འགྲོ་མགོན་ས་ལམ་དུ་གསལ་བའི་མཁས་པ་རྣམས་རེ་རེ་ནས་སུ་ཡིན་ངོས་བཟུང་བ།

[ཟླ་ཚེས། 2026-04-16 11:24:51][རྩོམ་པ་པོ། སྡེ་དགེ་བསྟན་འཛིན་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  འདིར་ས་ལམ་གྱི་གཞུང་ལ་བརྩོན་དང་བརྩོན་བཞིན་པའི་རིག་སྨྲ་སྐོར་ཞིག་གིས་འགྲོ་མགོན་ས་ལམ་དུ་གསུངས་པའི་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་བདག་ཉིད་ཆེན་པོ་གཉིས་མཁས་པ་གཅིག་ཏུ་ངོས་འཛིན་པ་དང་། གཞན་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞེས་པ་དེ་ཡང་བྲུ་སྟོན་ཉི་རྒྱལ་ལ་ངོས་འཛིན་མཁན་རེ་ཡོད་པ་ལས། རིམ་བཞིན་ལུགས་གཉིས་ཀ་རེ་རེ་ནས་མི་འཐད་པར་གཞུང་གི་རྒྱབ་རྟེན་དང་བཅས་བཤད་ན། དང་པོ། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་བདག་ཉིད་ཆེན་པོ་གཉིས་གཅིག་ཏུ་སྨྲ་བ་ཡོད་མོད། ཡིནའང་། དེ་གཉིས་མི་སྣ་གཅིག་མ་ཡིན་ཏེ། དང་པོ་རང་ལུགས་ལ་ས་ལམ་ནང་དུ་ལམ་གྱི་སྤྱི་ཡི་མཚན་ཉིད་དགག་བཞག་སྐབས། ཤ ༥༠ སྤྱི་མཚན་མི་འདོད་པའི་ལུགས་དགག འདོད་ཀྱང་འཁྲུལ་བའི་ལུགས་དགག ཕྱོགས་ཙམ་དོན་ལྡོག་ཡིན་ཡང་དགག་པའི་དོན་སྐབས་སུ། དང་པོ་རྨེའུ་དཔལ་དང་། གཉིས་པ་སྤ་སྟོན། གསུམ་པ་ལ་བདག་ཉིད་ཆེན་པོས་བགྲོད་པར་བྱེད་པ་ལ་བཞེད་པ་ཡང་མ་ཡིན་ཏེ། མ་བགྲོད་གནས་སུ་ཕྱིན་པ་ལ་མ་ཁྱབ་པ་དང་། འདོད་པ་ལ། མ་བགྲོད་གནས་སུ་ཕྱིན་པའི་འཁོར་བ་ཅི་ཡང་མེད་པའི་ལམ་ཞེས་གསུངས་སོ།། ཞེས་པའི་སྐབས་བདག་ཉིད་ཆེན་པོ་ཁ་ཅིག་གི་གྲས་སུ་བཞག་ཡོད་ལ། དེའི་འོག་ཏུ་རང་ལུགས་སུ་མཚན་ཉིད་འཇོག་སྐབས་རང་ལུགས་ལ་བློ་གྲོས་ཀྱི་བདག་ཉིད་ཀྱིས་ཕྱིན་པར་བྱེད་པ་ཞེས་གསུངས་པ་དེ་ཡིན་ནོ།། ཞེས་པས་བདག་ཉིད་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་གཉིས་མཁས་པ་མི་འདྲ་བ་ཞིག་ཡིན་པ་གཅིག་མི་འཐད་པ་བཀག་ནས་གཅིག་འཐད་པར་བསྒྲུབས་ཡོད་པས་ཀྱང་ར་སྤྲོད་བྱེད་ཐུབ་བོ།། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ 1134. ཤ ༢༨༢ བསྟན་རྩིས་ནོར་བུ་ཕྲེང་བ་ལྟར།

  གཉིས་པ། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དེ་ཡང་བྲུ་སྟོན་ཉི་རྒྱལ་མ་ཡིན་ཏེ། ས་ལམ་དུ་བདེན་གཉིས་ཀྱི་མཚན་ཉིད་འཇོག་སྐབས། ཤ ༡༢ རང་ལུགས་ནི་བློ་གྲོས་ཀྱི་བདག་ཉིད་ཆེན་པོས་ཡིན་ལུགས་དང་ལྡན་པ་ཞེས་གསུངས་ཡོད། ཁོང་གིས་མཛད་པའི་མཛོད་ལས། ཤ༤༩ བླ་མ་མེས་གསུངས་པ་ལྟར་ཡིན་ལུགས་ལྡན་པར་གསུངས། དེ་དང་རིགས་མཚུངས་སུ་ཁོང་གི་རྩ་རྒྱུད་བསེན་ཐུབ་ཀྱི་འགྲེལ་ལས། འདོད་ལུགས་མང་མོད་ཀྱི་འོན་ཀྱང་རེ་ཞིག་ཡིན་ལུགས་ལྡན་(གཡོར་མེ) པ་ལ་བྱེད་དེ་ཞེས་པའི་ཚིག་ཅིག་ཡོད། གོང་ལྟར་གུག་རྟགས་ནང་དུ་བཞག་ཡོད་ཀྱང་ཕལ་ཆེར་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞེས་པ་དེ་མེས་གསུངས་པ་ལྟར་ཞེས་པའི་མེ་ལ་ངོས་འཛིན་དགོས་པ་འདྲ་ཞིང་དེ་ཡང་དོན་དུ་གཡོར་པོ་མེ་དཔལ་ལ་ངོས་བཟུང་བྱས་ན་ཆོག་པ་ཞིག་རེད་སྙམ། གཞན་ཡང་རྒྱུ་མཚན་གཞན་ཞིག་གིས་དེ་གཉིས་མི་སྣ་སོ་སོ་ཡིན་པར་ངོ་སྤྲད་ན། བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་བློ་གྲོས་ཆེན་པོ་གཉིས་ཚིག་བསྡུས་བྱས་ནས་གྲུབ་པ་ཙམ་མིན་པ་དོན་ལ་ཁྱད་པར་ཡོད་དེ། འགྲོ་མགོན་ས་ལམ་ནང་དུ་ཐར་བའི་ལམ་བརྒྱད་ཀྱིས་སྤང་བྱ་སྤོང་ཚུལ་སྟོན་སྐབས་སུ། རིམ་པ་བཞིན་དུ་སྤོང་འགྱུར་རོ།། ཞེས་བློ་གྲོས་ཆེན་པོས་གསུངས་སོ།། ཞེས་པའི་ཚིག་དེ་འདྲ་བ་ཞིག་ཐོན་ཡོད། དེ་མཚུངས་སུ་རྗེའི་ས་ལམ་ནང་དུ་སློབ་དཔོན་ཉི་རྒྱལ་གྱིས་ཚིགས་སུ་བཅད་པར། ལྟ་བ་རྟོགས་པ་ངག་དང་ལས། །ཞེས་པ་ནས། རིམ་པ་བཞིན་དུ་སྤང་བར་འགྱུར། །ཞེས་གསུངས། རྗེའི་གབ་འགྲེལ་ལས་ཀྱང་། ཤ ༡༥ བློ་གྲོས་ཀྱི་གཏེར་ཆེན་ཉི་རྒྱལ་ཞེས་གསུངས་པས་འགྲོ་མགོན་ས་ལམ་ནང་དུ་གསལ་བའི་བློ་གྲོས་ཆེན་པོ་ཞེས་པ་དེ་ཡི་མཚན་དངོས་མ་གང་འདྲ་ཞིག་ཡིན་མིན་དེ་དག་གིས་གསལ་ཐུབ་པས་བློ་གྲོས་ཆེན་པོ་དང་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཁ་ཁར་ཡིན་པར་གསལ་ཐུབ།

  དེས་ན། ༡ བློ་གྲོས་ཀྱི་བདག་ཉིད་ཆེན་པོ་དང་། བསླབ་གསུམ་དབང་ཕྱུག་གམ་གཡོར་པོ་མེ་དཔལ་སོགས་མི་སྣ་གཅིག

  ༢ བདག་ཉིད་ཆེན་པོ་ཞེས་པ་དེ། བྲུ་རྗེ་གཡུང་དྲུང་བླ་མ། ༣བློ་གྲོས་ཆེན་པོའམ་བློ་གྲོས་ཀྱི་གཏེར་ཆེན། བྲུ་སྟོན་ཉི་རྒྱལ་སོགས་མཚན་མི་འདྲ་བ་ལས་དོན་དུ་བླ་མ་གཅིག

  དེ་ནས་ས་ལམ་དུ་གསལ་བའི་མཁས་པ་ལུང་རིགས་མངའ་བདག་ནི། གཡས་རུའི་སྟོན་པ་ནང་གི་དྲུག་པ་དེ་ཡིན་ཞིང་ཕྱི་ལོ1144འཁྲུངས། ཤ ༢༨༢ བསྟན་རྩིས་ནོར་བུ་ཕྲེང་བ་ལྟར། འགྲོ་མགོན་ས་ལམ་དུ་ཐེངས་༢༡ལྷག་དགག་ཡོད་པ་མཐོང་སོང་། དེའང་འགྲོ་མགོན་བློ་གྲོས་ཀྱིས་ཁོང་དགག་བཞག་བྱེད་སྐབས་སུ་མངའ་བདག་ན་རེ་ཞེས་པ་དང་ལུང་རིགས་ཀྱི་མངའ་བདག་གིས། གཉོས་ཀྱིས་ཞེས་པ་སོགས་མཚན་གྱི་འབོད་སྟངས་མི་འདྲ་བ་གང་མང་ཞིག་བྱས་ནས་དགག་བཞག་བྱས་ཡོད་ཀྱང་། དོན་དུ་མི་སྣ་གཅིག་ཡིན། དེ་ཡང་ཁོང་ལ་ལུང་རིགས་མངའ་བདག་གམ་གཉོས་ཚུལ་ཁྲིམས་རྒྱལ་མཚན་ཞེས་བཤད་སྒྲོས་ཡོད་དེ། རྗེའི་གབ་འགྲེལ་ལས་ཤ་༡༥ལུང་རིགས་ཀྱི་མངའ་བདག་གཉོས་རྒྱལ་ཞེས་གསུངས་པ་དང་། འགྲོ་མགོན་ས་ལམ་ལས་ཡུལ་ལ་ཉོན་མོངས་སྐྱེས་ན་སྒོམ་སྤང་ཡིན་ལ་འདི་ལྟ་བ་ལས་སྐྱེས་པས་མཐོང་སྤང་ཡིན་ཞེས་ལུང་རིགས་ཀྱི་མངའ་བདག་གིས་གསུངས་སོ་ཞེས་དང་། ད་དུང་ཁ་གསལ་ཞིག་ལ་སྐབས་གཉིས་པ་ལས། ཤ ༡༥༦ ཡུལ་ལ་སྒོམ་སྤང་ཡིན་ལ་འདིར་ལྟ་བ་ལ་སྐྱེས་པའི་མཐོང་སྤང་ཡིན་ཞེས་ལུང་རིགས་མངག་བདག་གཉོས་རྒྱལ་གྱིས་བཞེད་དོ།། ཞེས་པས་ཀྱང་། ལུང་རིགས་ཀྱི་མངའ་བདག་གཉོས་ཚུལ་ཁྲིམས་རྒྱལ་མཚན་ཡིན་པར་རྦད་ཀྱིས་བཅད་དེ་བཤད་ཆོག་ཀྱང་། དོགས་གཞི་གཞན་ཞིག་ལ་འགྲོ་མགོན་ས་ལམ་ནང་དུ་བདེན་པའི་མཚན་ཉིད་དགག་སྐབས་བླ་མ་ལུང་རིག་དབང་ཕྱུག་གིས་བློ་ངོར་གྲུབ་པ་བཞེད་པ་ཡང་མ་ཡིན་ཏེ་ཞེས་དགག་ཡོད། མཛོད་ལས་མངའ་བདག་གིས་བློ་ངོར་གྲུབ་པ་བཞེད་ཡོད་ལ། དེ་ཡང་ངོ་བོ་དང་ཁྱད་པར་ལ་བློ་འདས་མ་ཡིན་པ་དང་ཡིན་པའི་སྐྱོན་མེད་འདོད་ཀྱིན་ཡོད། ས་ལམ་ནང་དུ་བླ་མ་ལུང་རིག་དབང་ཕྱུག་གིས་ཀྱང་དེ་ལྟར་འདོད་ཡོད། ལར་བླ་མ་དེ་གཉིས་ཀས་དེ་ལྟར་འདོད་ན་སྐྱོན་མེད་མོད་ཀྱང་། དཀའ་ཁག་ཅིག་ལ་སྒ་སྟོན་གྱིས་ཁ་གསལ་དུ་མཁས་པ་གཉོས་རྒྱལ་གྱིས་གཡུང་དྲུང་སེམས་དཔའི་བློ་ངོར་གྲུབ་པ་བདེན་པའི་མཚན་ཉིད་འདོད་ཅིང་། བདེན་བཞི་གནས་སྐབས་བདེན་པ། བདེན་གཉིས་རང་བཞིན་བདེན་པ་འདོད་པར་བསྟན་ཡོད། མ་ཚད་མཁས་པ་གཉོས་རྒྱལ་གྱིས་བདེན་པ་ཞེས་པ་གཡུང་དྲུང་སེམས་དཔའི་བློ་ངོར་གྲུབ་པ་ལ་བཞག་ཡོད་པ་ས་ལམ་ལས་ཐེངས་མང་པོ་གསལ་བས་རང་ལ་དོགས་པ་ཞིག་ངང་གིས་སྐྱེས་བྱུང་།

  ༣ ལུང་རིགས་ཀྱི་དབང་ཕྱུག་ཅེས་པ་འགྲོ་མགོན་ས་ལམ་ལས་ལུང་རིགས་དབང་ཕྱུག་ཐེངས་2དགག་ཡོད། ལུང་རིགས་དབང་ཕྱུག་ཅེས་པའི་མཁས་པ་དེ་བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་དེ་ཡིན་སྙམ་སྟེ། རྗེའི་གབ་འགྲེལ་ལས། ཤ ༡༥ལུང་རིགས་ཀྱི་དབང་ཕྱུག་ཁྱུང་གི་རྒྱལ་མཚན་ཞེས་གསུངས། སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན། སྤྱིར་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་ཁ་ཉུང་ཡང་ཨ་ལགས་བོན་བརྒྱའི་རིས་མེད་བསྟན་རྩིས་ལས། སྤྱི་ལོ་997ལོར་ཡབ་བྲུ་ཆེན་དགུང་ལོ་བཅུ་དགུ་སོན་པའི་སྐབས་ལྕམ་ར་ཤག་བཟའ་ལ་བྲུ་ཤ་ཁྱུང་གི་རྒྱལ་མཚན་འཁྲུངས་ཞེས་གསལ་བས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གྱི་འཁྲུངས་ལོ་ཏག་ཏག་ཕྱི་ལོ་1016ལོར་ཁེལ་ཡོད། སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས་པར་གསུངས་པས་ཕྱི་ལོའི་དབང་དུ་བྱས་ན་1082ལ་ཁེལ་ཡོད།

  ཞུ་བཙུན་དགག་ཐེངས། 1 ཞུ་ཆེན་དགག་ཐེངས། 2 ཞུ་བཙུན་དང་ཞུ་ཆེན། ཞེས་པ་དེ་མཁས་པ་ཅི་འདྲ་ཞིག་ཡིན་མིན་སྤྱིར་བཏང་ཁ་གསལ་བོ་མེད་རུང་ཞུ་ཚང་གི་མཁས་པ་ཞུ་ཆེན་དང་། ཞུ་བཙུན། ཞུ་སྟོན། ཞུ་སྒྲོལ་བ་གཤེན་རྒྱལ། ཞུ་ཆེན་པོ། སོགས་ཀྱི་གསུང་རབ་སྐོར་མང་དུ་ཡོད་པ་གསལ་ཡང་ང་ཚོའི་བསོད་ནམས་དམན་པའི་ད་སྐབས་མཇལ་ཡུལ་དུ་མ་གྱུར་པས་ཡིད་ཕངས་ཞོར་ཞུ་བཙུན་ཞེས་པ་དེ་ཡང་སྙིང་སུ་ཡིན་མིན་སྨྲ་དཀའ་བ་ཞིག་རེད། འོན་ཀྱང་གཞུང་ལུགས་དང་བཤད་སྒྲོས་སོགས་ལ་བརྟགས་ན་ཞུ་བཙུན་ཞེས་པ་དང་ཞུ་ཆེན། ཞུ་རིན་ཆེན་འོད་ཟེར་རྣམས་མི་སྣ་གཅིག་ཡིན་པར་ཤོད་ཀྱིན་འདུག ཞུ་ཚང་གི་གདུང་རབས་རྣམ་ཐར་ལས། ཤ ༡༥ ཁོང་ལ་བཙུན་ཆུང་གི་དུས་སུ་དོན་ལྡན་ཟེར། བསྙེན་རྫོགས་ཀྱི་དུས་སུ་ཡེ་ཤེས་རིན་ཆེན་ཟེར། གདན་སའི་དུས་སུ་སངས་རྒྱས་ཞུ་ཆེན་ཟེར། ཡུལ་སྐད་ལ་ལར་སངས་རྒྱས་ཞུ་མོ་ཆེ་ཡང་ཟེར། ཞེས་གསུངས་པ་དང་། སྒ་སྟོན་གྱི་གཞི་ལམ་རྣམ་འབྱེད་ལས། ཤ ༤༥ ཞུ་ཡེ་ཤེས་རིན་ཆེན་གྱིས། བདེན་གཉིས་དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན། ཞེས་གསུངས་པ་དང་། འགྲོ་མགོན་ས་ལམ་དུ་ཞུ་ཆེན་ན་རེ་ཞེས་པ་གཉིས་གཅིག་ཏུ་ཁེལ་བར་མ་ཟད་ཞུ་ཆེན་ཞེས་པ་ཚིག་བསྡུས་བྱས་ནས་བྲིས་པ་ཞིག་ཡིན་སྲིད་སྙམ། དོན་དུ་མི་གཅིག་ལ་མིང་མི་འདྲ་བ་འགའ་རེ་བཏགས་པ་འདྲ། དེས་ན་ཞུ་བཙུན་ནམ། ཞུ་ཆེན་མོ། ཞུ་ཆེན་སོགས། དེ་ཡེ་ཤེས་རིན་ཆེན་ལ་ངོས་བཟུང་ན་འགྲིག་འདུག་སྙམ། ཁོང་གི་བསྟན་རྩིས་ནོར་བུ་ཕྲེང་བར་ལྟར་འཁྲུངས་ལོ། 1123 འདས་ལོ། 1164 དམིགས་གསལ་ཞུ་བྱ་ཞིག་ལ་ཁོང་ལ་ཞུ་ཆེན་ཞིག་འབོད་པ་ལས་ཞུ་ཆེན་པོ་ཞེས་མི་འབོད་དེ། ཁོང་གིས་མཛད་པའི་བྱང་སེམས་གབ་པ་དགུ་སྐོར་དུ། ཤ ༢༦ བཀའ་དང་བཀའ་བརྟེན་གྱི་མཚན་ཉིད་སྟོན་སྐབས་སུ་ཁ་ཅིག་དགག་པའི་གྲས་དེར་སྔོན་འབྱུང་བྲུ་ཞུ་ཆེན་པོ་གཉིས་ཞལ་མཐུན་པར། མཛད་མཁན་གྱི་ཁྱད་པར་ནས་འཇོག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངེས་པར་ཟད་པ། ཕ་རོལ་གཟིགས་པའི་གསུངས་པའི་བཀའ་ཡིན། སངས་རྒྱས་ཀྱི་གསུངས་པ་དེ་ལྗིང་སྦྲམ་པས། གྲུབ་པ་ཐོབ་པའི་སློབ་དཔོན་གྱིས་དེའི་དགོངས་དོན་བཀྲོལ་ནས་འགྲེལ་བའི་ཚུལ་དུ་གསུངས་པ་ནི་བཀའ་ལ་བརྟེན་པའམ་གསུངས་སྐད། སྨྱོན་སྟོན་བཞག ཅེས་དགག་ཡོད། དེ་དང་འདྲ་བ་འགྲོ་མགོན་མཛོད་ལས། ཤ ༡༥ བྲུ་ཆེན་ལས་སོགས་ཁ་ཅིག་ན་རེ། སངས་རྒྱས་ཉེས་པའི་དྲི་མ་ཟད་པས་གསུངས་པ་བཀའ་ལ། སེམས་དཔའ་དང་རྟོག་གེ་ཕལ་བས་མཛད་པ་བརྟེན་པ་གསུངས་ཏེ། གང་ཟག་སྦྱངས་བའི་འཕྲོ་ཅན་གྱི་གསུངས་པ་བརྟེན་པར་འགྱུར་བ་ལས་ཞེས་དགག་བཞག་སྐབས་སུ་བྲུ་ཆེན་ལས་སོགས་ཞེས་པའི་སོགས་ཁོངས་སུ་ཞུ་ཆེན་པོ་ཡང་བསྡུས་ཡོད་པར་སྣང་། དེ་ཡང་ཁ་གསལ་ཞིག་ལ་ཕར་ཕྱིན་མཐའ་དཔྱོད་ལས། ཤ༣༠ སློབ་དཔོན་བྲུ་ཞུ་གཉིས་ཀྱིས་བཟླས་པ་གོང་དུ་བཤད་མ་ཐག་པའི་བྱང་སེམས་གབ་པའི་ནང་དུ་ཚིག་ཇི་བཞིན་སྨྲས་ཡོད། འོག་ཏུ་ཞུ་སྒྲོལ་བ་གཤེན་རྒྱལ་གྱིས་ཀྱང་འདོད་པ་བཀག་ཡོད་པས་ཞུ་ཆེན་པོ་དང་ཞུ་ཆེན་གཉིས་གང་ཟག་མི་འདྲ་བ་གཉིས་ལ་ངོས་གཟུང་དགོས་པ་དང་འགྲོ་མཛོད་དུ་བྲུ་ཆེན་ལས་སོགས་ཞེས་པའི་སོགས་ཁོངས་སུའང་དེ་ལྟར་བསྡུས་པ་ཡིན་ནམ། ཞུ་ཆེན་པོ། འགྲོ་མགོན་ས་ལམ་དུ་དམིགས་གསལ་དགག་མེད་ཀྱང་ཞུ་ཆེན་པོ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། ཞུ་གཡས་ལེགས་པོ་1002/. 1053 ཤ ༥༢ བོན་བརྒྱའི་བསྟན་རྩིས་ལས་གསུངས་པའི་ཞུ་གཡས་ལེགས་པོ་ལ་ངོས་འཛིན་མི་དགོས་ཏེ་ཁོང་གི་མཚན་ལ་ཞུ་གཡས་ལེགས་པོ་འབོད་པ་ལས་ཞུ་ཆེན་པོ་ཟེར་སྲོལ་མེད་པར་སྣང་། འོན་ཀྱང་བརྟག་དགོས། དེས་ན་ཕལ་ཆེར་ཞུ་ཆེན་པོ་ཞེས་པ་དེ་ཞུ་ཡས་ལེགས་པོ་ལ་སྲས་ཞུ་སྐྱིད་མཁར་ཆེན་པོ་ཟེར་བ་ཞིག་ཡོད་པས་དེའི་སྲས་ཞུ་གཡས་སྐྱེ་སེ་ཆེན་པོ་ཞེས་པ་ཡོད་པ་དེ་ཨེ་ཡིན་སྙམ། བཤད་སྒྲོས་ལའང་དེ་ལྟར་ཤོད་སྲོལ་འགུ། ཞུ་གཡས་སྐྱེ་སེ་ཆེན་པོ་དང་། ཞུ་ཆེན་པོ་ཞེས་པའི་ཚིག་སྔ་གཞུག་གཉིས་བསྡུས་ནས་ཞུ་ཆེན་པོ་ཞེས་བྲིས་པ་ཞིག་ཡིན་ཀྱང་ཆོག ཁོང་། འཁྲུངས་ལོ། 1047. འདས་ལོ། 1137

  ཡིན་ཡང་དོགས་པ་ཞིག་ལ་འགྲོ་མགོན་ས་ལམ་དུ། ཤ་༡༥ཞུ་ཆེན་ན་རེ་བདེན་གཉིས་ངོ་བོ་གཅིག་པ་སྟེ། རྟོགས་མ་རྟོགས་ཀྱི་ཁྱད་པར་ལས་ཟེར་བ་མ་ཡིན་ཏེ་ཞེས་པ་དང་། སྒ་སྟོན་གཞི་ལམ་རྣམ་འབྱེད་ལས། ཤ༤༥ ཞུ་ཡེ་ཤེས་རིན་ཆེན་གྱིས་དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན་ཞེས་པའི་ཚིག་ཏག་ཏག་འདྲ་མོ་ཞིག་ང་ཚོས་མཐོང་ཡུལ་དུ་གྱུར་པའི་མཛོད་ཏྲིག་ཏུ་མི་གསལ། མཛོད་ཏྲིག་ཏུ་ཤ༢༣ བདེན་པ་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའམ་དབྱེར་མེད་ཀྱི་ཟུང་འཇུག་པ་ཙམ་གྱིས་ཐ་དད་ཡིན་ནོ།། ཞེས་གོང་གི་ས་ལམ་དུ་གསུངས་པའི་ཞུ་ཆེན་ཞེས་པ་དེ་ཡེ་ཤེས་རིན་ཆེན་ལ་ངོས་གཟུང་ན་མི་འགྲིག་པའི་སྣང་བའང་སྐྱེ་སྲིད། རེད་དེ། ས་ལམ་དུ་འབྲས་བུ་སྟོན་པའི་སྐབས་སུ་ཞུ་ཆེན་དགག་སྐབས། ཤ ༢༤༤ ཞུ་ཆེན་གྱིས་མི་མཁྱེན་ཏེ། དུས་གསུམ་རྟོག་པ་ཡིན་ལ། དོན་ལ་མ་གྲུབ་ཅིང་དེ་སེམས་ཅན་གྱིས་བཏགས་པ་ཡིན་ཏེ། གབ་པ་ལས། ཐོག་མ་མེད་པར་དུས་གསུམ་སེམས་ཀྱི་ངང་ལ་མཉམ། །ཞེས་གསུངས་པས་སོ།། གསུངས་པ་ཡང་མ་ཡིན་ཏེ། ཞེས་པའི་སྐབས་སླར་ཡང་ཞུ་ཆེན་ཟེར་བ་དེ་གཅིག་དགག་ཡོད། དེ་དུས་དགག་རྒྱུའི་ཚིག་དང་འདྲ་བོ་ཞིག་མཛོད་ཏྲིག་ཏུ་༣༣གསལ། འདི་འདྲ་ཞིག་སངས་རྒྱས་ལ་ནི་དུས་གསུམ་མེད་པ་ཡིན་ཏེ། འདི་ལྟར་སྣང་བ་ཐམས་ཅད་དུས་གཅིག་ཏུ་བཀྲ་ས་ལེར་མཁྱེན་ཞེས་གསུངས་པ་ཡིན་ནོ།། ཞེས་པ་དང་། སངས་རྒྱས་ཀྱི་ཐུགས་རང་བཞིན་གྱིས་དག་པ་ལ་དུས་གསུམ་གྱི་རྣམ་པ་ཤར་བ་ལ་དྲན་པར་བཏགས་པ་ཡིན་གྱི་ཡུལ་དང་ཡུལ་ཅན་ཡོད་པ་མ་ཡིན་ནོ།།ཞེས་པའི་ཚིག་དེ་གོང་དུ་འདྲ་བོ་འདུག་ཅིང་དོན་དུའང་གནད་ཅིག་ཏུ་ཁེལ། ཞུ་ཆེན་རང་གིས་མཛད་པའི་གབ་འགྲེལ་དུ་ཁྲོ་བོ་དབང་ཆེན་དེ་བཀའ་དང་བཀའ་རྟེན་ཡིན་མིན་རྩོད་སྤོང་སྐབས་སུ། ཤ༢༦ སྔོན་འབྱུང་གི་བྲུ་ཆེན་དང་ཞུ་ཆེན་ལས་ཁྱད་ཐོན་ཏེ་ཞེས་པའི་སྐབས་སུ་བྲུ་ཆེན་དང་ཞུ་ཆེན་ཞེས་པའི་ཐ་སྙད་ཅིག་བྱུང་ཡོད་པ་དང་། ས་ལམ་དུ་དགག་པའི་ཞུ་ཆེན་དང་མཛོད་ཏྲིག་མཛད་མཁན་སངས་རྒྱས་ཞུ་ཆེན་གཉིས་གཅིག་ཏུ་ཁེལ་ཡོད་པའང་ཏག་ཏག་སྙམ་མི་སྲིད་པ་ཞིག་མ་རེད། དོན་ངོ་མ་ཞུ་ཆེན་ཟེར་བ་དེ་གང་ལ་ངོས་འཛིན་དགོས་མིན་ད་རུང་ནན་གྱིས་ང་ཚོས་བརྟག་དགོས་པར་སེམས་སོ།།

  ཞུ་སྟོན། འགྲོ་མགོན་ས་ལམ་དུ་ཞུ་སྟོན་ཞེས་པ་ཐེངས་1་དགག་ཡོད། ཁོང་ནི་གདན་ས་ཞུ་ཚང་གི་བླ་མ་ཞིག་ཡིན་པ་སྨོས་མ་དགོས་ཞིག་པ་རེད། འོན་ཀྱང་། སྤྱིར་བཏང་ཞུ་སྟོན་ཞེས་པ་ཕྲན་གྱི་གཞིགས་ངོར་ཞུ་ཆེན་དང་ཞུ་ཆེན་པོ། ཞུ་བཙུན་སོགས་ལའང་ཞུ་སྟོན་ཞེས་འབོད་སྲོལ་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཞིག་སྐྱེ་ཆོག་ཀྱང་ངས་གཙུག་ལག་གནད་ཅན་ཞིག་ནས་དེ་འདྲ་སྨྲས་པ་རེག་མ་སོང་། ས་ལམ་དུ་གསལ་བའི་ཞུ་སྟོན་ཞེས་པ་དང་ཞུ་བཙུན་གཉིས་གང་ཟག་གཅིག་ལ་ངོས་བཟུང་ནས་དོན་དུ་ཞུ་རིན་ཆེན་འོད་ཅེས་པར་ངོས་འཛིན་མཁན་ཡོད་པའང་ཐོས་མྱོང་ཡོད། ཡིན་ནའང་། ཁོ་བོས་དེ་གཉིས་གང་ཟག་གཅིག་ཏུ་མི་ཁེལ་བ་དང་ས་ལམ་དུ་གསལ་བའི་ཞུ་སྟོན་དེ་ཕལ་ཆེར་ཞུ་སྐྱེ་སེ་ཆེན་པོའི་སྲས་ཀྱི་ནང་ཚན་ཞུ་སྒྲོལ་བ་གཤེན་རྒྱལ་ཞེས་པ་དེ་ཨེ་ཡིན་སྙམ། དེ་ལྟར་སྙམ་དགོས་པའང་རང་གང་འདོད་དུ་བཤད་པ་མ་ཡིན་པར་རྒན་གྱིས་ཁྲིད་རྒྱུན་ལའང་དེ་ལྟར་གསུངས་མྱོང་། མ་ཚད་རྗེའི་གབ་འགྲེལ་ལས། ཤ ༢༣ དེ་ལ་ཞུ་སྟོན་གཤེན་རྒྱལ་གྱི་ཞལ་ནས། དཀྱུས་ཚིག་དང་པོ་དང་། དཔེའི་རྩ་དང་། ལུང་དགུ་ནི་ཀུན་བཟང་གིས་གསུངས་པའི་བཀའ་ལ། སྐབས་དགུ་ལས་སོགས་ནི། ཀུན་བཟང་གིས་མ་གསུངས་པས་བརྟེན་པ་ཡིན་གསུངས་པས་སོ།། ཞེས་པར་བརྟགས་ན་ཁོང་ལ་ཞུ་སྟོན་ཞེས་མཚན་ནས་འབོད་སྲོལ་ཡོད་པའང་འདྲ། དེ་བས་ཞུ་སྟོན་སྒྲོལ་བ་གཤེན་རྒྱལ་ལ་ངོས་བཟུང་བྱས་ཡོད། ཞུ་སྒྲོལ་བ་གཤེན་རྒྱལ། འཁྲུངས། 1082 འདས་ལོ་མི་གསལ།

  ངོས་ཀྱི་བླ་མ། དྲི་མེད་སྤྱན་ལྡན། འཁྲུངས་ལོ། 1156 འདས་ལོ་མི་གསལ། ངོས་ཀྱི་འ་ཞ་བདུད་རྩི་རྒྱལ་མཚན་ཡིན་ཏེ་རྗེའི་གབ་འགྲེལ་ལས། ཤ༡༥ དྲི་མེད་སྤྱན་ལྡན་བདུད་རྩི་དང་། ཞེས་གསུངས་ཤིང་ཁོང་ནི་གཡས་རུའི་སྟོན་པ་བདུན་པ་དང་འགྲོ་མགོན་བློ་གྲོས་ཀྱི་ངོས་ཀྱི་བླ་མའང་ཡིན། ཁོང་ས་ལམ་དུ་ཐེངས་7དགག་ཡོད་ཅིང་རང་ལུགས་སུའང་ཐེངས་འགའ་རེར་བཞག་ཡོད། ཁོང་ལ་སྐབས་རེར་ངོས་ཀྱི་བླ་མ་དང་སྐབས་རེར་དྲི་མེད་སྤྱན་ལྡན་ནམ་འ་ཞ་བདུད་རྩི་རྒྱལ་མཚན་ཞེས་ཟེར་ཞིང་དེའང་ངོས་ཀྱི་བླ་མ་སྨྲས་དོན་འགྲོ་མགོན་བློ་གྲོས་ཁོང་གི་རྩ་བའི་བླ་མ་ཡིན་པས་དང་དྲི་མེད་སྤྱན་ལྡན་ནི་ཁོང་གི་མཚན་ངོ་མ་དང་། དེ་ཡང་འ་ཞ་བདུད་རྩི་རྒྱལ་མཚན་ཞེས་པའི་འ་ཞ་ཞེས་པ་རུས་མིང་ལས་ཐོགས་སྙམ། དཔེར་ན་གཡག་སྟོན་དང་རོང་སྟོན་ཟེར་བའང་འདྲ།

  རྨེའུ་དཔལ། 1052ཞེས་པ་ནི་མཁས་པ་དཔལ་ཆེན་ལ་ངོས་འཛིན་བྱས་ན་ཆོག་པ་ཞིག་ཡིན། ཁོང་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་ཡབ་ལྷ་རི་གཉན་པོ་དང་ཡུམ་འབྲམ་ཟ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༠༥༢ལོར་འཁྲུངས། དེ་བས་ཁོང་དང་རྨེའུ་ལྷ་རི་གཉན་པོ་ཡབ་སྲས་ཡིན་ཞིང་།(ཡབ་ལྷ་རི་གཉན་པོ་དང་སྲས་དཔལ་ཆེན་ཡིན།)འགྲོ་མགོན་གྱི་མཛོད་ནང་དུ་ཁོང་གཉིས་ཀ་དགག་བཞག་བྱེད་སྐབས་སུ་རྨེའུ་ཡབ་སྲས་ན་རེ་ཞེས་དགག་བཞག་ཤུགས་ཆེར་གནང་འདུག དེའང་དམིགས་བསལ་ས་ལམ་དུ་རྨེའུ་ཞེས་པ་གསུམ་ཙམ་མ་གཏོགས་དགག་མེད་ཅིང་། གཙོ་བོ་དཔལ་ཆེན་ནམ་རྨེའུ་དཔལ་ཞེས་ས་ལམ་དུ་ཐེངས་བཅུ་གཅིག་དགག་ཡོད། དེ་ཡང་རྨེའུ་ཞེས་པའམ་གུར་ཞོགས་པ། ཡོངས་གྲགས་སུ་ལྷ་རི་གཉན་པོ་དང་རྨེའུ་དཔལ་ཞེས་པ་མཁས་པ་དཔལ་ཆེན་ལ་ངོས་འཛིན་བྱེད་ཀྱིན་ཡོད། ས་ལམ་དུ་རྨེའུ་དཔལ་ཞེས་དགག་ཚིག་ཡོད་ཚད་ད་སྐབས་མཇལ་ཡུལ་དུ་གྱུར་པའི་ཁམས་ཆེན་གྱི་འགྲེལ་བའི་ནང་དུ་མི་འདུག དེ་བས་རྨེའུ་དཔལ་ཞེས་པ་མཁས་པ་དཔལ་ཆེན་ཡིན་མིན་བསམ་གཞིག་གཏང་དགོས་ལ། དགག་ཚིག་དེ་དག་ཁམས་འགྲེལ་ནང་དུ་མི་གསལ་རུང་ཁོང་གིས་གསུངས་པའི་གཞུང་ལག་ཏུ་མ་རེག་པར་ད་རུང་མང་དུ་ཡོད། ད་བར་མཇལ་སྐལ་དུ་མ་བྱུང་བའི་ཁོང་གིས་མཛད་པའི་ས་ལམ་གསལ་བའི་སྒྲོན་མ་ཞེས་པ་ཞིག་ཀྱང་ཁོང་གི་རྣམ་ཐར། ཤ ༡༠ ལས་ཡོད་པ་གསལ་བས་དེ་དག་ནང་དུའང་ཡོད་ཆོག་པས་རྨེའུ་དཔལ་ཞེས་པ་མཐའ་གཅིག་ཏུ་མཁས་པ་དཔལ་ཆེན་ལ་ངོས་བཟུང་ཡོད། འོན་ཀྱང་ཞོར་དུ་དོགས་པ་ཞིག་ལ་གུར་ཞོགས་པ་དེ་ནི་མཐའ་གཅིག་ཏུ་ལྷ་རི་གཉན་པོ་ལ་ངོས་འཛིན་བྱས་ན། དཀའ་ལས་ཤིག་ལ་གུར་ཞོགས་ཞེས་པ་ས་ཆའི་མྱིང་ཡིན་ཞིང་། དགོངས་མཛོད་རི་ཁྲོད་ཆེན་མོ་ལའང་གུར་ཞོགས་ཞེས་འབོད་པས་བརྟག་དགོས།

  སྤ་སྟོན་ཞེས་པ་ནི་ས་ལམ་དུ་ཐེངས་༨་དགག་ཡོད་ཀྱང་ནམ་ཞར་དགག་སྐབས་སུ་སྤ་སྟོན་ཞེས་གསུངས་པ་ལས་ཁ་གསལ་གཅིག་ཀྱང་བུད་མེད། འོན་ཀྱང་སྤ་སྟོན་ཞེས་པའི་དགག་གཞི་ཁ་ཅིག་དེ་གྲུབ་ཐོབ་སྤ་ཚང་གི་མཁས་པ་ཞིག་ཡིན་པར་བསྙད་མི་དགོས་པ་ཞིག་རེད། དཔེར་ན། དར་རྒྱས་གསལ་སྒྲོན་དུ། ཤ༡༧༤ སྤ་སྟོན་དཔལ་མཆོག་ལ་ཁྲོ་བོ་དབང་ཆེན་ལ་སོགས་གསང་སྔགས་ཀྱི་བཀའ་བབས་པས། དེང་སང་རྒྱལ་སྲས་སྤ་ཚང་དུ་གྲགས་པ་ལགས་སོ།། ཁོ་རང་གི་དབོན་པོ་སྤ་སྟོན་དར་མ་དཔལ། དེའི་སློབ་མ་སྤ་སྟོན་ཁྱུང་འབར་སོགས་མང་དུ་ཡོད་ཀྱང་། སྤྱིར་བཏང་ཁོང་རྣམ་པ་མཁས་ཤིང་གྲུབ་པ་ཡིན་ཡང་ཁྱད་པར་དུ་གསང་སྔགས་ཀྱི་བོན་ལ་མངའ་བརྙེས་པ་ངས་སྨོས་མི་དགོས་པ་ཞིག་སྟེ། དཔལ་ཚུལ་བསྟན་འབྱུང་ལས། ཤ༣༩༢ ཀུན་བཟང་བློ་གྲོས་ཀྱི་ཞང་བོད་ཀྱི་བསྟན་འབྱུང་སོགས་ལས། ཤ༣༧༤གསལ་བས་དམིགས་བསལ་ཞུ་མི་དགོས་པ་གྱིས། ད་ལན་ས་ལམ་དུ་གསལ་བའི་སྤ་སྟོན་ཞེས་པ་དེ་དཔལ་ཆེན་གྱི་སློབ་མ་སྤ་སྟོན་འོད་གསལ་རྒྱལ་མཚན་ལ་ངོས་བཟུང་ན་འཐུས་སྙམ་སྟེ། ཁོང་ནི་མཚན་ཉིད་མདོ་ཡི་ཕྱོགས་སུ་མཁས་པར་ཡིན་པར་དཔལ་ཆེན་པོའི་རྣམ་ཐར་ལས། ཤ༡༥ མཚན་ཉིད་ལ་མཁས་པ་སྤ་སྟོན་འོད་གསལ་ཞེས་པས་ར་སྤྲོད་ཐུབ། ས་ལམ་དུ་ཁ་ཅིག་གིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་རྟོགས་མ་རྟོགས་ལ་འདོད་པ་ཡིན་ཏེ། ཀུན་རྫོབ་སྐྱེ་འགག་བྱེད་པས་དོན་དམ་ཡང་སྐྱེ་འགག་བྱེད་ན་མི་རྟག་པར་འགྱུར་ལ། མི་བྱེད་ན་རྫས་མི་གཅིག་པར་འགྱུར་བ་ལས། གཅིག་ཏུ་འདོད་པ་བུད་དོ།། ཞེས་དེ་ལྟ་བུའི་ཚིག་ཅིག་ཐོན་ཡོད་ཀྱང་དེའི་ཁ་ཅིག་དེ་སུ་ཡིན་མིན་གསལ་ཁར་བསྟན་མེད། འོན་ཀྱང་སྒ་སྟོན་གཞི་ལམ་རྣམ་འབྱེད་དུ། ཤ༤༥སྤ་སྟོན་གྱིས་བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད། ཅེས་གསུངས་པས་གོང་གི་འགྲོ་མགོན་ས་ལམ་དུ་ཁ་ཅིག་དེ་སྤ་སྟོན་ཡིན་པར་གསལ་ཐུབ། རེད་དེ། རྒྱལ་མཚན་མཆོག་ལེགས་ཀྱི་ཡར་སྔོན་དུ་སྤ་སྟོན་ཞེས་པ་གང་ལ་ངོས་འཛིན་དགོས་པ་གསལ་མེད་པ་འདྲ་ཡང་། ཕྱིས་སུ་རྒྱལ་མཚན་མཆོག་ལེགས་ཀྱི་གཞི་ལམ་འབྲས་གསུམ་ལས། ཤ༢༣ མཁས་པའི་དབང་པོ་བླ་མ་འོད་གསལ་རྒྱལ་མཚན་གྱིས། བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པ་ནི་ལེགས་པའི་རྣམ་བཞག་གོ། ཞེས་སོགས་གསུངས་པས་འགྲོ་མགོན་ས་ལམ་དུ་གསལ་བའི་སྤ་སྟོན་ཞེས་པ་འོད་གསལ་རྒྱལ་མཚན་ལ་ངོས་བཟུང་བྱས་ཡོད། འོན་ཀྱང་ཞིབ་ཕྲས་བཤད་དཀའ།

  ཞང་ཞེས་པའི་མཁས་པ་ས་ལམ་དུ་ཐེངས་༢་ལྷག་དགག་ཡོད་ཅིང་། དེ་ནི་མཁས་པ་གང་འདྲ་ཡིན་མིན་ཐག་ཆོད་དཀའ་སྟེ་སྔ་རབས་སུ་ཞང་ཞེས་པའི་མཁས་གྲུབ་གཉིས་ལྡན་མང་པོ་ཡོད་པ། དཔེར་ན་ཨ་ཁྲིད་བརྒྱུད་པའི་བླ་མ་ཞང་དམ་པ་ཚུལ་ཤེས། ཞང་ཚུལ་ཁྲིམས་བློ་ལྡན། ཞང་བསོད་ནམས་རིན་ཆེན་སོགས་མང་པོ་ཡོད་འདུག དེའི་གྲལ་ནས་ཞང་བསོད་ནམས་རིན་ཆེན་ཞེས་པ་ཕལ་ཆེར་མིན་པ་ཤེས་ཐུབ་སྟེ་ཁོང་ནི་ཡོངས་གྲགས་སུ་སྒ་སྟོན་གྱི་སློབ་དཔོན་ཡིན་པས་འགྲོ་མགོན་དང་དུས་མཉམ་ཡིན་དཀའ། ཞང་དམ་པ་ཚུལ་ཤེས་ཞེས་པ་ནི་སྤྱིར་བཏང་མཁས་པ་ཞིག་ཡིན་ཀྱང་མཚན་ཉིད་མདོ་ཡི་ཕྱོགས་ལ་ཐུགས་བསམ་བཞེས་ཡོད་པ་གསལ་ཁ་མཐོང་མ་སོང་། མནོ་བསམ་ཞིག་བཏང་ན་ཕལ་ཆེར་མཁས་པ་དཔལ་ཆེན་གྱི་སློབ་མ་ཞང་ཚུལ་ཁྲིམས་བློ་ལྡན་ཟེར་བ་ཡིན་འདུག་སྙམ། ཁོང་ལ་སྐབས་འགར་བར་ཐང་ཞང་སྟོན་ཞིག་ཀྱང་ཟེར་སྲོལ་འདུག

  དོ་པ་ཞེས་པ་ནི་འགྲོ་མགོན་མར་སྟོན་རྒྱལ་ལེགས་1123སོགས་དང་དུས་མཉམ་ཡིན་པའི་རྟོགས་ལྡན་སྒོམ་ཆེན་འབར་བའི་སློབ་མ་དྲུག་གི་ནང་ཚན་ཞང་གནམ་མཚོའི་དོ་བ་ཞེས་པར་གོ་མཁན་ཡོད་མི་སྲིད་པ་ཞིག་མ་རེད། རྒྱུ་མཚན། དུས་ཚོད་ཀྱི་དབང་དུ་བྱས་ན་འགྲོ་མགོན་དང་དུས་མཉམ་ཡིན་ཞིང་། དགག་ནའང་ཆོག མཚན་ལའང་དོ་བ་ཞེས་གསལ། དེ་ལས་གཞན། ཟུར་ཆུང་ཤེས་རབ་གྲགས་པའི་སློབ་མ་སྒོམ་ཆེན་གཉིས་ཀྱི་ནང་གི་བོན་གྱི་དོ་པ་ཞེས་ཡོད་པའི་དེ་ལའང་གོ་མཁན་ཡོད་འདུག ད་དུང་གཞན་ལུགས་དངོས་གནས་ཡིན་པའི་དོ་པ་ཆོས་ཀྱི་དབང་ཕྱུག་ཅེས་པ་ཡིན་མིན་ལའང་དོགས་འཆར་ཡོད་འདུག རྒྱུ་མཚན། ས་ལམ་དུ་དོ་པ་ཞེས་པའི་རྒྱབ་རྟེན་དུ་གཞན་གྱི་ལུང་དྲངས་ཡོད་དེ། དཔེར་ན། རྒྱལ་སྲས་གཞན་དང་འདྲ་བ་ཡིན་ཞེས་ཐོན་ཡོད། དེ་ཡིས་བན་དྷེ་ཞིག་ལ་ཡང་གོ་མི་སྲིད་པ་ཞིག་མ་རེད་འདོད། རེད་དེ། རང་གིས་སྐབས་འདིར་སྒ་སྟོན་གཞི་ལམ་རྣམ་འབྱེད་དུ་གསལ་བའི་གཡོར་པོ་དཔོན་དད་ཅེས་པ་ལ་དོ་པ་ཞེས་འབོད་སྲོལ་ཡོད་པས་དེ་ལ་ངོས་བཟུང་བྱས་པ་ཡིན། རྒྱུ་མཚན། གཞི་ལམ་རྣམ་འབྱེད་དང་འགྲོ་མགོན་ས་ལམ་ཕན་ཚུན་ཞིབ་བསྡུར་བྱས་མཐར། དེ་གཉིས་གང་ཟག་གཅིག་ལ་ངོས་བཟུང་བྱས་པ་ཡིན། དཔེར་ན། ཚིག་འདི་འདྲ། སྒ་སྟོན་གཞི་ལམ་རྣམ་འབྱེད་དུ་བདེན་པའི་མཚན་ཉིད་དུ་ཐ་སྙད་པའི་ཤེས་ངོར་བདེན་པ། འགྲོ་མགོན་ས་ལམ་དུ། དོ་པས་ཐ་སྙད་པའི་ཤེས་ངོར་བདེན་པ་ཞེས་གསུངས་ཡོད། ད་དུང་ཁ་གསལ་ཞིག་ལ། ཐར་བའི་ས་ཡི་མཚན་ཉིད། ཁོང་གཉིས་ཀྱིས་གསུངས་པ་འདྲ་བོ་འདུག མ་ཚད་ཉེ་ལམ་སྨན་རིའི་དགོན་ནས་པར་བསྐྲུན་གནང་བའི་གཡོར་པོ་དཔོན་དད་ཀྱི་མཛོད་ནང་དུ། དེ་ལྟར་གསལ་བས་རེ་ཞིག་རང་གིས་དོ་པ་ཞེས་པ་དེ་ལ་གཡོར་པོ་དཔོན་དད་ལ་ངོས་བཟུང་བགྱིས་ཁུལ་བྱས་ཡོད། འོན་ཀྱང་། ད་དུང་ང་ཚོས་བརྟག་དགོས། དེ་ཡང་གསལ་བཤད་ཅིག་ལ་མཁས་པ་དོ་པ་ཞེས་པ་འགྲོ་མགོན་གྱིས་ས་ལམ་དུ་དགག་བཞག་བྱས་པའི་མཁས་པ་རྣམས་ལས་ཆེས་དགག་ཐེངས་མང་པོ་ཅན་ཡིན་ལ། གྲངས་ཀྱི་ཆ་ནས་ཀྱང་ཉེར་དྲུག་དགག་ཡོད། ཡང་སྙིང་མཁས་པ་དོ་པ་ཟེར་བ་དེ་སུ་ཞིག་ཡིན་མིན་རང་བློར་འཚམ་པའི་ལན་ཞིག་གནས་སྐབས་ཇི་ལྟར་བཙལ་ཀྱང་མ་རྙེད་པས་ད་རུང་མུ་ནས་བཙལ་དགོས།

  འབྲེ། ཞེས་པ་དེ་རང་ལུགས་འགྲོ་མགོན་ས་ལམ་དུ་ཐེངས་༡་མ་གཏོགས་དགག་མེད། དེའང་ལམ་གྱི་མཚན་ཉིད་སྐབས་ཁོང་གིས་དངོས་སུ་འགྲོ་བྱ་ཐ་དད་ཅེས་གསུངས་ཡོད་པ་དེ་མ་གཏོགས་དགག་མི་འདུག མཁས་པ་དེ་ནི་རང་ལུགས་ཡིན་མིན་བརྟག་དགོས་ཤིང་རྒན་རྣམ་པས་ཀྱང་རང་ལུགས་ལ་ད་སྔ་འབྲེ་ཞེས་པའི་མཁས་པ་ཞིག་ཡོད་པ་མཐོང་མ་མྱོང་ཞེས་གསུང་གིན་འདུག རང་གིས་ཀྱང་དེ་འདྲ་ཡོད་པ་ཞིག་ད་སྔ་རེག་མ་སོང་། ཡིན་ཡང་གཞན་ལུགས་འབྲེ་ཆེན་པོ་ཤེས་རབ་འབར་ཞེས་ཡོད་སྐད་འདུག མ་ཚད་མཁས་དབང་ཀུན་གྲོལ་1770/ 1766གྱི་གཏེར་སྟོན་བརྒྱ་རྩ་བརྒྱད་བྱོན་ལུགས་ཀྱི་ཕྱིའི་གོ་རིམ་བརྗེད་ཐོར་བཀོད་པ་ཞེས་པའི་ནང་དུ་གཏེར་སྟོན་པ་གཙང་གི་མི་གསུམ་གྱི་གྲས་སུ་བོན་ལུགས་ཀྱི་འབྲེ་ཚུལ་ཁྲིམས་སེང་གེའམ་ཆོས་ལུགས་ཀྱི་འབྲེ་ཤེས་རབ་བླ་མ་ཟེར་བ་ཞིག་ཡོད་རབས་གསུངས་འདུག རང་གིས་ཕལ་ཆེར་དེ་ཡིན་ནམ་སྙམ་བྱུང་། ཁོང་ནི་སྤྱིར་བཏང་མཁས་པ་ཞིག་ཡིན་པར་མ་ཟད་ཤེར་ཕྱིན་གྱི་གཞུང་ལ་མངའ་བརྙེས་པ་ཞིག་ཡིན་པ་ནི་དུང་དཀར་ཚིག་མཛོད་དུ་གསལ་བར་མ་ཟད་གཞན་གྱིས་མཁས་པ་དག་གིས་བཤད་སྒྲོས་ཀྱང་འདུག འོན་ཀྱང་ཁོང་གི་གསུང་པོད་ད་དབར་མཇལ་རྒྱུ་མེད་པ་འདྲ།

  རོང་སྟོན། འགྲོ་མགོན་ས་ལམ་དུ་ཐེངས་གཉིས་དགག་ཡོད་ཅིང་། ཁོང་ནི་མཁས་པ་འདི་འདྲ་ཞིག་རེད་ཟེར་ནས་ཐག་གཅད་དཀའ་ཡང་། རང་གིས་འདིའི་སྐོར་ལ་ལྟ་ཁུལ་བགྱིས་པའི་མཐར། རོང་སྟོན་ཞེས་པའི་བླ་མ་རྗེ་མཉམ་མེད་དང་དུས་མཉམ་པའི་བླ་མ་དེ་མིན་པ་ཤེས་ཐུབ་བོ།། རོང་ཟེར་བའི་མཁས་པ་སྔ་མོ་ནས་ཡོད་པ་ཤེས་ཐུབ་སྟེ་དཔེར་ན། དར་རྒྱས་གསལ་སྒྲོན་དུ། ཤ༡༧༡ ཉང་སྨད་ཀྱི་ཀ་བ་བརྒྱད་ཀྱིས་ཞུས་ཏེ། རོང་བུ་ཨ་ཙ་ར། རོང་བུ་གཡུང་དྲུང་གཙུག་ཕུད། ཕུག་པ་རྒོད་པོ། སྟག་སྒོམ་གཙང་པོ་འབར། ར་ཞགས་འཕགས་པ་སྐྱབས། ར་ཞགས་མོན་བསྐྱེད། སྐྱིད་དཔལ་འདུལ་གསས། བྲུ་ཤ་གནམ་གསས་དང་བརྒྱད་ཅེས་པ་ལྟ་བུ་སྒ་སྟོན་གཏེར་གྱི་ཁ་བྱང་དུ་གསལ། ཤ༡༠༨ཡང་དེ་མིན། ས་ལམ་དུ་གསལ་བའི་རོང་སྟོན་ཞེས་པ་དེ་འགྲོ་མགོན་ཁོང་ལ་ཚད་མ་བསྐུལ་མ་གནང་བའི་རོང་སྟོན་ཚུལ་སེང་དང་། ཡང་ན་རོང་སྟོན་ཡེ་ཤེས་འབུམ་གཉིས་གང་རུང་ལ་གོ་ན་མི་འགྲིག་པ་མེད་སྙམ། ད་དུང་དེའི་ནང་ཅོག་སྟོན་དང་དུས་མཉམ་པའི་རོང་སྟོན་ཡེ་ཤེས་འབུམ་ལ་གོ་ན་ཆོག་པ་ཞིག་རེད། སྤ་ཚུལ་བསྟན་འབྱུང་ལས། བརྒྱུད་རིམ་སྐབས་སུ་རོང་སྟོན་ཡེ་ཤེས་འབུམ་གྱིས་ཅོག་སྟོན་ལ་བརྒྱུད་ཚུལ་ཞིག་ཡོད་པས་རོང་སྟོན་ཟེར་བ་ཕལ་ཆེར་དེ་ལ་གོ་ན་འགྲིག་དྲན། ཞིབ་ཕྲས་བཤད་དཀའ། ད་དུང་དེའི་སྐོར་ལ་གཟབ་ནན་གྱིས་བལྟ་དགོས།

  བྲུ་ནམ་མཁའ་འོད། ཅེས་པ་བྲུ་ཚང་གི་བླ་མ་ཞིག་ཡིན་ཡང་བྲུ་ཆེན་ནམ་མཁའ་གཡུང་དྲུང་ནས་བརྒྱུད་པའི་བྲུ་ཚང་གི་གདུང་རྒྱུད་ཀྱི་གྲས་ལ་མེད་པ་འདྲ། ཡོང་གྲགས་སུ་བྲུ་ཚང་གི་གདུང་རབས་རྩི་ཚུལ་འདི་བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་སྲས་དང་དེའི་སྲས་ནས་རིམ་བཞིན་བརྒྱུད་པ་གཅིག་ཡིན་པ་ལས་བྲུ་ཚང་སྤྱི་ལ་ཁྱབ་པ་ཞིག་མིན་སྙམ། ས་ལམ་དུ་གསལ་བའི་བྲུ་ནམ་མཁའ་འོད་ཅེས་པ་དེ་དག་གི་གྲས་སུ་མེད། གལ་ཏེ་ཡོད་ནའང་གཡས་རུའི་སྟོན་པ་བཅུ་པ་བྲུ་ནམ་མཁའ་འོད་ཟེར་ཞེས་པ་དེ་ཡིན་དགོས་ལ་དེ་ནི་འགྲོ་མགོན་ཁོང་ལས་འཕྱི་བ་ཡིན་པས་མི་འགྲིག་སྙམ། ད་ལན་རང་གིས་འདིའི་སྐོར་ལ་ལྟ་ཁུལ་བྱས་པའི་ལག་སོན་ལ་དཔལ་ཚུལ་བསྟན་འབྱུང་ལས། ཤ ༣༧༨ཤེས་རབ་རྒྱལ་ནི་སྦས་པའི་རྣལ་འབྱོར་ཆེ།། དེ་སྲས་བྲུ་སྟོན་སྤུངས་པ་བྱ་བ་ནི།། གྲུབ་ཐོབ་དེ་སྲས་བྲུ་སྟོན་སྟོན་ནམ་མཁའ་སོགས། ། གདུང་རྒྱུད་འགའ་ཞིག་ཤངས་ཀྱི་གནས་སུ་བྱོན།། ཞེས་གསུངས་པ་དང་། དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་བ་ལས། ཤ ༡༦༥ མཆེད་གཅུང་ཤེས་རབ་རྒྱལ་ནི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ། དེ་སྲས་བྲུ་སྤུངས་པ་བྱ་བ་གྲུབ་པ་ཐོབ་པའོ།། དེ་སྲས་བྲུ་སྟོན་ནམ་མཁའ་འོ།། ཞེས་གསུངས་པས་བྲུ་ནམ་མཁའ་གཡུང་དྲུང་གི་གཅུང་པོ་ཤེས་རབ་རྒྱལ་ཞེས་པ་ཡོད་འདུག དེ་སྲས་བྲུ་ནམ་མཁའ་ཞེས་ཡོད་པར་གསལ་ཞིང་གོང་གི་རྣམ་ཐར་དེ་སྔ་ཤོས་ཀྱི་གྲས་ཤིག་ཡིན་སྐད་འདུག དེ་དང་རྗེའི་གབ་འགྲེལ་ལས། ཤ༡༦༨ བྲུ་སྟོན་ནམ་མཁའ་འོད་ལ་སོགས་ཀྱིས་གསུངས་པ་ལྟར། ཀུན་བཟང་གི་འཕྲིན་ལས་ལས་སོགས་རྒྱལ་བའི་ཐུགས་རྗེའོ།། ཞེས་པའི་བྲུ་ནམ་མཁའ་འོད་དང་གོང་གི་འགྲོ་མགོན་ས་ལམ་དུ་བྲུ་ནམ་མཁའ་ཞེས་པའི་མཁས་པ་དེ་གཉིས་གཅིག་ཏུ་ངོས་བཟུང་བྱས་ན་མི་འགྲིག་པ་མེད། ཁོང་ནི་བྲུ་ཤ་ཁྱུང་གི་རྒྱལ་མཚན་དུས་མཉམ་ཡིན་འདུག་པས་འགྲོ་མགོན་གྱིས་དགག་པར་བྱ་བའི་མཁས་པ་དེ་ཡིན་ནའང་ཆོག་པ་ཞིག་རེད། དེ་བས་རང་གིས་ཕལ་ཆེར་དེ་ཡིན་ཁུལ་བྱས་ནས་བྲིས་ཡོད། ད་དུང་བརྟག་དགོས།

  ས་ལམ་དུ་གསལ་བའི་མཁས་པ་རྣམས་ངོས་འཛིན་དང་དགག་ཐེངས་དང་རང་ལུགས་བཞག་ཐེངས་ཀྱི་གྲངས་ཀ་གཤམ་གསལ།

  1བློ་གྲོས་ཆེན་པོ། ཐེངས12. རང་ལུགས། 14                 2སྤ་སྟོན། 8.               3 དབང་ཕྱུག 2

  4བློ་གྲོས་ཀྱི་བདག་ཉིད་ཆེན་མོ། རང་ལུགས་1. དགག་ཐེངས། 2              5ཞུ་ཆེན། 2.  ཞུ་བཙུན། 1  
  བྲུ་ནམ་མཁའ་འོད། 1  བདག་ཉིད་ཆེན་པོ། 2  དོ་པ། དགག་ཐེངས། 26  མངའ་བདག 21

  རྨེའུ་དཔལ། དགག་ཐེངས། 11  འབྲེ། 1  ཞང་། 1  རོང་སྟོན། 2  ཞུ་སྟོན། 1
  ངོས་ཀྱི་བླ་མ། 7  རྨེའུ། 3

  དཔྱད་གཞིའི་ཡིག་ཆ།

  ཞུ་ཆེན་གྱི་མཛོད་ཏྲིག ཞུ་གཡས་རིག་གཞུང་དར་སྤེལ་རྐང་འཛིན་ལྷན་ཚོགས་ནས་བསྐྲུན།

  ཞུ་ཆེན་གྱི་གབ་འགྲེལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

  འགྲོ་མགོན་ས་ལམ། ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་།

  རྗེ་རིན་པོ་ཆེའི་ས་ལམ། ཀོ་རྒྱལ་དགོན་བཤད་སྒྲུབ་འདུས་སྡེ།

  བོན་བརྒྱའི་བསྟན་རྩིས་རིས་མེད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

  མཁན་ཉི་མའི་བསྟན་རྩིས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།

  ཞུ་ཚང་གི་གདུང་རབས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

  ཕར་ཕྱིན་མཐའ་དཔྱོད། གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་ཅན།

  འགྲོ་མགོན་མཛོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

  སྒ་སྟོན་གྱི་གཏེར་གྱི་ཁ་བྱང་། བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས།

  མཁས་དབང་ཀུན་གྲོལ་གྱི་གཏེར་སྟོན་བརྒྱ་རྩ་བརྒྱད་བྱོན་ལུགས།

  སྒ་སྟོན་གཞི་ལམ་རྣམ་འབྱེད། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་ནས་བསྐྲུན།

  གཡོར་པོ་དཔོན་དད་ཀྱི་མཛོད། སྨན་རིའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ།

  དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  དཔལ་ཚུལ་བསྟན་འབྱུང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།

  རྗེ་རིན་པོ་ཆེའི་གབ་འགྲེལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

  མཁས་པ་དཔལ་ཆེན་གྱི་རྣམ་ཐར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

  དུང་དཀར་ཚིག་མཛོད། གློག་དེབ།

  ཀུན་བཟང་བློ་གྲོས་ཀྱི་གདུང་རབས་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།

  རུས་མཛོད་དེབ་ཐེར་ནག་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

  རྒྱལ་མཚན་མཆོག་ལེགས་ཀྱི་གཞི་ལམ་འབྲས་བུ། ཡ་གླིང་གློག་རྡུལ་དཔེ་རྙིང་དཔེ་སྐྲུན་ཁང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།