེས་གསུངས། གཟུངས་ཀྱི་རྒྱལ་པོ་ཡི་གེ་བརྒྱ་བ་བཀླགས་པའི་ཕན་ཡོན་མང་པོ་གསུངས་ཡོད་པ་འདིར་ཡིག་ཚོགས་ཅུང་མང་དོགས་ནས་མ་དྲངས་སོ། མདོར་ན་བཀའ་རིན་པོ་རྣམས་ཀློག་འདོན་བྱས་ན་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་ཡོན་ཆེ་ཚུལ་ནི། བྱམས་མའི་བསྟོད་ཕྱག་ལས། ཉི་ཤུ་རྩ་གཅིག་བསྟོད་པ་འདི་དག །བརྒྱ་སྟོང་ཁྲི་འབུམ་གྲངས་སུ་བརྗོད་པས། །ངན་འགྲོའི་འཇིགས་པ་མ་ལུས་སྐྱོབ་ཅིང་། །ནད་དང་དུག་དང་མཚོན་གྱིས་མི་ཚུགས། །བྱད་དང་ཕ་རོལ་རྦོད་གཏོང་ཟློག་བྱེད། །ཚེ་དང་དབང་ཐང་དཔལ་དང་བསོད་ནམས། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ་ཅིང་། །འཇིགས་པ་ཐམས་ཅད་སྒྲོལ་བ་ཉིད་དོ། །ཚེ་འདིར་བསམ་པའི་དོན་རྣམས་འགྲུབ་ཅིང་། །ཕྱི་མར་བདེ་བ་ཅན་གྱི་ཞིང་དུ། །མྱ་ངན་མེད་པའི་དཔལ་དང་རབ་ལྡན། །ཐམས་ཅད་ལྷ་མོའི་སྐུ་རུ་སངས་རྒྱས། །མྱུར་དུ་འཐོབ་པར་བྱེད་པ་ཉིད་དོ། །ཞེས་གསུངས་པ་ལྟར་རོ།།
རྒྱལ་ཟླ་བ་ཞེས་པའི་གསལ་བཤད།
   རྒྱ༷ལ་ཟླ༷་བ༷་ཞེས་པ་ཡོངས་གྲགས་ཀྱི་ཐ་སྙད་མིན་པས་ཅུང་ཟད་ཧ་མི་གོ་བ་འདྲ་བས། འདིར་སྐབས་དོན་ཉེར་མཁོ་ཡིན་པས་གསལ་བཤད་ཅུང་ཟད་བྱ་བ་ལ། རྒྱ༷ལ་ཟེར་བ་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ཚན་རྒྱ༷ལ་ཞེས་པ་དེ་ཡི་ན། དེ་ལ་རྒྱལ་སྟོད་ན༷བས་སོ༷་དང་རྒྱལ་སྨད་རྒྱ༷ལ་ཁོ་རང་ཡིན་ལ། རྒྱུ་སྐར་དེ་གཉིས་བཀྲ་ཤིས་དགེ་མཚན་ཆེ་བ་ནི། ཁྲོ་བོ་དབང་ཆེན་གྱི་ལས་མཐའི་སྐོར་ལས། ན༷བས་སོ་སྟོང་ཁམས་དབང་དུ་སྡུད། རྒྱ༷ལ་ནི་བཀྲ་ཤིས་གཡུང་དྲུང་གདན། ཞེས་གསུངས་པ་ལྟར་ལ། ཞིབ་པར་རྩིས་གཞུང་ན་གསལ། ལོ་འཁོར་གཅིག་གི་ཟླ་བ་བཅུ་གཉིས་ལ་ཉ༷་སྐ༷ར་བཅུ་གཉིས་ཡོད། ཟླ་བ་ཉ༷་རྒྱ༷ས་ཞེས་པ་ཟླ་བ་རེ་རེའི་ཚེས་གྲངས་བཅོ་ལྔའི་ཉིན་ལ་ནམ་མཁའི་ཟླ་བ་ཉ༷་གང་བའམ་ཉ༷་རྒྱས་པ་ཞེས་ཆ་ཤས་བཅོ་ལྔ་ལྷག་ཙམ་དེ་ཡོངས་སུ་རྫོགས་ཤིང་ཟླུམ་གོར་མེ་ལོང་ངོས་ལྟ་བུ་ཡིན་དུས་ལ་ཟེར། ཉ༷་སྐ༷ར་ཞེས་པ་ཚེས་ལྔའི་དགོང་མོར་ཟླ་བ་ཉ་རྒྱས་པ་དེ་ཤར་ཕྱོགས་ནས་འཆར་བ་དང་འགྲོགས་པའི་རེས་གྲོགས་སྐ༷ར་མ་མཆུ་དབོ་ནག་པ་སོགས་ནས། སྨིན་དྲུག་མགོ་རྒྱལ་དང་བཅས་བཅུ་གཉིས་པོ་ལ་ཉ༷་སྐར་ཟེར། དེ་ཕྱིར་ཉ༷་སྐར་གང་ཡིན་དེའི་མིང་ཟླ་བ་དེ་ལ་སྦྱར་བ་སྟེ། མཆུ༷་ཟླ༷་བ༷། དབོ༷་ཟླ༷་བ༷། ས༷་ག༷་ཟླ༷་བ༷་རྒྱ༷ལ་ཟླ༷་བ༷་ཞེས་པ་སོགས་ཟེར་རོ། སྤྱིར་རྒྱུ་སྐར་རྣམས་ཉིན་རེ་བཞིན་ནམ་མཁའི་གོ་ལ་འཁོར་བ་ལ་བརྟེན་ནས་འཁོར་བཞིན་ཡོད་པས་ཚེས་གྲངས་འདྲ་མིན་ལ་ཁེལ་ནའང་། ཚེས་བཅོ་ལྔ་ལ་འཁེལ་བ་ནི་གོང་གི་ཉ༷་སྐ༷ར་རྣམས་ཡིན། དེ་ཕྱིར་ལོ་ངོ་གཅིག་ལ་བཅོ་ལྔའི་ཉ་སྐར་རྒྱ༷ལ་ལ་འཁེལ་དུས་ཉིན་གཅིག་མ་གཏོགས་མེད། ཉིན་དེ་ནི་བདག་ཅག་གི་༧གཤེན་རྒྱལ་སྟོན་གཙོ་སྐུ་སྐྱེ་བ་བཞེས་པའི་དུས་ཆེན་ཡིན་ཚུལ་ནི། མདོ་དྲི་མེད་གཟི་བརྗིད་ཀྱི་སྐྱེ་བ་བཞེས་པའི་ལེའུ་ལས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་སྙིང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་པ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་ཀྱི་རུ་གོང་ལ་སྐུ་བལྟམས། ཞེས་གསུངས་ལ། མདོ་གཟེར་མིག་ལས་ཀྱང་དེ་ལྟར་གསུངས་སོ། རྒྱ༷ལ་ཟླ༷་བ༷་དེ་ཟླ་གྲངས་གང་ཞིག་ལ་འཁེལ་ཟེར་ན། དེ་ནི་ཟླ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས་མི་མཐུན་ཏེ། གོང་གི་མདོ་ལུང་ལྟར་ན། རྒྱ༷ལ་ཟླ༷་བ༷་ནི་ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ཞེས་ཟླ་བ་དང་པོའམ་ལོ་འགོ་ཡིན། དུས་འཁོར་ལྟར་གྱི་བོད་རྩིས་དང་དེང་དུས་རྒྱ་རྩིས་ཀྱི་དགུན་ཟླ་ཐ་མའམ་ཟླ་བ་བཅུ་གཉིས་པ་སྟེ་ལོ་མཇུག་ཡིན། ཡང་རྒྱ་རྩིས་རྙིང་མ་སོགས་འགའ་ཞིག་གིས་དཔྱིད་ཟླ་འབྲིང་པོར་བཞེད་པས་ངོས་འཛིན་ལུགས་མི་འདྲ། འོན་ཀྱང་རྒྱ༷ལ་ཟླ་བ་གཅིག་མ་གཏོགས་མེད་པས་ན། རྒྱ༷ལ་ཟླ་བ་ཞེས་ཟེར་ནས་ངོས་འཛིན་བྱས་ན་ནོར་འཁྲུལ་མེད་ཅིང་གཅིག་མཐུན་ཡོང་བའོ། །རྒྱ༷ལ་ཟླ༷་བ༷་དེའི་ཚེ༷ས་བཅོ༷་ལྔ༷་ནི། ༧སྟོན་གཙོ་མཆོག་གི་འཁྲུངས་ཉིན་ཡིན་པ་ནི་གོང་གསལ་ལྟར་རོ། ཡང་རྒྱ༷ལ་ཟླ་བའི་ཚེས་གྲངས་བཅུ་བཞི་བཅོ་ལྔ་ནི་སྔོན་གསས་ཁང་དཀར་ནག་བཀྲ་གསལ་དུ། ༧གཤེན་རྒྱལ་སྟོན་པས་བསྟན་པ་རྣམ་གསུམ་རྗེས་བཞག་དང་མངའ་དབུལ་རབ་གནས་མཛད་པའི་དུས་ཆེན་ཡིན་པ་མདོ་གཡུང་དྲུང་ཀློང་རྒྱས་ན་གསལ་བལྟར་རོ། དེ་ལྟར་རྒྱ༷ལ་ཟླ༷་བ༷་ཞེས་པ་སོགས་ཉ་སྐར་རམ་ཚེས་བཅོ་ལྔའི་རེས་གྲོགས་སྐར་མ་རྣམས། རྒྱ་རྩིས་ཀྱི་ལོ་ཐོ་ན་མི་གསལ། དུས་འཁོར་སྐར་རྩིས་ན་ཞིབ་གསལ་ཡིན་པས། དེང་དུས་ཀྱི་ལྷ་སའི་ལོ་ཐོ་སོགས་ན་གསལ་བས་དེ་ལ་བསྟུན་ན་ཉ་སྐར་གང་ཡིན་ཐད་ལ་འབབ་འདུག་པས་དེར་གཟིགས་པར་འཚལ། མདོ་དོན་བསྡུ་བ། དེ་ལྟར་རྒྱལ་ཟླ་བའི་ཚེས་བཅུ་བཞི་བཅོ་ལྔ་ནི། ༧སྟོན་པ་སངས་རྒྱས་ཀྱི་མཛད་ཆེན་གཉིས་ཀྱི་དུས་བཟང་ངམ་དུས་ཆེན་ཡིན་ལ། དེ་ཉིན་ལ་འབུམ་འགྱུར་དུ་མ་ཡོད་པ་གསུངས་པས་དུས་ཆེན་གསུམ་འཛོམས་ཟེར་ནའང་རུང་། དུས་དེ་ནི་རང་རེ་བོན་པོ་ཚང་གི་དུས་ཆེན་ཁྱད་པར་བ་ཡིན་འདུག་པས་དོན་མེད་སྟོང་ཟད་དུ་མི་གཏོང་བར་དགེ་སྤྱོད་ལ་འབད་པ་གལ་ཆེ་སྟེ། གོང་བཤད་ལྟར་གྱི་དུས་བཟང་དེ་ལ་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱ་བ་དེ་ལ་རྟེན་འབྲེལ་གྱི་གནད་ཆེན་པོ་ཡང་ཡོད་པའི་ཕྱིར་ན། བོན་དགོན་འགའ་རེ་ཙམ་མ་ཡིན་པར་བོན་དགོན་ཡོངས་རྫོགས་མཉམ་འབྲེལ་གཅིག་མཐུན་བྱས་ནས་དུས་ཐོག་གཅིག་ལ་༧སྟོན་པ་སངས་རྒྱས་ཀྱི་བཀའ་རིན་པོ་ཆེ་དག་གསལ་དུ་ཀློག་འདོན་མཛད་ན་ཧ་ཅང་དགེ་མཚན་རྣམ་པར་བཀྲ་བའི་བསྐལ་བཟང་ཤར་བ་ཡིན་ལ། བཀའ་འགྱུར་ཚོགས་པ་ཚུགས་པའི་གྲུབ་འབྲས་བཟང་ཞིང་རྒྱ་ཆེའང་ཡིན་ལ། ༧གཤེན་རྒྱལ་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་རིན་པོ་ཆེ་ཉམས་སུ་བླངས་པ་དང་། སྟོན་པའི་བསྟན་པ་དང་ཞང་ཞུང་གི་ཤེས་རིག་འཛིན་སྐྱོང་སྤེལ་བར་བྱས་པ་དང་། རྒྱལ་བ་མཉེས་པའི་མཆོད་སྤྲིན་ཆེན་པོ་ཕུལ་བར་བྱས་པ། བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་ལེགས་པར་བསྟར་པ་བཅས་ཡིན་པས། རབ་ཏུ་ངོ་མཚར་ཆེ་བ་དང་ཕན་ཡོན་དཔག་ཏུ་མེད་པ་མཆིས་པ་ནི་བཀའ་ལུང་རྣམས་ལས་གསུངས་པ་ལྟར་རོ། དེ་ཕྱིར་གཤེན་བསྟན་འཛིན་པ་ཡོད་དོ་ཅོག་གིས་ཐུགས་དབྱིངས་བཅང་ནས་བོན་སྤྱོད་རྒྱ་ཆེར་སྒྲུབ་པའི་བཀའ་དྲིན་ཤིན་ཏུ་ཆེ་བར་ཞུ་ཞུ་ཞུ། ཡང་༧སྟོན་པ་སངས་རྒྱས་ཀྱིས་བཀའ་འཁོར་བསྐོར་བའི་དུས་ཆེན་འགའ་དང་། བདེ་ཆེན་དབྱིངས་སུ་གཤེགས་པའི་དུས་ཆེན་སོགས་ལའང་ས་གནས་སོ་སོའི་བཀའ་འགྱུར་ཚོགས་པས་ཐུགས་མཉམ་བཟུང་ནས་གང་མང་ཅི་མང་གང་ཐུབ་ཅི་ཐུབ་ཀྱིས་༧བཀའ་འགྱུར་ཀློག་འདོན་མཛད་པ་སོགས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་བར་ཞུ་ཞུ། གཞན་དད་ལྡན་སྦྱིན་བདག་སོགས་ཀྱི་སྒྲིབ་སྦྱོང་ཚོགས་གསོག་དང་། རྐྱེན་སེལ་རིམ་གྲོའམ་ཚེ་འདས་ཀྱི་དོན་དུ། ༧བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱ་དགོས་ནའང་འབྱོར་བ་དང་བསྟུན་ཏེ། བཀའ་འགྱུར་ཚོགས་པ་གཅིག་གམ་གཉིས་གསུམ་སོགས་ལ་ཡར་ཞུ་དང་མཉམ་འབྲེལ་བྱས་ན་སྟབས་བདེ་བྱ་སླའི་སྒོ་ནས་འདོན་ཐུབ་བམ་སྙམ། ཞེས་ཞར་བྱུང་དུ་ཞུས་པའོ། །མདོར་ན་སྔར་ལོ་ཤས་རིང་ལ། བོན་བསྟན་སྤྱི་ལ་ཐུགས་ཁུར་དང་བཀའ་དྲིན་གཞལ་དུ་མེད་པའི་སྐྱེས་ཆེན་དམ་པ་འགའ་རེ་དང་། བོན་བསྟན་ལ་ཞབས་འདེགས་བླ་ན་མེད་པ་ཞུ་མཁན་ཡོན་བདག་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་དང་དཀའ་སྤྱད་འབད་བརྩོན་གྱིས། ༧བཀའ་འགྱུར་རིན་པོ་ཆེའི་དཔེ་ཆ་གླེགས་བམ་དང་དཔེ་དེབ་ཆེས་མང་པོ་ཞིག་སྔ་ཕྱིར་དཔར་བསྐྲུན་རྗེས་བཞག་གནང་ཡོད་པ་དང་། ཉེ་ཆར་རང་རྒྱལ་གྱི་ཏང་དང་རྒྱལ་ཁབ་ཀྱིས་གཡུང་དྲུང་བོན་གྱི་བཀའ་འགྱུར་ནི་ལོ་རྒྱུས་ཧ་ཅང་རིང་ཞིང་ནང་དོན་ཤིན་ཏུ་རྒྱ་ཆེ་བ་དང་ཕུན་སུམ་ཚོགས་པ་ཡིན་པའི་རྒྱུས་ལོན་བྱས་པར་བརྟེན་ནས་ཀྲུང་ཧཱ་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཞེས་པའི་གདེང་འཇོག་མཛད་ཅིང་མཚན་སྙན་གནང་བར་མ་ཟད་། དཔེ་དེབ་དཔར་བསྐྲུན་ལ་རོགས་སྐྱོར་ཆེན་པོ་གནང་བྱུང་བ་བཅས་ལ། རང་རེ་རྣམས་ཀྱིས་དགའ་བསུ་ཞུ་ཞིང་ཡི་རངས་དབུལ་བ་དང་། དྲིན་ཆེན་རྣམས་ཀྱི་དྲིན་ལན་འཇལ་བ་དང་། བསྟན་དང་འགྲོ་བ་ཡོངས་ལ་ཕན་པའི་ཕྱིར་དུ། བོན་གྱི་བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་དང་འཆད་ཉན་སྒོམ་སྒྲུབ་བྱ་རྒྱུ་ནི་ང་ཚོ་བོན་པོ་ཚང་མའི་འོས་འགན་ཡིན། འོས་འགན་སྒྲུབ་ཐུབ་ན་དཔེ་ཆ་མང་བ་ལ་དོན་འབྲས་ཡོད་པ། བསྟན་པ་འཛིན་སྐྱོང་བྱས་པ། དགེ་སྤྱོད་ཆེན་པོ་འགྲུབ་པ། དྲིན་ལན་བསབས་པ་བཅས་ཀྱི་དོན་ཆེན་མང་པོ་འགྲུབ་སོང་བར་མ་ཟད། རྒྱལ་བ་མཉེས་པའི་མཆོད་སྤྲིན་དམ་པ་ཡིན་ལ། གོང་རིམ་རྣམ་པ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་སྤྱན་ལམ་དུ་མཛེས་ཤིང་ཐུགས་ལ་ནས་པས་ཡི་རངས་ཀྱང་བྱེད་པར་འགྱུར་བས། ཇི་སྐད་དུ། དགའ་བ་ཐམས་ཅད་དགེ་བ་ཡིན། ཟེར་བ་ལྟར་ཡིན་པས་སླར་ཡང་རྣམ་དཀར་ལེགས་ཚོགས་ཀྱི་དོན་བཟང་ཞིག་ང་ཚོས་བསྒྲུབས་སོང་བ་ཡིན་པས། དེ་ལྟར་ན་རང་རེ་ཚང་མ་གཟི་བརྗིད་ཆེ་བ་དང་། གྲགས་སྙན་རྒྱས་པ། དགེ་མཚན་ལྡན་པ་ཞིག་དང་། འདི་ཕྱི་གཉིས་ཀར་ཕན་པའི་ཡོན་ཏན་མཛད་མེད་ཀྱི་གཏེར་མཛོད་འཆང་བ་པོ་སྟེ། དབུལ་པོ་ཕྱུག་པོར་གྱུར་བ་ལྟ་བུ་ཡིན་པས་ཤིན་ཏུ་ལེགས་སོ། །རྨད་དུ་བྱུང་ངོ་། །བཀྲ་ཤིས་པ་ལགས་སོ། །
   སྔར་མཚོ་སྔོན་དུང་དཀར་དགོན་དུ་ཚོགས་འདུ་འཚོགས་དུས་སུ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཙོ་འཛིན་ཁྱེད་རྣམ་པའི་ཕྱག་ཏུ། རྒྱལ་ཟླའི་དུས་ཆེན་ལ་༧བཀའ་འགྱུར་རིན་པོ་ཆེ་ཀློག་འདོན་བྱ་རྒྱུ་ཡང་བསྐྱར་ཞུ་རྟེན་དུ་སྒོར་སུམ་ཁྲི་ཕུལ་བ་དེ། ད་སྐབས༧བཀའ་འགྱུར་ཚོགས་པ་འཛུགས་གཉེར་གྱི་ལས་དོན་སྒྲུབ་བྱེད་ཀྱི་ཐེབས་རྩའམ་གྲོན་དངུལ་ཚུལ་དུ་ཕུལ་བ་ཡིན་ལགས། ཁྱེད་རྣམ་པ་ཚོས་བེད་སྤྱོད་མཛད་པར་ཞུ། ཞེས་པའི་ཞུ་ཡིག་མི་རྒན་གྱི་ཉོག་གཏམ་འདི་ནི་བོན་རྒན་དྲི་མེད་འོད་ཟེར་མིང་བས་རབ་གནས་༡༧ལྕགས་བྱི་ལོའི་དགུན་དུས་སུ་བྲིས་ནས། ལྷན་ཚོགས་ཀྱི་གཙོ་ཁྲིད་རྣམ་པ་ཚོ་ལ་གུས་འདུད་བཀྲ་ཤིས་ལྷ་རྫས་དར་དཀར་དང་འོ་ཞོ་བཅས་ཕུལ་བའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།