དྲང་སྲོང་མོ་ཡི་སྡོམ་པའི་སྐོར་ལ་ཅུང་ཟད་དཔྱད་པ།

[ཟླ་ཚེས། 2019-10-28 13:33:00][རྩོམ་པ་པོ། དབྲ་ཚ་ཚང་གཙུག་ཕུད་འཇིགས་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  བོན་ལུགས་སུ་ད་ལྟའི་བར་དྲང་སྲོང་མོ་ཡི་སྡོམ་རྒྱུན་ཟམ་མ་ཆད་པར་རྒྱུན་གནས་སུ་ཡོད་ཅེས་ཀུན་གྱིས་ཡོངས་སུ་གྲགས་པ་ལྟར། ད་ལན་ཁོ་བོས་སྐབས་འདིར་དྲང་སྲོང་མོ་ཡི་སྡོམ་པའི་བྱུང་ཁུངས་དང་ངོ་བོ། ད་སྐབས་མཁན་སློབ་བཞི་ལྡན་འཛོམས་ཐོག་དྲང་སྲོང་མོ་ཡི་སྡོམ་པ་གནང་ཆོག་མིན་སོགས་ཀྱི་སྐོར་ལ་གསལ་ཁ་ཅུང་ཟད་འདོན་ཐུབ་པའི་རེ་བས་ཀུན་ནས་བསླངས་ཏེ་རྩོམ་འདི་ཉིད་འབྲི་བར་སྤྲོ།

  དང་པོ་དྲང་སྲོང་མོ་ཡི་སྡོམ་རྒྱུད་ཀྱི་ཁུངས་སམ་ཕུགས་གང་ཞེ་ན། 《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་ལས།》‘‘འདུལ་བ་རྩ་རྒྱུད་བོན་བཅུད་འདི། དང་པོར་ཕྱུངས་ཁོངས་བླ་ཁུངས་ནི། །མཚར་རི་ཟུར་གསུམ་ལྷ་ཡི་མདུན་སར། །ཡུམ་བཟང་ཟ་རིགས་བཙུན་གྱི་བོན། ’’[1]ཞེས་དང་། ཡང་རྒྱུད་དེ་ཉིད་ལས། ‘‘མ་ཡེངས་ལུས་ངག་དཔོན་གསས་རང་། །འདུལ་བ་བཟང་ཟ་ཡུམ་གྱི་ངག’’[2]ཅེས་དང་། དེ་བཞིན་《འདུལ་བ་རྒྱུད་དྲུག》གི་ལེའུ་ཚང་མའི་དབུ་ནས་‘‘སྲས་རྒྱུད་དྲང་སྲོང་ཐེག་པའི་བོན། ’’ཞེས་གསུངས་པ་དག་གིས་རྩ་བ་ཀུན་འབྱུང་དབྱིངས་དག་གཙོས་པའི་རྒྱུད་དྲུག་གི་གཞུང་རྣམས་ཀྱི་ཐོག་མའི་བྱུང་ཁུངས་སམ་གཞུང་རྣམས་གསུང་པ་པོ་ནི་ཡུམ་བཟང་ཟ་རིགས་བཙུན་ཡིན་པ་དང་། དེས་སྲས་འཆི་མེད་གཙུག་ཕུད་ལ་བརྒྱུད་ནས་བྱུང་བ་ཡིན་པར་བསྟན་པ་ཡིན། ཡང་སྐབས་འདི་ནས་གསལ་བཤད་དགོས་པའི་གནད་གཅིག་ནི་བོན་གྱི་ཡོངས་གྲགས་གཞུང་དང་ལོ་རྒྱུས་ཕལ་མོ་ཆེ་ལས་’’ཡུམ་བཟང་ཟ་རིང་བཙུན་’’[3]ཞེས་འབྱུང་ཡང་། འདིར་ནི་ཐ་སྙད་ཅུང་ཟད་མ་འདྲ་བ་སྟེ་‘‘བཟང་ཟ་རིགས་བཙུན་’’ཞེས་བྱུང་བ་དེའོ། །དེ་ཡང་དགོས་པ་དོན་གྱི་སླད་དུ་ཡིན་པ་ལས་ཡིག་ནོར་དང་བྲིས་སྐྱོན་སོགས་མ་ཡིན་ཏེ། དཔེར་ན་《ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་》ལས། ‘‘བཟང་པོ་ཀུན་ཏུ་བཟང་པོའི་ཡུམ། །ཟ་ནི་བདེར་གཤེགས་སངས་རྒྱས་ཐམས་ཅད་ལྕམ། རིགས་སུ་མ་ཕྱེས་འཁོར་འདས་མེད། །གཉིས་མེད་དམ་པ་ཡང་དག་བཙུན། ’’[4]ཞེས་གསུངས་པ་བཞིན་རྒྱུད་དྲུག་གཞན་དུའང་འགྲེལ་ཚུལ་ཁྱད་པར་ཅུང་ཟད་ཡོད་པ་ཙམ་ལས་ཐ་སྙད་འདི་བཞིན་བྱུང་བས་སོ། །

  ད་ནི་བཤད་གཞི་དཀྱུས་སུ་འཇུག་པ་སྟེ་གོང་དུ་དྲངས་པའི་ལུང་དོན་འདི་ལྟར་འགྲེལ་ཚེ་རྗེའི་《འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེད་》ལས། སྟོན་པ་མཆོག་གཤེན་ལོ་སོ་གཅིག་སྐབས་རབ་བྱུང་གི་ཚུལ་མཛད་པ་དང་། དེའི་རྗེས་སུ་འཛམ་གླིང་འོལ་མོ་ལུང་རིང་དུ་སྟོན་པས་འདུལ་བ་རྒྱུད་དྲུག་གསུངས་པར་གསལ་བ་དང་[5]མི་འགལ་ལམ་སྙམ་ན། འགལ་བ་མེད་པར་སེམས་ཏེ་དེ་ནི་སྟོན་པ་འཛམ་བུ་གླིང་དུ་སྐྱེ་བ་བཞེས་པའི་རྗེས་སུ་གཤེན་གྱི་དགུང་ལོ་གཅིག་ནས་བཟུང་འཁོར་དག་ལ་བོན་རྣམས་ཟམ་མ་ཆད་པར་གསུངས་ཀྱང་། རབ་བྱུང་གི་ཚུལ་མཛད་དེ་རྒྱུད་དྲུག་སོགས་འདུལ་བའི་བོན་རྣམས་གསུངས་པ་ནི། གཤེན་ལོ་སོ་གཅིག་གི་རྗེས་སུ་མ་གཏོགས་དེའི་སྔོན་དུ་མ་གསུངས་པའི་དོན་ལས། སྤྱིར་《རྩ་བ་ཀུན་འབྱུང་དབྱིངས་དག་》དང་། རྒྱུད་དྲུག་གི་གཞུང་སོགས་སྟོན་པ་མཆོག་གཤེན་ལོ་སོ་གཅིག་གི་རྗེས་སུ་འཛམ་གླིང་འོལ་མོ་གླིང་ཆེན་དུ་གསུངས་པ་མ་ཡིན་པར། གོང་གི་ལུང་རྣམས་ནར་མར་ཀློག་ཅིང་དགོངས་དོན་ལ་ལེགས་པར་གཞིག་ན་ངེས་ཤེས་རྙེད་ཐུབ་པ་ཡིན་ལ། 《རྩ་རྒྱུད་ཉི་ཟེར་སྒྲོན་མ་》ལས། ‘’སེམས་ཅན་གྱི་དོན་དུ་ཁྲིམས་ཀྱི་སྡེ་བཟུང་བའི་ཕྱིར། འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི། མདོ་འདུས་ལྔ་བཅུ་རྩ་བདུན། ལས་ཁྲིག་གི་བྱང་བུ་བཞི་བཅུ། བསྟན་པའི་དོན་དུ་སྣོམས་ནས་རི་རབ་ཀྱི་རྩེ་ནས་རི་བདུན་ཁ་ལ་བབ། ’’[6]ཅེས་དང་། 《འདུལ་བ་གླིང་གྲགས་》ལས་ཀྱང་། ‘‘འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི། མདོ་འདུས་ལྔ་བཅུ་རྩ་བདུན། ལས་ཁྲིག་གི་བྱང་བུ་བཞི་བཅུ་བསྟན་པའི་དོན་དུ་སྣོམས་ནས། རི་རབ་ཀྱི་རྩེ་ནས་རི་བདུན་ཁ་ལ་བབ་ནས་འོལ་མོ་ལུང་རིང་དུ་བྱོན་ནས། ’’[7]ཞེས་སོགས་གསུངས་པ་ལྟར་ན། འདུལ་བ་རྒྱུད་དྲུག་སྟོན་པས་འོལ་མོ་གླིང་ཆེན་དུ་འཁོར་སྡེ་བཞི་ཡ་བརྒྱད་ལ་མ་གསུངས་པའི་སྔོན་ནས་ཡོད་པར་ངོས་འཛིན་ཆོག་པའི་རྒྱུ་མཚན་ཡང་དག་ནི་འདི་ཡིས་འཐུས་པར་བྱས་ན་འགལ་བ་མེད་པར་སེམས།

  སྤྱིར་འདུལ་བ་ལ་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་གཉིས་ཡོད་པ་ལས། དེ་གཉིས་ཀྱང་བྱུང་ཁུངས་ཀྱང་སོ་སོར་ཡོད་པ་སྟེ་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་》ལས། ‘‘རྨད་གོས་སུལ་བུ་རྩ་ལྔ་ཚང་། སྔོན་ཚེ་གཤེན་ལྷ་ཡབ་ཀྱིས་གནང་། ’’[8]ཞེས་ཕྱི་ཚུལ་ན་བཟའ་གོས་དྲུག་སོགས་རིམ་བཞིན་བསྟན་སྐབས་ཚང་མར་ཚིག་དེ་བཞིན་གསལ་བ་དེས་ཕྱི་ཡི་ཚུལ་གཤེན་ལྷ་འོད་དཀར་གྱིས་སྲས་འཆི་མེད་གཙུག་ཕུད་ལ་གནང་བར་བསྟན་པ་ཡིན། ནང་ཁྲིམས་ནི་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད》ལས། མོ་ཁྲིམས་བསྟན་པའི་སྐབས་སུ་‘‘བཟང་ཟ་ཡུམ་གྱིས་བཀག་པ་བཞིན། སྲེད་ཆགས་རྒྱུ་འབྱུང་གཞི་ནས་གཏོར། ’’[9]ཞེས་དང་། ཡང་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད།》ལས། ‘‘བཟང་ཟ་ཡུམ་གྱིས་བཀག་པའི་ཁྲིམས། ཉིས་བརྒྱ་ལྔ་བཅུ་དྲང་སྲོང་ཕོ། སུམ་བརྒྱ་དྲུག་ཅུ་དྲང་སྲོང་མོ། ’’[10]ཞེས་གསུངས་པ་དག་གིས་ནང་གི་ཁྲིམས་ལ་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་སོགས་གང་ཡིན་ཡང་ཐོག་མའི་བྱུང་ཁུངས་སམ་ཕུགས་ནི་ཡུམ་བཟང་ཟ་རིགས་བཙུན་ཉིད་ཡིན་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །

  སྤྱིར་ན་དྲང་སྲོང་མོ་ཡི་སྡོམ་པ་ལ་རྩ་བ་དང་ཡན་ལག་གི་སྡོམ་པ་གཉིས་ཡོད་པ་ལས་རྩ་བའི་སྡོམ་པ་བརྒྱད་ལས་བཞི་ནི་དྲང་སྲོང་ཕོ་ཡི་རྩ་བཞི་དང་གཅིག་མཚུངས་སུ་འདུལ་བའི་གཞུང་འགྲེལ་མཐའ་དག་ལས་ཞལ་གཅིག་མཐུན་དུ་བསྟན་ཡོད། རྩ་བ་གཞན་བཞིའི་རྣམ་བཞག་འཇོག་ཚུལ་མི་འདྲ་བ་གསུམ་ཙམ་ཡོད་པ་སྟེ། རྗེའི་《འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་》ལས་གསུངས་ཚུལ་གཅིག་དང་། 《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་》ལས་བསྟན་ཚུལ་གཅིག《སྲུང་་ཁྲིམས་རྩ་བའི་མདོ་》ལས་བཞེད་ཚུལ་གཅིག་བཅས་གསུམ་ཡོད་པ་ཡིན། དང་པོ་རྗེའི་《འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ་》ལས་གསུངས་ཚུལ་ནི། ཕོ་ཡི་རྩ་བ་བཞིའི་ཐོག་ཏུ་རེག་པ་དང་ལུས་བཀན་དང་འཆབ་པ་དང་བཟློག་པ་དང་བཞིར་བཞག་པ་དང་། དེ་ཡང་འདུལ་བ་སྟོད་ལུགས་ལས་བཞེད་ཚུལ་ཡིན་པར་གསུངས་ཡོད། [11]ལར་རྗེའི་འདུལ་འགྲེལ་གྱི་གཞི་འཛིན་སའམ་ཁུངས་བཅོལ་ས་གཙོ་བོ་ནི་《མདོ་ཁྱིམ་སྤང་》དང་། 《མདོ་བ་ཏི་ཀ》《འདུལ་བ་གསང་ལུང་》བཅས་ལ་གཏུགས་པ་ལས། 《འདུལ་བ་རྒྱུད་དྲུག་》ནས་ཕྱི་ཡི་ཚུལ་བསྟན་སྐབས་《ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད་》ལས་ལུང་རེ་འགའ་དྲངས་པ་ཕུད་[12]གཞན་ཕལ་ཆེར་མཐོང་དུ་མེད། དེར་མ་ཟད་དྲང་སྲོང་ཕོ་ཡི་རྩ་བ་གྲངས་སུ་བགྲང་སྐབས་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད》ལས། རྩ་བ་ཉི་ཤུ་རྩ་ལྔ་རུ་གསུངས་པ་དེ་ཉིད་རང་ལུགས་མེ་སྟོན་མཁན་སློབ་ལུགས་དང་མི་མཐུན་པའི་སྟབས་ཀྱིས་རང་ལུགས་སུ་མ་བགྲང་པར་ཟུར་དུ་བཞག་གནང་པ་[13]དེས་མེ་སྟོན་མཁན་སློབ་ཀྱི་ལུགས་དེའི་ཕུགས་སམ་གཞི་འཛིན་ས་《འདུལ་བ་རྒྱུད་དྲུག》མ་ཡིན་པ་གསལ་པོར་ཤེས་ནུས་པ་ཡིན། དེ་བཞིན་ཕྱིས་འབྱུང་གི་མཁས་པ་དག་གིས་དེ་དང་དགོངས་དོན་མི་མཐུན་པའི་འདུལ་བའི་འགྲེལ་མཛད་པ་ནི་ཅི་ཡང་མེད། དྲང་སྲོང་མོ་ཡི་རྩ་བཞི་དེ་དག་གི་ངོ་བོ་དང་ས་མཚམས་སོགས་ཀྱི་སྐོར་ནི་རྗེའི་འདུལ་འགྲེལ་གཙོས་པའི་ཕྱིས་བྱུང་གི་འདུལ་འགྲེལ་མཐའ་དག་ལས་ཁ་གསལ་གོ་བདེའི་ཚུལ་དུ་ཡོད་སྟབས། འདིར་དེའི་སྐོར་རྒྱས་སྤྲོས་བྱ་རྒྱུ་ནི་དགོས་མེད་ཀྱི་ངལ་བ་ཡིན་པས་འདིར་འཆད་རྒྱུ་མིན།

  《སྲུང་ཁྲིམས་རྩ་བའི་མདོ་》ལས། ‘‘མི་ཚངས་སྤྱོད་ལས་གྱེས་པ་ཡི། ཉོན་མོངས་རྩ་བ་རྣམ་པ་བཞི། ཆགས་དང་གན་དང་འགྱེལ་དང་འབུབ། ’’[14]ཅེས་པས། དྲང་སྲོང་ཕོ་ཡི་རྩ་བཞིའི་ཐོག་ཏུ་དྲང་སྲོང་མོ་རྣམས་ཀྱིས་བསྲུང་བྱའི་རྩ་བ་བཞི་ནི། ཆགས་པ་དང་། གན་པ། འགྱེལ་བ། འབུབ་པ་བཅས་བཞིར་གསུངས་ཤིང་། དེ་ཡང་རྩ་བ་མི་ཚངས་པ་སྤྱོད་པ་ལས་གྱེས་པ་ཡིན་པར་བསྟན་པ་ཡིན། སྤྱིར་ན་དེ་དག་སོ་སོའི་གོ་དོན་འགྲེལ་དུ་ཡོད་མོད་ཀྱང་འདིར་ཡོངས་གྲགས་སུ་བྱས་ཏེ་འདུལ་བའི་བཅས་ཁྲིམས་བཤད་པ་ནི་‘‘འདུལ་བ་ཁྱིམ་པ་ལ་མི་བཤད་’’ཅེས་པའི་ལུང་དང་འགལ་བའི་ཉེས་པ་འབྱུང་བས་ན་རྒྱས་པར་སྤྲོས་པའི་ངལ་བ་མི་བྱ་ལ། འོན་ཀྱང་རྣམ་དག་འདུལ་བའི་སྒོར་ཞུགས་པའི་ངུར་སྨྲིག་འཛིན་པ་རྣམས་ཀྱིས་མདོ་འདུལ་བའི་སྤང་བླང་གི་རྣམ་བཞག་ས་གསེར་སོར་འབྱེད་ཀྱི་དཔེ་ལྟར་འཇུག་ལྡོག་མི་ནོར་ཕྱིར་དུ་གོང་སྨོས་པ་བཞིན་《[15]སྲུང་ཁྲིམས་རྩ་བའི་མདོ་》སོགས་ལ་མཁྱེན་སྤྱན་ཡངས་པས་གཟིགས་པར་ཞུ་ཞེས་བསྐུལ་བར་བྱའོ།

  གཞན་ཡང་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་》ལས། ‘‘སེར་སྣ་གཡོ་སྒྱུ་ཆགས་བློ་སྐྱེ་དམའ་རིག་འཆལ་བཞི། ཕོ་ཡི་རྩ་བ་བཞི་ཡི་ཐོག་ཏུ་རང་གིས་བསྣན། དྲང་སྲོང་མོ་ཡི་རྩ་བརྒྱད་ཡིན། ’’[16] ཞེས་པས། དྲང་སྲོང་ཕོ་ཡི་རྩ་བཞིའི་ཐོག་ཏུ་དྲང་སྲོང་མོ་རྣམས་ཀྱིས་བསྲུང་བྱའི་རྩ་བཞི་ནི། སེར་སྣ་དང་། གཡོ་རྒྱུ། ཆགས་བློ། སྐྱེ་དམའ་བཅས་བཞི་པོ་དེ་བསྟན་པ་ཡིན། དེ་དག་གི་རྣམ་བཞག་རྒྱས་པའང་གཞུང་འདི་ལས་གསལ་བས་གཟིགས་པར་ཞུ། [17]

  སྤྱིར་དྲང་སྲོང་ཕོ་རྣམས་ཀྱིས་རྩ་བ་བཞི་མ་གཏོགས་བསྲུང་མི་དགོས་ཀྱང་མོ་རྣམས་ཀྱི་རྩ་བ་བརྒྱད་བསྲུང་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། 《འདུལ་བ་སོ་སོར་ཐར་པའི་བྱེ་བྲག་རྒྱུད་》ལས། ‘‘བུད་མེད་ཕོ་བས་ཉོན་མོངས་པས། ཁྲིམས་ཀྱང་མང་དུ་བསྲུང་དགོས་པ་ཡིན། ’’[18]ཞེས་པས། བུད་མེད་ཀྱི་རང་བཞིན་ཕོ་ལས་ཉོན་མོངས་པ་མང་བའི་རྒྱུ་མཚན་གྱིས་ཁྲིམས་ཀྱི་རྣམ་བཞག་མང་པོར་བསྲུང་དགོས་པར་བསྟན་པ་དང་། མ་ཟད་དེ་དག་དྲང་སྲོང་ཕོ་རྣམས་ཀྱིས་རྩ་བའི་བསྲུང་བྱ་མ་ཡིན་ཡང་། དྲང་སྲོང་མོ་ལ་དེ་དག་རྩ་བ་རུ་འཇོག་དགོས་པའི་རྒྱུ་མཚན་ཡང་། 《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད།》‘‘དེ་དྲུག་ཕོ་ལ་ཚང་ཡང་གཅིག མོ་ལ་རེ་རེ་ལ་དྲུག་འགྱུར། ’’[19]ཞེས་དང་། 《གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད།》ལས། ‘‘མོ་ཡི་སེར་སྣ་གཡེམ་དང་སྙོམས། མོ་ཡི་ཆགས་བློ་རྫུན་དང་སྙོམས། མོ་ཡི་མ་བསླབ་གཡོ་སྒྱུ་སྲོག་གཅོད་སྙོམས། མོ་ཡི་སྐྱེས་དམའ་མ་བྱིན་ལེན་དང་སྙོམས། ཡན་ལག་མཐར་ཀུན་ཀྱང་དེ་བཞིན་མཚུངས། ’’[20]ཞེས་པས། ལུང་གོང་མས་དྲང་སྲོང་མོ་ཡི་རྩ་བའི་བསྲུང་བྱ་ཆགས་བློ་ལ་དྲུག་ཏུ་བསྟན་པ་དེ་དག་ཕོ་ལ་ཉེས་པ་རེ་རེ་ལས་མི་གོས་ཀྱང་། མོ་ལ་རེ་རེ་མ་སྲུང་པས་ལྡབ་འགྱུར་དྲུག་གི་ཉེས་པ་འབྱུང་བར་བསྟན་པ་དང་། ལུང་འོག་མས་དྲང་སྲོང་མོ་ཡིས་སེར་སྣ་བྱས་པ་དེ་ཉིད་ཕོ་ཡི་རྩ་བའི་བསྲུང་བྱ་ལོག་གཡེམ་དང་ཉེས་པ་གཅིག་པ་དང་། མོ་ལ་ཆགས་བློ་སྐྱེས་པ་དང་ཕོ་ཡིས་རྫུན་དུ་སྨྲས་པ་གཉིས་ཉེས་པ་གཅིག་པ་དང་། མོ་ཡིས་གཡོ་སྒྱུ་བྱས་པ་དང་ཕོ་ཡིས་སྲོག་བཅད་པའི་ཉེས་པ་གཉིས་གཅིག་པ་དང་། མོ་ཡི་སྐྱེས་དམའ་ཡི་སྡོམ་པ་མ་སྲུང་པ་དང་ཕོ་ཡིས་མ་བྱིན་པ་ལེན་པ་གཉིས་ཉེས་པ་གཅིག་པར་བསྟན་པ་ཡིན། དེའི་སྟབས་ཀྱིས་མོ་ལ་དེ་དག་རྩ་བའི་བསྲུང་བྱ་རུ་བསྟན་པ་ཡིན་ནོ། །

  དྲང་སྲོང་མོ་ཡི་ཁྲིམས་ཡན་ལག་སུམ་བརྒྱ་དྲུག་ཅུའི་རྣམ་གྲངས་རེ་རེ་བཞིན་བགྲང་ཚུལ་ནི། རང་ལུགས་བཀའ་དང་བཀའ་བརྟེན་གང་ལས་ཀྱང་རྙེད་རྒྱུ་ཤིན་ཏུ་ནས་དཀའ་་མོད། བགྲང་ཚུལ་རོབ་རྩིས་ཙམ་འདིར་འགོད་ན་དེ་ལ་མི་མཐུན་པ་གཉིས་སུ་ཡོད་པ་སྟེ། 《སྲུང་ཁྲིམས་རྩ་བའི་མདོ།》ལས། ‘‘ལྔ་ལྔ་ལྔ་འགྱུར་ཉི་ཤུ་ལྔ། ཉི་ཤུ་རྩ་ལྔ་བཞི་འགྱུར་ཁྲིམས། གོང་བསྣན་སུམ་བརྒྱ་ལྔ་བཅུའོ། ’’[21]ཞེས་དང་། ཡང་དེ་ཉིད་ལས། ‘‘དེ་དག་འོག་མའི་རྩ་བ་ལས། །ཆ་བཞི་སྤྱི་ལ་རྒྱུགས་པའི་ཁྲིམས། །མ་རིག་དབང་གྱུར་ལྔ་འགྱུར་བཅུ། ’’[22]ཞེས་དང་། ཡང་དེ་ཉིད་ལས། །དེ་ལྟར་མ་རིག་རྣམ་གྲངས་བཅུ། །ཀུན་ཏུ་དྲུག་ཅུ་ཐམ་པ་སྟེ། །རྩ་བ་བརྒྱད་ལས་གྱེས་པ་ཡི། །མོ་ཁྲིམས་སུམ་བརྒྱ་དྲུག་ཅུའོ། ’’[23]ཞེས་པས། ལུང་ཚིག་གོང་མས་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཐོག་ཏུ་མོ་ཡི་རྩ་བ་ཆགས་པ་དང་གན་པ་དང་འགྱེལ་བ་དང་འབུབ་པ་བཞི་རེ་རེ་ལས་གྱེས་པའི་ཡན་ལག་ཉི་ཤུ་རྩ་ལྔ་རེ་ཡོད་པ་དེ་དག་བསྣན་པས་སུམ་བརྒྱ་ལྔ་བཅུ་བསྟན་པ་དང་། ལུང་ཚིག་བར་མས་རྩ་བ་དེ་བཞི་སྤྱི་ལ་རྒྱུགས་པའི་མ་རིག་པའི་རྣམ་གྲངས་བཅུ་ཡོད་པར་བསྟན་པ་དང་། ལུང་ཚིག་མཐའ་མས་མ་རིག་པ་བཅུ་དེ་གོང་གི་སུམ་བརྒྱ་ལྔ་བཅུའི་ཐོག་ཏུ་བསྣན་པས་ཁྱོན་སྡོམ་སུམ་བརྒྱ་དྲུག་ཅུ་ཡོད་པར་བསྟན་པ་ཡིན།

  《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ལས། ‘‘དེ་ལས་གྱེས་པ་སེར་སྣ་ཉེར་དྲུག’’[24]ཅེས་དང་། ཡང་དེ་ཉིད་ལས། ‘‘ཆགས་སྡང་བློ་བྱུང་སུམ་ཅུ་དགུ’’[25]ཞེས་དང་། ཡང་དེ་ཉིད་ལས། ‘‘གཡོ་སྒྱུའི་རྩ་བ་ཁོང་པའི་ངན། དེ་ལས་གྱེས་པ་སུམ་ཅུ་གཉིས། ’’[26]ཞེས་དང་། ཡང་དེ་ཉིད་ལས། ‘‘བསམ་དག་ཡིད་སེམས་བློ་ལ་ཆེར། སྐྱེ་བ་དམའ་བས་རིགས་འཆལ་བཅུ་གསུམ། ’’[27]ཅེས་པས། ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུའི་ཐོག་ཏུ་མོ་ཡི་རྩ་བ་སེར་སྣ་ལས་གྱེས་པའི་ཡན་ལག་ཉེར་དྲུག་བསྣན་པས་ཉིས་བརྒྱ་དང་བདུན་ཅུ་དོན་དྲུག་དང་། དེའི་ཐོག་ཏུ་མོ་ཡི་རྩ་བ་ཆགས་བློ་ལས་གྱེས་པའི་ཡན་ལག་སུམ་ཅུ་སོ་དགུ་བསྣན་པས་སུམ་བརྒྱ་དང་བཅོ་ལྔ་དང་། དེའི་ཐོག་ཏུ་མོ་ཡི་རྩ་བ་གཡོ་སྒྱུ་ལས་གྱེས་པའི་ཡན་ལག་སོ་གཉིས་བསྣན་པས་སུམ་བརྒྱ་དང་ཞེ་བདུན་དང་། དེའི་ཐོག་ཏུ་མོ་ཡི་རྩ་བ་སྐྱེ་དམའ་ལས་གྱེས་པའི་ཡན་ལག་བཅུ་གསུམ་པོ་བསྣན་པས་ཁྱོན་སྡོམ་སུམ་བརྒྱ་དུག་བཅུ་ཡོད་པར་བསྟན་པ་ཡིན། ཡན་ལག་དེ་དག་རེ་རེ་བཞིན་བགྲང་ཚུལ་ནི་《བཱ་ག་ཡངས་མ་ཀུན་འབྱུང་བྱིངས་དག་རྒྱུད། 》རང་ལས། ཁ་གསལ་པོ་དེ་ཙམ་མི་འདུག་པས་འདིར་སྡོམ་ཚིག་ཙམ་ལས་རེ་རེ་འགོད་པར་མ་ནུས།

  བོན་ལུགས་སུ་ད་ལྟའི་དུས་སུ་དྲང་སྲོང་མོ་ཡི་སྡོམ་པ་དེ་ཉིད་གནང་ཆོག་མིན་སོགས་ཀྱི་སྐོར་ལ་ཅུང་ཟད་དཔྱད་ན། ངེས་པར་དུ་ཆོག་སྟེ། དྲང་སྲོང་མོ་ཡི་སྡོམ་པ་ལེན་པར་བྱེད་པ་ལ་མཁན་སློབ་དྲང་སྲོང་མོ་ལས་ལེན་དགོས་པའི་ངེས་པ་མེད་པ་མ་ཟད། ཁྲིམས་སུམ་བརྒྱ་དྲུག་ཅུ་ཡོངས་རྫོགས་མཁན་སློབ་ལས་ལེན་མི་དགོས་པར། རྩ་བ་བཞི་ལས་གྱེས་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བླངས་བའི་ཐོག་ཏུ་རྩ་བ་གཞན་བཞི་དང་ཡན་ལག་བརྒྱ་དང་བཅུ་བཅས་ནི། སྡོམ་པ་ལེན་པ་པོ་རང་ཉིད་ཀྱིས་ཁ་སྐོང་གི་ཚུལ་དུ་བསྣན་ཏེ་སྲུང་བ་དེ་ལ་དྲང་སྲོང་མོ་ཞེས་འཇོག་པ་ཡིན་པའི་ཕྱིར་ཏེ། 《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད་》ལས། ‘’སེར་སྣ་གཡོ་སྒྱུ་ཆགས་བློ་སྐྱེས་དམའ་རེག་འཆལ་བཞི། ཕོ་ཡི་རྩ་བ་བཞི་ཡི་ཐོག་ཏུ་རང་གིས་བསྣན། དྲང་སྲོང་མོ་ཡི་རྩ་བརྒྱད་ཡིན། རྩ་བ་བརྒྱད་ལས་གྱེས་པའི་སུམ་བརྒྱ་དྲུག་ཅུ། ’’[28]ཞེས་པས། དྲང་སྲོང་མོ་རྣམས་ཀྱིས་དྲང་སྲོང་ཕོ་ལྟར་མཁན་སློབ་ལས་རྩ་བཞི་བླངས་ཐོག་ཏུ། རྩ་བ་གཞན་བཞི་རང་ཉིད་ཀྱིས་བསྣན་ཏེ་བསྲུངས་པ་དེ་ལ་དྲང་སྲོང་མོའི་རྩ་བརྒྱད་དུ་ཚང་པར་བསྟན་པ་དང་། ཡང་དེ་ཉིད་ལས། ‘‘ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྐུ་ལ་གནས། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ངག་ལ་བོན། ’’[29]ཞེས་པས། མཁན་པོ་དྲང་སྲོང་ཕོ་ཡི་རྒྱུད་ལ་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་གནས་ཀྱང་། མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་རང་རྒྱུད་ལ་མེད་པས་ངག་ནས་བཤད་དགོས་པར་གསལ་པོར་བསྟན་པ་ཡིན་མོད། དེ་རང་རྒྱུད་ལ་མེད་པས་གཞན་ལ་གནང་བ་ག་ལ་སྲིད་དེ་མེད་པས་སོ། ཡང་《འདུལ་བ་སོ་སོར་ཐར་པའི་བྱེ་བྲག་རྒྱུད་》ལས། ‘‘ཡན་ལག་སུམ་བརྒྱ་དྲུག་ཅུའི་བོན། བུད་མེད་ལ་ཕོ་ཡི་ཁྲིམས་ཀྱི་ཐོག་ཏུ་རང་གིས་བསྣན་པ་འོངས་པ་སྟེ། ’’[30]ཞེས་པས། བུད་མེད་རྣམས་ཀྱིས་ཕོ་དང་གཅིག་མཚུངས་སུ་ཁྲིམས་ཉིས་བརྒྱ་བླངས་ཐོག་ཏུ། ཁྲིམས་གཞན་བརྒྱ་དང་བཅུ་ནི་རང་ཉིད་ཀྱིས་བསྣན་ཏེ་སྲུང་བ་ལ་དྲང་སྲོང་མོ་ཞེས་འཇོག་ཆོག་པར་བསྟན་པ་ཡིན། ཡང་《འདུལ་བ་དོན་གྱི་ཀུན་བརྗོད་》ལས། ‘‘ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་། མོ་ཁྲིམས་ཕོ་ལ་རང་ཁྲིམས་བརྩེགས། ’’[31]ཞེས་པས། དྲང་སྲོང་མོ་ཡི་ཐུན་མིན་གྱི་བསྲུང་བྱའི་ཁྲིམས་རྣམས་ནི་གཞན་ནས་ལེན་དགོས་པའི་ངེས་པ་མེད་པར་རང་ཉིད་གྱིས་བརྩེགས་ནས་བསྲུང་པ་དེའང་ཆོག་པར་བསྟན་པ་ཡིན།

  མ་ཟད་རིག་པས་དཔྱད་ན་དེ་ལྟར་དུ་གནས་པར་སེམས་ཏེ། བོན་ལུགས་སུ་ད་ལྟའི་བར་དུ་དྲང་སྲོང་མོ་ཡི་སྡོམ་པ་ཟམ་མ་ཆད་པར་གནས་པ་ཡོད་ཅེས་པ་དེ་ནི། ད་སྐབས་གཙང་གཙུག་མས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པའི་དྲང་སྲོང་ཕོ་ལས་དྲང་སྲོང་མོ་ཡི་སྡོམ་པ་ལེན་ཆོག་པར་འདོད་རྒྱུ་ལས་། དྲང་སྲོང་མོ་ནས་མོ་ལ་རིམ་བཞིན་བརྒྱུད་དེ་ད་ལྟའི་བར་གནས་པར་འདོད་པ་ནི་ལར་ནས་མི་རིགས་མོད། དེས་ནས་གཙང་གཙུག་མས་དྲང་སྲོང་ཕོ་ལས་སྡོམ་པ་ལེན་སྐབས་ཁྲིམས་ཉིས་བརྒྱ་ལྔ་བཅུ་དེ་ཉིད་རང་གིས་ལེན་པ་ལས། དེའི་ཐོག་ཏུ་བསྣན་པའི་མོ་ཁྲིམས་བརྒྱ་དང་བཅུ་དེ་དག་དྲང་སྲོང་ཕོ་ལས་ལེན་པ་གཏན་ནས་མེད་དེ། སྤངས་རྟོགས་ཕུལ་ཕྱིན་གྱི་རྫོགས་པའི་སངས་རྒྱས་འདྲ་ཡིན་ན་མ་གཏོགས་བླངས་ཡུལ་དྲང་སྲོང་ཕོ་མཁན་པོ་དེའི་རྒྱུད་ལ་སྡོམ་པ་དེ་དག་མེད་པའི་ཕྱིར། དེའི་དཔེ་ནི་གཙང་གཙུག་པ་ལས་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལེན་རྒྱུ་མེད་པ་དང་རྣམ་པ་ཀུན་ནས་མཚུངས་པ་ཡིན་མོད། འདིར་དམིགས་སུ་བཀར་ནས་ཞུ་བྱ་གཅིག་ནི་གོང་དུ་དྲང་སྲོང་མོ་རྣམས་ཀྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལས། གཞན་རྣམས་རང་ཉིད་བསྣན་ནས་བསྲུང་དགོས་པར་འགྲེལ་པ་དེ་ནི། བུད་མེད་ཀྱིས་དྲང་སྲོང་ཕོ་ལས་དྲང་སྲོང་གི་སྡོམ་པ་ལེན་སྐབས་གཞིར་བཞག་དགོས་པ་ལས། ཐམས་ཅད་ལ་དེ་ལྟར་དུ་ངེས་པར་བསྟན་པ་མ་ཡིན། དཔེར་ན་སྔོན་ཡུམ་བཟང་ཟ་རིགས་བཙུན་ལས་བུད་མེད་རྣམས་ཀྱིས་དྲང་སྲོང་གི་སྡོམ་པ་ལེན་སྐབས། ཁྲིམས་སུམ་བརྒྱ་དྲུག་ཅུ་ཆ་ཚང་ཡོངས་སུ་རྫོགས་པ་བླང་ཡུལ་དེའི་རྒྱུད་ལ་ཡོད་སྟབས། རང་གིས་བསྣན་ཞེས་པ་དང་བརྩེགས་ཞེས་པ་སོགས་ནི་དགོས་པ་གང་ཡང་མེད། དེ་བཞིན་གལ་སྲིད་ཡུམ་བཟང་ཟ་རིགས་བཙུན་ནས་ད་ལྟའི་བར་དྲང་སྲོང་མོ་ནས་མོ་ལ་རིམ་བཞིན་བརྒྱུད་ནས་སྡོམ་རྒྱུན་ཟམ་མ་ཆད་པར་གནས་ཡོད་ན། ད་སྐབས་ཀྱང་བུད་མེད་རྣམས་ཀྱིས་དྲང་སྲོང་གི་སྡོམ་པ་ལེན་སྐབས། སུམ་བརྒྱ་དྲུག་ཅུ་ཆ་ཚང་བླང་ཡུལ་ནས་ལེན་ཆོག་པ་ལས་བསྣན་པ་དང་བརྩེགས་པ་སོགས་ཀྱང་དེ་བཞིན་དགོས་དོན་ཅི་ཡོད་དེ་མེད་པས་སོ། །

  གོང་དུ་དྲང་སྲོང་མོ་ཡི་ཁྲིམས་ཀྱི་རྣམ་བཞག་གང་བཤད་པ་དག་ནི་ཁོ་བོས་ཁུངས་མེད་ལུང་མེད་ཀྱི་སྒོ་ནས་རང་བཟོ་བྱས་པའམ་ཡང་ན་རང་ཉིད་ངོས་ནས་བུད་མེད་ལ་བལྟ་ཚུལ་འདིར་དོན་མེད་དུ་གླེང་བ་དེ་འདྲ་གང་ཡང་མ་ཡིན་པར། བཀའ་ལུང་དག་གི་དགོངས་དོན་མ་ནོར་པར་ཇི་བཞིན་འགྲེལ་ཅི་ཐུབ་བྱས་ཏེ་རྩོམ་ཐུང་འདི་ཉིད་སྤེལ་བ་ཡིན་པས། རྒྱ་ཆེ་བའི་མཁྱེན་ལྡན་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ལ་མངའ་བར་འཚལ་ལོ། །
དཔྱད་མཆན།

  [1]《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》རྒྱལ་བའི་བཀའ། པོད། ༣ཕྱི་ལོ་༡༩༨༡ལོར་བླ་མ་ཨ་གཡུང་མཆོག་གིས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་གྲངས་(༤)ལས་གསལ།

  [2]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》དཔེ་གཟུགས་ཤོག་གྲངས་(༩༡)ལས་གསལ།

  [3]《རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་བླ་མའི་རྣམ་ཐར།》སྤ་བསྟན་རྒྱལ་བཟང་པོ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་ནང་བསྡུས་ཡོད། ༢༠༡༠ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། དེབ་གཟུགས་ཤོག་ངོས་(༡༡)ལས། ‘‘བདུན་པ་ཡུམ་བཟང་ཟ་རིང་བཙུན་ལ་ཡང་གསུམ། གནས་དང་སྟོན་པ་དང་དགོངས་པའི་བརྒྱུད་ཚུལ་ལོ། ’’ཞེས་གསུངས་པ་ལྟ་བུའོ།

  [4]《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་བཞུགས་པའི་དབུའོ།》རྒྱལ་བའི་བཀའ། པོད། ༣ཕྱི་ལོ་(༡༩༨༡)ལོར་བླ་མ་ཨ་གཡུང་མཆོག་གིས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་ངོས་(༡༨༨)ལས་གསལ།

  [5]《བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེད།》མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། ཕྱི་ལོ་༢༠༠༣ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། དེབ་གཟུགས་ཤོག་གྲངས་(༨)ལས་གསལ།

  [6]《སྲིད་པ་ལས་ཀྱི་གཏིང་ཟློག་ཉི་ཟེར་སྒྲོན་མ།》བླ་ཆེན་དྲན་པ་ནམ་མཁས་མཛད། རྒྱུད་ཉི་སྒྲོན་དང་བསྒྲགས་པ་གླིང་གྲགས་ཀྱི་སྐོར་ཞེས་པའི་དཔེ་དེབ་ནང་དུ་བསྡུས་ཡོད། ཕྱི་ལོ་༢༠༠༣ ལོར་གཡུང་དུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཤོག་གྲངས་(༡༤༤)ལས་གསལ།

  [7]《འདུལ་བ་གླིང་གྲགས།》བླ་ཆེན་དྲན་པ་ནམ་མཁས་མཛད། རྒྱུད་ཉི་སྒྲོན་དང་བསྒྲགས་པ་གླིང་གྲགས་ཀྱི་སྐོར་ཞེས་པའི་དཔེ་དེབ་ནང་དུ་བསྡུས་ཡོད། ཕྱི་ལོ་༢༠༠༣ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། དེབ་གཟུགས་ཤོག་གྲངས་(༢༠༢)ལས་གསལ།

  [8]གོང་མཚུངས་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད།》ཤོག་གྲངས་(༡༠༤)ལས་གསལ།

  [9]གོང་མཚུངས་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད།》ཤོག་གྲངས་(༢༡༨)ལས་གསལ།

  [10]གོང་མཚུངས་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད།》ཤོག་གྲངས་(༡༩༨)ལས་གསལ།

  [11]གོང་མཚུངས་《བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེད།》ཤོག་གྲངས། (༡༢༠)ལས། ‘‘དྲང་སྲོང་མའི་རྩ་བ་གཞན་བཞི་ནི་འདུལ་སྟོད་ལུགས་ནས་བཤད་པ་ནི། རང་ལ་ལྟོས་པའི་རེག་པ་དང་ནི་ལུས་བཀན་དང་། གཞན་ལ་ལྟོས་པའི་འཆབ་པ་དང་ཟློག་པ་བཞི། ཐམས་ཅད་མཁྱེན་པའི་སྟོན་པས་གསུངས་སོ། ’’ ཞེས་གསུངས་པས་སོ།

  [12]གོང་མཚུངས་《བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།》ཤོག་གྲངས་(༦༠)ལས། ‘‘ཡོངས་རྫོགས་ནས། རྨད་གོས་གླིང་སྣམ་རྩ་ལྔ་དང་། ’’ ཞེས་དྲངས་པ་དང་། ཡང་ཤོག་གྲངས་དེ་ཉིད་རང་ལས། ‘‘ཡོང་རྫོགས་ནས་བླ་གོས་ཐང་བ་ཞེས་གསུངས་སོ། ’’ ཞེས་དང་། ཡང་ཤོག་གྲངས། (༦༡)ལས། ‘‘ཡོངས་རྫོགས་ནས་སྟོད་གོས་སུལ་བུ་རྩ་ལྔ་དང་། བར་སྣམ་དབྱར་སྲབ་དགུན་ན་འཐུག དཔུང་བཟེད་དཔུང་པ་ཁ་དང་མཉམ། མཆན་ཁུང་དྲོད་སྤུ་མཐོང་བ་ཙམ། མདུན་དུ་གཡས་གཡོན་སོལ་གསུམ་བསྣོལ། སུལ་བུ་རྩ་ལྔ་ཕྱོགས་མ་སྤུང་། མདུན་རྒྱབ་སྟ་ཟུར་ཤིན་ཏུ་སྙོམས། གཉའ་ཁར་ཕྱེད་ཁེབས་ཨོལ་གོང་མཐོང་། ’’ ཞེས་སོགས་དྲངས་ཡོད།

  [13]གོང་མཚུངས་《བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།》ཤོག་གྲངས་(༡༠༩)ལས། ‘‘འོ་ན་ཡོངས་རྫོགས་ལ་སོགས་རང་གཞུང་དང་འགལ་ལམ་སྙམ་ན། མི་འགལ་ཏེ་རང་གི་མཁན་སློབ་སྨད་ལུགས་ཀྱི་སྐྱེས་པས་རྩ་བ་བཞི་བསྲུང་བ་དང་མི་མཐུན་པས་སོ། ’’ ཞེས་གསུངས་སོ།

  [14]《སྲུང་ཁྲིམས་རྩ་བའི་མདོ།》གཤེན་རབ་མི་བོའི་བཀའ། ཕྱི་ལོ་(༡༠༡༦)ལོར་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། མདོ་དྲི་མེད་གཟི་བརྗིད་པོད། ༡༢ཤོག་གྲངས་(༢༥)ལས་གསལ།

  [15]གོང་མཚུངས། 《སྲུང་ཁྲིམས་རྩ་བའི་མདོ།》ཤོག་གྲངས་(༢༥ནས་༢༧)བར་ལས། ‘‘། གང་ཞིག་རིགས་ཀྱི་ཁྱེའུ་དང་། །དེ་དག་ཁ་དོག་དབྱེབས་མཛེས་ལེགས། །དེ་ལ་དམིགས་ཡུལ་གཟུགས་ཆགས་པ། །དགའ་དང་དགའ་ཞིང་འགུ་བར་སྟོན། །དགྱེས་དང་དགྱེས་ཤིང་འཛུམ་པར་སྟོན། །དད་དང་དད་ཅིང་གདུང་བ་བསྐྱེད། །སྤྲོ་དང་སྤྲོ་ཞིང་གླུ་དབྱངས་བསྒྱུར། །ཆགས་དང་ཆགས་ཤིང་ཞེན་པ་དང་། །འབྲེལ་དང་འབྲེལ་ཞིང་འབྲེལ་ཚིག་གཏོང་། །མོས་དང་མོས་ཚིག་མོས་ཕྱིར་འབྲང་། སྒེག་དང་སྒིག་ཅིང་སྒེག་ཟུར་བལྟ། འཕྱོར་དང་འཕྱོར་རས་འཕྱོར་གཡེང་བསླུ། དེ་ཉིད་དེ་ཡིས་དམིག་ཡུལ་འཛིན། ’’ཞེས་དང་། ཡང་‘‘སྤྱིར་ཡང་གན་འགྱུར་ལུས་ཀྱི་ལུས་ཀྱི་སྟབས། །ཤ་ཉལ་རྐང་འཕྲ་གན་ལ་སྦུབ། །བསྐྱང་བསྐུམ་དབུག་རིང་བཤུད་པ་འདྲེན། །གཟི་མདངས་འོད་བྱུང་སྲེད་ལེན་ཏེ། ’’ཅེས་དང་། ཡང་‘‘དེ་ཡང་ཚིག་དང་དོན་དུ་བྱུང་། །ཚིག་ནི་འགྱེལ་བར་ནུས་སམ་དང་། །འཐད་དང་འོས་སྨྲ་དྲོད་དང་འདྲེན། །བདེ་འགྱུར་རང་བཞིན་མཚན་མ་བརྗོད། །ངག་འཆལ་ཚུལ་མེད་གཡང་ལུགས་བུད། །གཉེན་དང་དྲིན་ཆེན་ཕ་མ་བུ། །གཞན་དག་འཇོམས་གྱུར་འདྲེས་དང་འཆོལ། །དེ་དག་ཚིག་ལས་བྱུང་བ་སྟེ། དོན་ནི་ཆེད་དུ་རྩོལ་བ་སྟེ། །བསམ་པ་ངན་དང་སྦྱོར་བ་རྩུབ། །དེ་དག་དངོས་གཞི་ཉམས་པའི་རྒྱུ། ’’ཞེས་དང་། ཡང་‘‘དེ་དག་ཡིད་ཚིག་གཉིས་གཉིས་བསྡེབས། དེ་ལན་དབང་མེད་ལུས་འཁྲིག་འདོད། དེ་གྱུར་ཐུག་རིག་འཛིན་ཟིན་འཁྱུད། ཀུ་རེའི་ཚུལ་ཅན་འཕྱ་མ་བརློམས། ’’ཞེས་སོགས་གསུངས་པ་ལས་ཤེས་པར་མཛོད། མཐའ་འདི་ནི་འབུབ་པ་ནི་རྗེའི་《འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ།》ལས་གསལ་བའི་འདུལ་བ་སྟོད་ལུགས་ལས་དྲངས་པའི་དྲང་སྲོང་མོ་ཡི་རྩ་བཞིའི་ནང་ནས་རེག་པ་ཞེས་པ་དེ་དང་དོན་གཅིག་ཏུ་གནས་འདུག་པར་སེམས་སོ། །

  [16]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༢༥)ལས་གསལ།

  [17]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༤༣)ནས་(༤༨)བར་ལས། ‘‘སེར་སྣའི་རྒྱུ་ནི་འཇིག་རྟེན་ལོངས་སྤྱོད་ཡིན། ’’༡༨ཞེས་དང་། ཡང་‘‘ཕོ་སྤྱོད་སྡུག་མི་སྡུག་ལ། སྡུག་པ་ལ་ཆགས། མི་སྡུག་པ་ལ་སྡང་བློ་གཉིས། ’’ ཞེས་དང་། ཡང་‘‘། ཡིད་སེམས་ཆུ་འདྲ་འགྱུ་བ་མང་། །བློ་ཡང་ཕྱོགས་སུ་མི་ཐུབ་པས་བསླུ་ཁ་ཡང་། །ཕྱི་ཐག་མེད་ཐུ་དང་ལྟ་སྨྲ། །སྨྲ་བསམ་གསང་མི་ཐུབ། །གསང་ཚིག་བཅུད་མི་ཐུབ། ’’ ཅེས་དང་། ཡང་‘‘། དྲང་སྲོང་མོ་བྱུང་ལུས་ངག་འདུལ། །སྔོན་ཆད་འཁོར་བ་ཐོག་མེད་ནས། །ད་ལྟ་དེ་རིང་བར་དུ་ནི། །འགྲོ་དྲུག་བདེ་མེད་གནས་སུ་འཁོར། བདེ་མེད་སྡུག་བསྔལ་འབའ་ཞིག་སྤྱོད། །དམྱལ་བ་བདེ་མེད་བསྐལ་པའི་གྲངས། ’’ ཞེས་སོགས་ལུང་དེ་དག་ལས་རྒྱས་པར་གོ་ནུས་སོ།

  [18]《འདུལ་བ་སོ་སོར་ཐར་པའི་བྱེ་བྲག་རྒྱུད།》རྒྱལ་བའི་བཀའ། པོད། ༣ཕྱི་ལོ་(༡༩༨༡)ལོར་བླ་མ་ཨ་གཡུང་མཆོག་གིས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་གྲངས་(༢༣༧)ལས་གསལ།

  [19]གོང་མཚུངས་《འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད།》ཤོག་གྲངས་(༢༡༩)ལས་གསལ།

  [20]འདུལ་བ་རྒྱུད་དྲུག་གི་ནང་ཚན་《གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད།》རྒྱལ་བའི་བཀའ། པོད། ༣ཕྱི་ལོ་(༡༩༨༡)ལོར་བླ་མ་ཨ་གཡུང་མཆོག་གིས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་གྲངས། (༢༨༨)ལས་གསལ།

  [21]གོང་མཚུངས་《སྲུང་ཁྲིམས་རྩ་བའི་མདོ།》ཤོག་གྲངས་(༢༨)ལས་གསལ།

  [22]གོང་མཚུངས་《སྲུང་ཁྲིམས་རྩ་བའི་མདོ།》ཤོག་གྲངས་(༢༨)ལས་གསལ།

  [23]གོང་མཚུངས་《སྲུང་ཁྲིམས་རྩ་བའི་མདོ་ཤོག་གྲངས་(༢༩)ལས་གསལ།

  [24]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༤༣)ལས་གསལ།

  [25]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༤༤)ལས་གསལ།

  [26]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༤༦)ལས་གསལ།

  [27]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༤༨)ལས་གསལ།

  [28]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༢༥)ལས་གསལ།

  [29]གོང་མཚུངས་《བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་རྒྱུད།》ཤོག་གྲངས་(༢༩)ལས་གསལ།

  [30]གོང་མཚུངས་《འདུལ་བ་སོ་སོར་ཐར་པའི་བྱེ་བྲག་རྒྱུད།》ཤོག་གྲངས་(༢༣༧)ལས་གསལ།

  [31]《འདུལ་བ་དོན་གྱི་ཀུན་བརྗོད།》རྒྱལ་བའི་བཀའ། པོད་༣ནང་བསྡུས་ཡོད། ཕྱི་ལོ་(༡༩༨༡)ལོར་བླ་མ་ཨ་གཡུང་མཆོག་གིས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་གྲངས་(༣༤༠)ལས་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།