ལས་དང་ལས་ལམ་གྱི་སྐོར་ལ་རགས་ཙམ་དཔྱད་པ།

[ཟླ་ཚེས། 2019-05-11 09:38:16][རྩོམ་པ་པོ། བྱང་ཚེ་འབར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བྱང་ཚེ་འབར། བོན་བརྒྱ་ཁྱུང་སྨན་དགོན།
(ནང་དོན་གནད་བསྡུས།)དཔྱད་རྩོམ་འདི་རང་དང་རང་འདྲའི་ཤེས་ཡོན་གྱི་འཁོས་ཀ་གཉོམ་པའི་ཐོས་བརྩོན་པའི་སྡེར་ཅུང་ཟད་ཕན་ན་སྙམ་པའི་ཀུན་སློང་གིས་གསོས་བཏབ་པས། ལུང་རིགས་ཀྱི་སྐྱ་རེངས་སྔོན་དུ་བཏང་སྟེ་གནས་ལུགས་ཀྱི་འོད་སྣང་རིས་མེད་འཕྲོ་ཆེད། ༼གཤེན་བསྟན་ལམ་རིམ་ཆེན་མོ་༽གཞིར་བཟུང་ནས་གཙོ་བོ་ལས་དང་ལས་ལམ་གྱི་སྐོར་ལ་དོན་ཚན་བཞིའི་སྒོ་ནས་དཔྱད་པ་གཏོང་ཁུལ་བྱས་ཡོད་ཀྱང་། ལས་དང་ལས་ལམ་ཀྱི་སྐོར་ལ་འོས་ཤིང་འཚམས་པའི་ཡིག་ཆ་མང་པོ་མེད་པས་ཡིན་ཐག་ཆོད་པ་ཞིག་འབྲི་བར་དཀའ་ཁག་ཡོད་པས་གླེང་སློང་བ་ཙམ་ལས་མ་འདས།
དང་པོ། ལས་ལམ་ཟེར་བའི་གོ་དོན་ནམ་གོ་བ་ལེན་ཚུལ།
   རི་བོ་གངས་ཅན་པའི་ཕྱི་ནང་ཀུན་ན་འཚོ་ཞིང་གནས་པའི་ལག་ཕྲེང་བ་ཅན་དང་ཁ་མ་ཎི་ཅན་གྱི་བོད་མི་སུ་ཞིག་ཡིན་ཀྱང་། ལས་འབྲས་ལ་ཡིད་ཆེས་ཤིང་དཀོན་མཆོག་ལ་བློ་གཏད་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་སྙིང་ནས་དད་པའི་ཡི་རངས་ཡོད་པར་ཤིན་ཏུ་དགའ་མོད། ང་ཚོ་བདག་འཛིན་གྱི་ཞགས་པས་དམ་དུ་བཅིངས་ཤིང་མ་རིག་པའི་རྒྱ་མཚོར་ཡུན་རིང་བྱིང་སྟེ་བདེ་བ་དང་སྐྱིད་པའི་གོ་སྐབས་ཕྲ་མོ་ཙམ་ཡང་མ་མཐོང་བའི་རྒྱུ་རྐྱེན་དང་། ཡང་ན་མཐོ་སྲིད་པའི་རྩེ་མོ་ནས་མར་དམྱལ་བའི་གདན་ལ་ཐུག་གི་སེམས་ཅན་ཡོད་དོ་ཅོགསྡུག་བསྔལ་གསུམ་གྱི་གཡང་གཟར་ལྷུང་བའི་རྐྱེན་གཙོ་བོ་ཡང་། གཤེན་བསྟན་ལམ་རིམ་ལས། བསོད་ནམས་བསོད་མིན་མི་གཡོ་ལས། བསྐལ་བར་ཆུད་མི་ཟ་བ་དང་། ། མ་བྱས་པ་དང་འཕྲད་མེད་པའི། ། ཚུལ་འདི་ཤིན་ཏུ་ལྐོག་གྱུར་ཅིག། ཅེས་གསུང་བ་ནང་ལྟར་རྣམ་དཔྱོད་དང་མི་ལྡན་པའི་གང་ཟག་ཕལ་ཆེ་བ་ཞིག་གིས་ལས་འབྲས་ཀྱི་རང་བཞིན་འདི་ཇི་ལྟ་བུ་ཞིག་ཡིན་པ་ཧ་མ་གོ་བས་བླང་དོར་ཚུལ་བཞིན་སྤྱོད་པའི་ཐབས་ལ་རྨོངས་པ་རེད། ཅི་ལྟར་རྨོངས་ཞེ་ན། བར་དོའི་རྣམ་ཤེས་འཁྱམ་པོ་མའི་མངལ་ལས་གྲོལ་བ་ནས་བཟུང་སྟེ་ལེགས་ཉེས་ཀྱི་ཆ་ཐམས་ཅད་གང་ཟག་རང་རང་གི་སྒོ་གསུམ་གང་རུང་ལས་བྱུང་བ་ཡིན་ལ། དེ་ཡང་དཀར་པོའི་ལས་ལམ་བཅུ་དང་ནག་པོའི་ལས་ལམ་བཅུའི་ཁུངས་སུ་འདུ་བ་ལས་གཞན་མེད་པ་མཛོད་ལས་ཀྱང་། དགེ་དང་མི་དགེ་ཅི་རིགས་པ། ལས་ཀྱི་ལམ་ནི་བཅུ་ལ་འདུ། ཞེས་གསུངས་སོ། ། དེ་ལྟར་དགེ་སྒྲུབ་སྡིག་སྤོང་གི་ལས་གང་བྱས་ཀྱང་ལས་ལམ་བཅུའི་ཁོངས་སུ་འདུ་བའི་ཕྱིར་ན། ཁོ་བོས་ཀྱང་ཐོག་མར་ལས་དང་ལས་ལམ་གྱི་གོ་དོན་དང་མུ་བཞི་འཇོག་ཚུལ་སོགས་སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུ་ཞིག་མ་རྟོགས་ན། མཁས་པ་སོ་སོའི་ཐུགས་བཞེད་ཇི་ལྟར་མི་མཐུན་པ་དང་ཅིའི་ཕྱིར་མི་མཐུན་པའི་གནད་ཀྱང་གོ་དཀའ་བས། བདེན་དོན་གྱི་མཛུབ་མོ་འཛུགས་སའི་གསེར་གྱི་གར་ཁུང་ཞིག་འཚོལ་བར་ཅིས་ཀྱང་འབད་སྙམ་པའི་དམ་བཅའི་རི་མོ་རང་སེམས་ལ་ཡང་ཡང་བྲིས་སོ། ། དེ་ཡང་ལས་དང་ལས་ལམ་གྱི་མུ་བཞི་བརྩི་ཚུལ་མ་འདྲ་བའི་དབང་གིས་མཁས་པ་སོ་སོའི་ལྟ་བའང་མ་མཐུན་པ་ཡིན་ལ། ལྟ་བ་མ་མཐུན་པའི་དབང་གིས་རྩོད་རྙོག་གི་ཡིག་ཚོགས་ཀྱང་རབ་དང་རིམ་པ་ཞིག་བྱུང་བ་རེད། དེ་དག་གི་ཁྲོད་ནས་ཁོ་བོས་གཤེན་བསྟན་ལམ་རིམ་ཆེན་མོ་ཚད་མ་ལུང་གི་རྒྱབ་རྟེན་དུ་བཟུང་བའི་རྒྱུ་མཚན་ཡང་། གཅིགགཞུང་དེའི་རྩོམ་པ་པོ་ཕྱོགས་ལྷུང་གི་དྲི་མས་མ་སྦགས་ཤིང་རང་རྒྱལ་གྱི་བསམ་བློ་མེད་པས་ཡིན་ལ། གཉིས། གཞུང་དེའི་ནང་གི་ལུང་ཚིག་རེ་རེ་ལའང་ཞིབ་མོར་སོམས་དང་དཔེ་རྙིང་དཀོན་པོ་དང་ཡིག་ཆ་ཚད་ལྡན། རང་ལུགས་ཕར་ཞོགགཞན་སྡེ་ཡིས་ཀྱང་དེ་དེ་བཞིན་ནོ་ཞེས་ཚད་མར་བཟུང་ཡོད་པ་ཐོས་པས་ཡིན། ད་ནི་དུས་སུ་བབས་པའི་ཆར། སྐབས་སུ་བབས་པའི་གཏམ་སྟེ། ལས་ལམ་གྱི་དོན་གསལ་བོར་རྟོགས་དགོས་ན་སེམས་སེམས་བྱུང་གི་ཁྱད་པར་ཡང་མི་གླེང་ཐབས་མེད་ཡིན་པས། གཤེན་བསྟན་ལམ་རིམ་ལས། སེམས་བྱུང་སེམས་པ་ནི་ལས་དང་། སེམས་པ་འཇུག་པའི་གཞི་ནི་ལས་ཀྱི་ལམ་ཡིན། ཅེས་དང་། སེམས་པ་གང་ཞེ་ན་རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་ལས་ཅན་གྱི་སེམས་བྱུང་ཞིག་གོ། ཞེས་གོ་དོན་བཞག་འདུགདེ་ན་ཐོག་མར་ཁོ་བོས་ཀྱང་སེམས་དང་སེམས་བྱུང་གི་ཧེ་བག་གམ་ཁྱད་པར་ལ་བསམ་གཞིག་གི་གཤོག་ཟུང་མ་བརྐྱངས་ན་ཡངས་པའི་འཇིག་རྟེན་གྱི་ཁམས་མི་མཐོང་བ་བཞིན་ལས་དང་ལས་ལམ་གྱི་རྣམ་བཞག་འཆད་པ་ལའང་ནོར་འཛོལ་ཆེན་པོ་ཐེབས་སྲིད་པས་རང་བློས་དཔག་ཚོད་ཀྱིས་ཉུང་ཙམ་གླེང་བར་བྱའོ། ། སྤྱིར་སེམས་པ་དང་སེམས་བྱུང་ལ་གོ་བ་ཐ་དད་དུ་བླངས་ཆོག་ཀྱང་ངོ་བོ་ཐ་དད་རེད་ཅེས་སྨྲ་མི་རིགས་སྙམ། སེམས་པ་ཟེར་དུས་ཡུལ་གྱི་ངོ་བོ་ཙམ་རིག་པ། དཔེར་ན། གན་ན་འཕྲུལ་རྟ་ཞིགའདི་ན་རླངས་འཁོར་ཞིག་སྙམ་པ་ཙམ་མོ། ། སེམས་བྱུང་ཡིན་ན་ཡུལ་དེ་ཉིད་ལ་དམིགས་པ་གཞིར་བྱས་ནས་བྱེད་ལས་སོགས་ཁྱད་ཆོས་གཞན་དག་ལ་གཞིག་པ་སྟེ། དཔེར་ན། འཕྲུལ་རྟའི་རྒྱུ་ཆ་དང་རིན་གོང་། རླངས་འཁོར་གྱི་བཟང་ངན་དང་ཡག་བཙོག་སོགས་ལ་དམིགས་པ་ལྟ་བུ་ཞིག་ཡིན་ཀྱང་། དེ་ནི་སེམས་པ་དང་སེམས་བྱུང་ཞེས་ཐ་དད་དུ་བཞག་སྟེ་གོ་བ་ལེན་ཚུལ་རེད་མ་གཏོགས། སེམས་དང་སེམས་བྱུང་གི་ངོ་བོ་ཐ་དད་དུ་བཀར་རྒྱུའི་ཀུན་སློང་ངམ་བཞེད་ཚུལ་མིན་ཡང་། མཁས་པ་ལ་ལས་གཙོ་སེམས་དང་དེའི་འཁོར་སེམས་བྱུང་གཉིས་དུས་མི་མཚུངས་པ་དང་ངོ་བོ་ཐ་དད་དུ་འདོད་པ་དང་དམིགས་ཡུལ་སོ་སོར་འཇོག་དགོས་སྙམ་པའི་འདོད་ཚུལ་རེད་ཅེས་བསྙད་པའི་གཏམ་དེ་ནི་སྨྱོན་པའི་ལབ་བརྡོལ་ལས་མ་འདས་སོ། ། གང་ལགས་ཞེ་ན། སེམས་སེམས་བྱུང་གི་ངོ་བོ་ཐ་དད་དུ་མི་འདོད་པའི་རྒྱུ་མཚན་ཡང་། སེམས་གང་ལ་བརྟེན་པའི་དབང་པོ་དེ་ལ་སེམས་བྱུང་ཡང་བརྟེན་པས་ན་རྟེན་མཚུངས་དང་། སེམས་དང་སེམས་བྱུང་གཉིས་སྐྱེ་གནས་འགག་གསུམ་ཅིག་ཅར་བྱེད་པས་ན་དུས་མཚུངས་ཡིན་པ་སོགས་མཚུངས་ལྡན་རྣམ་པ་ལྔས་སྒོ་ནས་བསྟན་ཡོད་པ་ནང་བའི་གྲུབ་མཐའ་ཆེན་པོ་གཉིས་ཀའི་དགོངས་པ་མཐུན་པར་ཁོ་བོས་མཐོང་། ད་ནི་ཅུང་ཁ་གསལ་གྱི་ལམ་ནས་མདོར་བསྡུས་ཏེ་བྲིས་ན། གཙོ་སེམས་ཀྱིས་ཡུལ་གང་ལ་དམིགས་པ་ཡིན་ན་དེའི་འཁོར་སེམས་བྱུང་ཡང་དེར་རྒྱུ་ཞིང་གཡོ་བའི་ལས་བྱེད་པས་ན་སེམས་དང་སེམས་བྱུང་ངེས་ལྷན་ཅིག་ཏུ་འདོད་རིགས་པར་ལྷག་ཏུ་སྙམ། དེ་ལྟར་སེམས་དང་སེམས་བྱུང་གི་རྣམ་བཞག་ལས་འཕྲོས་ཏེ་ལས་དང་ལས་ལམ་གྱི་ཐད་ལ་བསམ་གཞིག་གི་སྨྱུག་རྩེ་བདར་ན་ཕུང་བོ་ལྔ་བདག་ཏུ་བཟུང་བའི་གང་ཟག་སུ་དང་གང་ཞིག་གིས་ལེགས་ཉེས་ཀྱི་བྱ་བ་གང་བྱས་ཀྱང་། སྒོ་གསུམ་ལས་མ་འདས་ལ་དེ་ཡང་སྒོ་གསུམ་ནི། ལུས་དང་ངག་དང་ཡིད་བཅས་ཡིན་ལ། ལུས་དང་ངག་གིས་གང་བྱས་པ་སེམས་དང་སེམས་བྱུང་ལས་སེམས་ཡིན་ལ། ཡིད་ཀྱིས་བསགས་པ་མཐའ་དག་ཀྱང་སེམས་དང་སེམས་བྱུང་ལས་སེམས་བྱུང་ལ་ངོས་བཟུང་ན་ལས་དང་ལས་ལམ་གྱི་དཀའ་གནད་དམ་རྒྱུ་མཚན་ཡང་འདི་དང་འདི་འོ་ཞེས་མཛུབ་མོ་འཛུགས་ས་ཞིག་རྙེད་པར་སོམ་ཉིའི་འཆང་བ་རིམ་གྱིས་ལྷོད་ཐུབ་པར་གདོན་མི་ཟའོ། །
གཉིས་པ། ལས་དང་ལས་ལམ་ལ་མུ་བཞི་འཇོག་ཚུལ།
   གཙོ་བོ་ལས་དང་ལས་ལམ་གྱི་དཀའ་གནད་སེལ་བྱེད་མུ་བཞི་འཇོག་དགོས་ཤིང་། མུ་བཞི་འཇོག་ཚུལ་ལའང་མཁས་པ་ལ་ལའི་ཐུགས་བཞེད་མི་མཐུན་ས་མོད་ཀྱང་། འདིར་དབྲ་སྟོན་པཎྚི་ཏ་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་ལྟར་བཀོད་ན། ལས་ཡིན་ལ་ལས་ལམ་མ་ཡིན་པ་ནི་སྲོག་གཅོད་རྒྱུའི་ཀུན་སློང་གིས་ཕག་གསོ་བ་ལྟ་བུ། ལས་ལམ་ཡིན་ལ་ལས་མ་ཡིན་པ་ནི་བརྣབ་སེམས་གནོད་སེམས་ལོག་ལྟ་ལྟ་བུ། གཉིས་ཀ་ཡིན་པ་ནི་ལུས་ངག་གི་ལས་བདུན་ལྟ་བུ། གང་ཡང་མིན་པ་སླའོ། ། ཞེས་གསུངས་སོ། ། ད་ནི་ཤེས་རིག་གི་སྤང་གཤོངས་ནས་གནས་ལུགས་ཀྱི་རྒུམ་བུ་འཐུ་བར་བྲེལ་ཅིང་འཚུབ་པའི་ཐོས་བརྩོན་པ་ང་ཚོས་ལུང་རིགས་ཀྱི་སྐྱ་རེངས་སྔོན་དུ་བཏང་སྟེ་བདེན་དོན་གྱི་ཉིན་བྱེད་རིས་མེད་འཕྲོ་དགོས་ན། གཙོ་བོ་རང་ཉིད་ཀྱི་རྣམ་དཔྱོད་དང་བརྩོན་འགྲུས་ལ་བརྟེན་དགོས་པ་རེད་མ་གཏོགས། མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད། ཅེས་དང་། མཁས་པས་བཤད་ན་ཅི་ཡང་བདེན། གསུངས་པ་ནང་ལྟར་རྒྱལ་བའི་བཀའ་རེད། འཕགས་པའི་ལུང་རེད་ཟེར་ནས་ཁ་གཡར་ས་དང་ཁག་བཀྲི་ས་བྱས་ན་མི་འོས་པའི་གནས་རེད་སྙམ། དེའི་ཕྱིར། ཡང་དག་པའི་གནས་ལུགས་ཤིག་འཚོལ་བར་ཅིས་ཀྱང་བརྩོན་འགྲུས་བྱ་དགོས་པས། ལས་དང་ལས་ལམ་གྱི་མུ་བཞི་འཇོག་ཚུལ་འདི་ཡང་གྲངས་ཙམ་བགྲང་ནས་བསྐྱུར་རྒྱུ་མིན་པར་རང་བློས་དཔག་ཚོད་ཀྱིས་དཔྱད་ཁུལ་བྱས་ན། ཕག་གསོ་བ་ནི་ལས་ཡིན་ལ་ལས་ལམ་མིན་པའི་རྒྱུ་མཚན། གསོ་ཞེས་པ་ནི་བྱ་ཚིག་གམ་ལས་ཚིག་ཡིན་པས་ལས་བྱས་པ་ཙམ་ལ་གོ་བ་བླངས་ན་ནོར་འཛོལ་མི་འབྱུང་ཞིང་། ལམ་མིན་པའི་རྒྱུ་མཚན་ཡང་སྐབས་འདིར་ཕག་གསོ་བཞིན་ཡོད་པ་གཅིག་པུ་རེད་མ་གཏོགས་གསོད་སྙམ་པའི་ཀུན་སློང་སྐྱེས་མེད་པས་རེད་སྙམ། ལས་ཀྱི་ལམ་ཡིན་ལ་ལས་མིན་པ་ལ་ཡིད་ཀྱི་གསུམ་བཞག་ཡོད་པའི་རྒྱུ་མཚན་ལའང་གསལ་བོར་དཔྱད་ན། བརྣབ་སེམས་སོགས་ཀྱིས་དགེ་མི་དགེ་གང་རུང་གི་ལམ་བྱེད་རྒྱུ་རེད་མ་གཏོགས་སྐབས་དེར་ལས་བྱེད་མི་ནུས་སོ། ། གཞན་ཡང་ལས་དང་ལམ་གཉིས་ཀ་ཡིན་པ་ནི་ལུས་ངག་གི་ལས་བདུན་ལྟ་བུ་ཡིན་ལ། ལས་དེ་ཉིད་ལས་ཀྱི་ལམ་ཡིན་པའི་རྒྱུ་མཚན། ལས་སེམས་པས་མི་དགེ་བའི་གཞི་བྱེད་པས་ལས་ཀྱི་ལམ་ཡིན་ལ། ལས་ཀྱི་ལམ་དེ་ཡང་ལས་ལ་བཞག་ཆོག་པའི་རྒྱུ་མཚན་ཡང་། སེམས་པ་མི་དགེ་བའི་ལམ་ཡང་བྱེད་པས་ལས་ལ་འཇོག་པར་ཤིན་ཏུ་འཐད་དོ། ། དེ་ལྟར་དཔྱད་དེ་བསམ་གཞིག་གི་ཚངས་ཐིག་ཤོག་ངོར་ཕབ་ཀྱང་ཀློག་པ་བོའི་ཡིད་མགུ་མིན་ཅི་ཆ། དེ་བས་དཔེ་མཚོན་ཞིག་དྲངས་ན། གཡག་ལ་གཅེས་ལྟ་བུ་ཡིན་ཏེ། གཡག་དེ་ནར་སོན་ན་གསོད་སྙམ་པའི་བརྣབ་སེམས་སོགས་སྐྱེ་བ་ལས་ཀྱི་ལམ་ཡིན་ཏེ་མི་དགེ་བའི་གཞི་དེ་ལས་ཁོ་ནས་བྱས་སོ། ། ཡང་གཡག་དེ་ཤ་ཤེད་ཅུང་རྒྱས་པའི་ཚེ་ན་ཤ་ཟ་འདོད་དང་པགས་གོན་འདོད། ཁྲག་འཐུང་འདོད་ཀྱི་ཀུན་སློང་གིས་བསླངས་ཏེ་གསོད་སྙམ་པའི་བློ་ངན་དེ་གནོད་སེམས་ཡིན་པས་ལས་ཀྱི་ལམ་ཡིན་ལ། ལམ་དེ་བརྒྱུད་ནས་སྦྱོར་བ་ལག་ཏུ་བླངས་ཏེ་གཡག་དེའི་བེམ་རིག་སོ་སོར་བཏང་བ་ལས་དངོས་ཡིན་པས། སྡོང་བོ་དང་ཡལ་ག་བཞིན་ལས་དང་ལས་ལམ་གྱི་བར་སྦྲེལ་ཡོད་པ་ཞིབ་མོར་དཔྱད་ན་གོ་སླ་བར་ཕྲན་གྱིས་སེམས་སོ། །
གསུམ་པ། དེ་དང་རིགས་འགྲེ་བའི་བྱས་བསགས་དང་འཕེན་རྫོགས་གླེང་བ།
   སྤྱིར་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་དམ་འཕོ་མེད་ཀྱི་འདུན་པ་རྒྱ་མཚོའི་རླབས་ཕྲེང་བཞིན་ཡོལ་བ་མེད་པའི་བོད་པ་ཚོའི་སེམས་ཀྱི་ཞིང་སར་བྱམས་བརྩེ་ཡི་ས་བོན་གཏན་དུ་གནས་ཡོད་པས་ལས་འབྲས་ལ་ལོག་ལྟ་བྱེད་རྒྱུ་ཕར་ཞོགའུ་ཐུག་ཐབས་ཟད་ལ་འཕྲད་ན་མ་གཏོགས་གཞན་ལ་འཚེ་བའི་ལས་མི་བྱ་ཞིང་། ཞི་བདེ་དང་བདེ་སྐྱིད་ལ་དགའ་བའི་སྤྱི་ཚོགས་ཡ་རབས་ཤིག་རེད་ཅེས་གང་སར་གྲགས་མོད། དོན་དངོས་སྟེང་ང་ཚོའི་སྤྱི་ཚོགས་འདི་གནའ་ནས་ད་བར་དུ་རྨོངས་དད་ཆེ་བའི་སྤྱི་ཚོགས་ཤིག་སྟེ། དགེ་བ་བསྒྲུབ་པར་མོས་ཀྱང་སྒྲུབ་ཤེས་མཁན་ཉིན་མོའི་སྐར་མ་ཙམ་རེད། ང་ཚོས་མིག་རྒྱང་རིང་ཙམ་བྱས་ཏེ་འུ་ཚང་གི་སྐྱ་སེར་གཉིས་ཀས་དགེ་སྒྲུབ་སྡིག་སྤོང་བྱེད་སྟངས་ལ་སོམས་དང་ངུ་མ་རྒོད་ཀྱི་གཏམ་རྒྱུད་ཅིག་ལས་མི་འདུགགང་ལགས་ཞེ་ན། རྒན་པ་ཚོས་ཕྲེང་བ་འདེད་ཞོར་ཁ་བརྡ་ལབ་པ་དང་། ཞེ་སྡང་ལང་བཞིན་མ་ཎི་བཏོན་པའང་དགེ་བར་བགྲང་བཞིན་ཡོད་ལ། སེར་མོ་བས་བོན་འཆད་ཀྱང་། བདག་རྒྱལ་གཞན་ཕམ། ཉེ་རིང་ཆགས་སྡང་། རང་ལྟ་མཆོག་འཛིན་སོགས་ཀྱི་དབང་དུ་མ་སོང་བ་ཕལ་ཆེར་མེད་པ་བློ་གཟུ་བོར་གནས་མཁན་ཞིག་ཡིན་ཚེ་ཝ་ལེར་ཝ་ལེར་དྲན་ངེས་སོ། ། དེ་ལྟར་དགེ་བ་སྒྲུབ་ཚེ་ཉེས་པའི་ཁར་ཉེས་པ་བསགས་ཏེ་དམྱལ་བར་ལྟུང་བའི་རྒྱུ་ལས་མེད་དེ། དགེ་བ་ཡང་དག་ཅིག་སྒྲུབ་སྟངས་ལ་ཅིས་ཀྱང་འབད་དགོས་པས་བྱས་བསགས་དང་འཕེན་རྫོགས་ཀྱི་ཐད་ནས་སྙིང་གཏམ་ཐོར་བུ་ཞིག་མི་གླེང་ག་མེད་བྱུང་སོང་། དགེ་བ་བཅུ་སྒྲུབ་པ་དང་མི་དགེ་བ་བཅུ་སྤོང་བའི་ཚེ་ན་བྱས་བསགས་ཚང་ཚུལ་འདི་ཐོག་མར་བྱེད་པོ་གང་དེའི་སེམས་ལ་ངེས་དགོས་ཤིང་། བྱས་བསགས་ཚང་བའི་སྒོ་ནས་དགེ་བས་བདེ་འགྲོར་སྐྱེ་ཞིང་སྡིག་པས་ངན་འགྲོར་ལྟུང་བ་འཕགས་མཆོག་གོང་མ་རྣམས་ཀྱིས་གསུང་བ་བཞིན་ནོ། ། དེ་ལྟར་བྱས་བསགས་ཚང་མིན་གྱི་ཁྱད་པར་ལའང་དཔེ་བརྗོད་ཅིག་བཞག་སྟེ་ཁ་གསལ་གྱི་ལམ་ནས་བརྗོད་ན། ཀུ་ཤུའི་ཁ་པར་བོན་ཅན། བརྐུ་བསམ་ཡུན་རིང་བརྩམས་ཀྱང་རྐུ་མ་ཐུབ་པ་ནི་བསགས་ལ་མ་བྱས་པ་དང་། བསམ་བཞིན་མིན་པར་ཁྱེར་བ་ནི་བྱས་ལ་མ་བསགས་པ་ཟེར། བསམ་བཞིན་བརྐུས་པ་ནི་བྱས་བསགས་གཉིས་ཀ་ཚང་བ་ཡིན། བརྐུ་བསམ་སྐད་ཅིག་དང་པོ་སྐྱེས་པ་ཙམ་ནི། བྱས་བསགས་གཉིས་ཀ་མིན་པའོ། ། དེའི་རྒྱུ་མཚན། བརྐུ་བསམ་སྐད་ཅིག་དང་པོས་ཀུན་གཞིའི་སྟེང་ལ་བག་ཆགས་འཇོག་མི་ཐུབ། ཅེས་སློབ་དཔོན་ཆེན་པོའི་ཞལ་ནས་ཐོས་སོ། ། དེ་ལྟར་དགེ་བ་བཅུ་དང་མི་དགེ་བ་བཅུ་གང་བསྒྲུབ་ཀྱང་གཙོ་བོ་སྒོ་གསུམ་ལས་མ་འདས་ལ་སྒོ་གསུམ་ལས་ཇི་ལྟར་བྱུང་བ་ལས་དང་ལས་ལམ་གྱི་མུ་བཞི་བརྩི་ཚུལ་སྐབས་ཞུས་ཟིན་པས། དེ་དང་རིགས་འགྲེའི་གོ་བ་བླངས་ཆོག་པས་ཞིབ་ཏུ་དཔྱོད་པར་འཚལ། སྤྱིར་བཏང་རྒྱུ་འབྲས་ལ་དབྱེ་ན་མང་སྟེ། རྣམ་སྨིན་གྱི་འབྲས་བུ་སྨིན་ཚུལ་མི་འདྲ་བ་དང་བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། དབང་འབྲས་སོགས་ཀྱི་ཁྱད་པར་ཡང་གསལ་བོར་ཤེས་འདོད་མཁན་ཚོས་གཤེན་བསྟན་ལམ་རིམ་དང་སྡེ་སྣོད་མཛོད་སོགས་འཚོལ་དང་ཞིབ་ཅིང་ཕྲ་བ་ཞིག་ཤེས་ཐུབ་པས། འདིར་བྲིས་ན་ཡིག་ཚོགས་མང་བ་ལས་དགོས་པ་ཆུང་སྙམ། གཞན་ཡང་བྱས་བསགས་ཚང་མ་ཚང་གི་དབང་གིས་དགེ་སྡུག་ལ་ལྕི་ཡང་ཤོར་བ་འཕེན་རྫོགས་ཀྱི་ཆ་ནས་ཀྱང་རྟོགས་སྲིད་ལ། འཕེན་བྱེད་དགེ་བ་དང་རྫོགས་བྱེད་མི་དགེ་བས་བདེ་འགྲོ་དང་ངན་འགྲོར་འཕེན་སྲིད་ལ། རྫོགས་བྱེད་དགེ་བ་དང་མི་དགེ་བས་བདེ་བ་དང་སྡུག་བསྔལ་རིམ་གྱིས་མྱོང་དུ་འཇུག་སྲིད། འཕེན་རྫོགས་ལ་ཞིབ་ཕྲ་བྱས་ན་གོ་བཟློག་སྟེ་བྱེད་པ་དང་འདྲེས་མར་བྱེད་པའང་ཡོད། འཕེན་བྱེད་དགེ་བས་འཕངས་པའི་དལ་འབྱོར་གྱི་ལུས་རྟེན་ལ་རྫོགས་བྱེད་མི་དགེ་བས་ཀུན་ནས་བསླངས་ཏེ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སོགས་ཀྱིས་མནར་བའང་ཡོད་ལ། འཕེན་བྱེད་མི་དགེ་བས་འཕངས་པའི་ངན་འགྲོའི་རྟེན་ལ་རྫོགས་བྱེད་དགེ་བའི་དབང་གིས་ལྷའི་དཔལ་འབྱོར་ཉམས་སུ་མྱོང་བའང་ཡོད་སྲིད། ཡང་བདེ་སྡུག་འདྲེས་མར་ཉམས་སུ་མྱོང་ཚུལ་ལྐོག་གྱུར་གྱི་གནས་ཤིག་མ་ཡིན་ཏེ། ད་ལྟའི་འཇིག་རྟེན་འདི་ནས་མིག་མཐོང་ལག་ཟིན་དུ་སྣང་རྒྱུ་ཡོད་རེད། དེ་ལ་བརྟེན་ནས་དཀར་པོའི་ལས་ལམ་དང་ནག་པོའི་ལས་ལམ་གྱི་ཁྱད་པར་ཡང་སོ་སོའི་སེམས་ལ་གསལ་བར་ངེས་ཐུབ། འདི་ལྟར་དཔེ་བརྗོད་དང་བཅས་ཏེ་དགེ་སྡིག་གི་བླང་དོར་ལ་བསམ་གཞིག་རེ་བཏང་ན་དགེ་བ་ཡང་དག་ཅེས་པ་དེ། འགྲོ་ཞོར་འདུག་ཞོར་དང་ཨུ་ཚུགས་རྨོངས་དད་ཙམ་གྱིས་མི་འོང་བ་སེམས་ལ་ངེས་ཏེ། བོན་ཚིག་གཅིག་ཡིན་ཆད་ལའང་གོ་བ་རེ་ཨེ་ལོན་ལྟོས། གོ་བ་རེ་ལོན་ན་དེའི་དོན་ཉམས་སུ་ལེན་ཨེ་ཐུབ་ལྟོས། དེ་ལྟར་འགྲོ་ཐུབ་ན་ཕྱི་མའི་ལམ་ནས་གནོང་འགྱོད་མི་དགོས་ཤིང་བོད་མི་རིགས་ཀྱི་རིག་གནས་ཞེས་མིང་དོན་མཚུངས་པའི་ནོར་བུ་འདིའི་ནོར་ཉམས་ཀྱང་ཆོད་པ་རེད་མ་གཏོགས། རྨོངས་དད་ཀྱི་མུན་པ་མ་སངས་ན། སངས་རྒྱས་ཀྱི་ཉི་འོད་མི་མཐོང་བ། དཔེ་བཞག་ན་ནམ་མཁའི་མེ་ཏོག་དང་མོ་གཤམ་གྱི་བུ་རེད་ཅེས་ཁོ་བོས་སྨྲས་སོ། །
བཞི་བ། ལས་འབྲས་སྨིན་ཚུལ་དང་མཐའ་དོན་བསྡུས་པ།
   དེ་ཡང་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱིས་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་སྒྲུབ་པ་སྦྱངས་ནས་མཐར་མངོན་པར་རྫོགས་སངས་རྒྱས་ཀྱང་། སླར་ཡང་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་མྱུར་དུ་འདྲེན་པའི་སླད་དུ་མིའི་གཟུགས་སུ་སྤྲུལ་ཏེ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཞིང་མཆོག་འོལ་མོ་ལུང་རིང་ནས་བཀའ་བོན་གྱི་སྒོ་མོ་ཆེ་བརྒྱད་ཁྲི་བཞི་སྟོང་གང་ཟག་སོ་སོའི་བློ་དང་འཚམས་པའི་སྒོ་ནས་གསུང་ཡོད་པས་སྐུ་དྲིན་གཞལ་མཐའ་བྲལ་ཡང་། ཁ་རྩང་དེ་རིང་ཡང་གྲུབ་མཐའི་ཆགས་སྡང་གིས་མྱོས་པའི་སྐྱ་སེར་འགས་ཕྱི་བ་དང་ནང་བའི་ཁྱད་པར་བསྣོགས་ཏེ། བོད་རང་ས་ནས་སྐྱེས་སྟོབས་ཀྱི་དཔལ་འབར་བའི་འོད་ཀྱི་ནོར་བུ་སྟེ་གཡུང་དྲུང་གི་བོན་ལ་ཉམས་ལེན་དང་ཞིབ་མཇུག་མི་བྱེད་པར་ཟེར་སྒྲོས་ཙམ་ལ་རློམ་སྟེ་སྐུར་འདེབས་དང་ལོག་ལྟ་བྱས་ཚད། ཡང་དག་པའི་གནས་ལུགས་ཤིག་མ་ཡིན་ཏེ་བུ་ཚ་ངན་པས་ཕ་ཁུའི་རིགས་རྒྱུད་སྨད་པ་དང་ཀུན་ནས་མཚུངས་སོ། ། ད་རུང་འདས་པའི་ལོ་རྒྱུས་ཁྲོད་དུ་རྒྱལ་བློན་དབང་ཆེན་འགས་རང་ཉིད་ཀྱི་སྙན་གྲགས་དང་མངའ་ཐང་གི་ཆེད་དུ་ཕྱོགས་འཛིན་གྱི་རལ་གྲི་དམ་དུ་བཅངས་ཏེ་བོད་ཁ་བའི་གསེར་གྱི་རིག་གཞུང་ཆུ་ལ་བསྐུར། མེ་ལ་བསྲེགས། རྔ་བཅད་རྔོག་བཅད་བྱས་པའི་ནག་ཉེས་གནམ་ལ་མི་ཤོང་ཡང་སྐབས་སུ་མ་བབས་པས་གླེང་རྒྱུ་མིན། གཙོ་བོ་ཕྱི་བ་དང་ནང་བའི་ཁྱད་པར་སྐྱབས་འགྲོའི་ཐོག་ནས་འཇོག་དགོས་པ། གཤེན་བསྟན་ལམ་རིམ་སོགས་སུ“ཕྱི་བ་ནང་བའི་ཁྱད་པར་སྐྱབས་འགྲོས་དབྱེ། ”ཞེས་དང་། སུ་ལ་ཚང་གི་གཡུང་དྲུང་བོན་གྱི་དེ་ཉིད་ཀྱི་ནང་ན“མཆོག་གསུམ་སྐྱབས་སུ་བསྟེན་ན་ནང་བ་དང་། བཀའ་རྟགས་ཕྱག་རྒྱ་བཞི་ལྡན་སངས་རྒྱས་པ། སྡེ་སྣོད་བསླབ་པ་གསུམ་དང་རྗེས་མཐུན་ན། ། དེ་ནི་ནང་བ་སངས་རྒྱས་བསྟན་པ་ཡིན། ། ”ཞེས་གསུངས་སོ། ། དེ་དག་ཚུལ་བཞིན་ཉམས་སུ་ལེན་མཁན་ཞིག་ཡིན་ན་དེའི་མིང་ལ་ནང་བ་ཞེས་བརྗོད་དགོས་པ་ལུང་གིས་ཟིན་ཡོད་ལ། ད་དུང་རིག་པས་གཞལ་ན་ཡང་གཡུང་དྲུང་གི་བོན་ལ་ཐོས་བསམ་དང་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ། ཁོའི་རྒྱུད་ན་སྐྱབས་འགྲོའི་བསླབ་བྱ་ཡོད་པ། མཆོག་གསུམ་སྤྱི་བོའི་གཙུག་ཏུ་བཀུར་ཞིང་ལས་འབྲས་དཔྲལ་བའི་མིག་བཞིན་བསྲུངས་དང་སྲུང་བཞིན་པའི་ཞེ་དམ་གཅིག་པུས་ཆོགདཀྱིལ་ལ་ཨེན་ཙམ་བབས་ན། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ཀྱི་རྣམ་བཞག་འདི་ནི་ནང་བ་སངས་རྒྱས་པའི་ཁྱད་བོན་རྨད་དུ་བྱུང་བ་ཞིག་ཡིན་པས། འདི་ཉིད་ཇི་ལྟར་སྨིན་ཚུལ། ཅིའི་ཕྱིར་སྨིན་ཚུལ་སོགས་ལ་ཞིབ་མཇུག་དང་བསམ་བློ་མི་གཏོང་བར་ཚེ་ཚེ་རབས་རབས་སུ་བླ་མ་དཀོན་མཆོག་གིས་མཁྱེན། ཁ་རྩང་དེ་རིང་ཡང་སྡུག་པ་མང་པོ་བྱས་ཡོད་ཟེར་ནས་ལག་པ་ཐོད་ལ་བཞག་སྟེ་མིག་བཙུམ་པ་ཙམ་ལ་ལས་འབྲས་སྲུང་བ་མི་ཟེར་ལ། སྲུང་བའི་དགེ་བའང་མི་འབྱུང་ངོ་། དེ་ལྟར་དགེ་སྡིག་གི་བླང་དོར་ལ་རྨོངས་པ་ཐལ་དྲག་པས་འཁོར་བ་ནས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་གྱི་རྒྱ་རུ་ཚུད་པ་མ་ཡིན་ནམ། “གལ་བོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར”ཟེར་བའི་དཔེ་ལྟར། སྐྱབས་གནས་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན། ལས་འབྲས་ཀྱི་སྨིན་ཚུལ་མི་འདྲ་བ་ཐོག་མར་སེམས་གཏིང་ལ་ངེས་དགོས་པས། བསམ་པ་བཟང་ངན་གྱི་ལས་གང་བྱས་པ་ཡིན་ན། དེའི་འབྲས་བུ་ད་ལྟར་སྨིན་ཚུལ་ཞིག་དང་ཕྱི་མར་སྨིན་ཚུལ་ཞིགཕྱི་མའི་ཕྱི་མར་སྨིན་ཚུལ་བཅས་ཡོད་ལ། མི་ཚང་མས་ལས་ད་ལྟ་བྱས་ན་ད་ལྟ་སྨིན་ཚུལ་དེ་ལ་ངེས་ཤེས་རེ་རྙེད་ཟིན་ནའང་། ཕྱི་མར་སྨིན་པ་དང་ཕྱི་མིའི་ཕྱི་མར་སྨིན་ཚུལ་ལ་ཁ་ཐག་ཅུང་རིང་བའི་རྐྱེན་གྱིས་སམ་གང་ལྟར་ཕྲ་ཞིང་ཕྲ་བ་ཞིག་རྟོགས་མེད་པས་ལས་འབྲས་སྨིན་ཚུལ་ལ་རྨོངས་པ་ཡིན་ན། དེ་འདྲ་མི་དགོས་པའི་ཐབས་སུ་དུས་གསུམ་གྱི་སྒོ་ནས་ལས་འབྲས་སྨིན་ཚུལ་ལ་གཞིག་ཆོག་སྟེ། ཚེ་གཅིག་ལ་དགེ་སྡུག་གི་འབྲས་བུ་མྱོང་བ་གཤེན་བཟའ་ནེའུ་ཆུང་ལྟ་བུ་ཡིན་ལ། མོས་ཚེ་སྟོད་ཡབ་སྟོན་པ་དང་འགྲོགས་ནས་དཀར་པོ་དགེ་བའི་ལས་བྱས་རྐྱེན་བདེ་བ་དང་སྐྱིད་པའི་སྐབས་དང་འཕྲད་མྱོང་ལ། ཚེ་སྨད་བདུད་ཁྱབ་པ་དང་འཕྲད་དེ་མི་དགེ་བའི་ལས་བྱས་རྐྱེན་སྡུག་བསྔལ་མྱངས་པའི་ལོ་རྒྱུས་ཀྱང་མདོ་གཟེར་མིག་སོགས་སུ་གསལ་བ་ཐོས། ཚེ་ཕྱི་མར་མྱོང་བ་གཏོ་བུ་དོད་དེ་ལྟ་བུ་ཡིན་ལ། སྡིག་ཅན་གཏོ་བུས་རྒྱལ་བ་གཤེན་རབ་མཆོག་ལ་ལོག་ལྟ་བྱས་རྐྱེན། དམྱལ་བར་ལྷུང་སྟེ་སྟོན་པས་སྐྱོབ་དགོས་བྱུང་སོང་བའང་སྡེ་སྣོད་མཛོད་ལས། སྡིག་ཅན་གཏོ་བུ་སྟོན་པར་མ་དད་པས། ། ངན་སོང་ལྟུང་ནས་སྐྱོབས་དང་བྲལ་ལ་མཚུངས། ། ཞེས་གསུངས་སོ། ། ཚེ་གསུམ་པའམ་ཕྱི་མའི་ཕྱི་མར་མྱོང་ཚུལ་བདུད་ཁྱབ་པ་ལྟ་བུ་ཡིན་ཏེ། སྡེ་སྣོད་མཛོད་ལས། ཁྱབ་པས་སྟོན་པའི་མཛད་སྤྱོད་ལ་བརྟགས་པས། ། ཁྱབ་པ་བདུད་ལ་སྟོན་པའི་ལྷ་སེམས་སྐྱེས། ཞེས་གསུངས་སོ། ། དེ་ལྟར་ལས་བྱས་པ་ཆུད་མི་ཟ་བ་བསྐལ་བ་བརྒྱ་སྟོང་འགོར་ཀྱང་མྱོང་དགོས་ཤིང་། མ་བྱས་པ་དང་མི་འཕྲད་པའི་ཚུལ་ནི་ནང་བ་སངས་རྒྱས་པའི་ལྟ་གྲུབ་ཡང་དག་ཅིག་ཡིན་ལ། ལྷག་དོན་དུ་ལས་འབྲས་རགས་པ་ང་ཚོས་ཅུང་ཟད་ཅིག་རྟོགས་སྲིད་ནའང་། ལས་འབྲས་ཕྲ་བ་དེའི་རང་བཞིན་ནམ་ངོ་བོ་འཇིག་རྟེན་གྱི་ཁམས་ལ་དབང་ཆེ་བ་ཚངས་པ་དང་དབང་ཕྱུག་སོགས་ཀྱིས་ཀྱང་རྟོགས་དཀའ་བའི་ཕྱིར་ན། རང་ཅག་སོ་སྐྱེས་བློ་དམན་ཞིག་གིས་ག་ལ་རྟོགས། འོ་ན། སུས་རྟོགས་ཡོད་དམ་ཞེ་ན། དེ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་བདག་ཉིད་དེ་སངས་རྒྱས་གཤེན་རབ་མི་བོས་གསུང་བ་བཀའ་དང་བཀའ་རྟེན་གྱི་ཁྲོད་ན་ནམ་ལངས་ཉི་ཤར་ལྟར་གསལ་བ་དེའོ། ། ད་ནི་ཡིད་གཉིས་ཀྱི་འཆིང་བ་བཅད་དེ་རྒྱལ་བའི་བཀའ་ཚད་མ་ལ་བརྟེན་ནས་ཤིན་ཏུ་ལྐོག་གྱུར་གྱི་གནས་འདི་ལ་ཡིད་ཆེས་བཙལ་དགོས་ཏེ། རྒྱལ་བའི་བཀའ་ལ་བསླུ་བ་མི་སྲིད་པའི་ཚུལ་ནི་ལུང་ལས། རྒྱ་མཚོ་ཆེན་པོ་སྐམ་པ་དང་། ། རི་རབ་གཞན་དུ་འཕོ་བ་དང་། ཉི་ཟླ་ཐང་ལ་ལྷུང་སྲིད་ཀྱང་། ། གཡུང་དྲུང་བོན་གྱིས་བསླུ་མི་སྲིད། ། ཅེས་གསུངས་པ་ལྟར། ཐོས་བསམ་གྱི་རྒྱ་མཚོ་ལ་བརྩོན་འགྲུས་ཀྱི་ཀོ་གྲུ་བཏང་སྟེ་ཤེས་རབ་ཀྱི་རིན་ཆེན་འཚོལ་མཁན་ཞིག་ཡིན་ན་ལས་འབྲས་ཀྱི་སྨིན་ཚུལ་འདི་སེམས་ལ་ངེས་དགོས་པ་གནད་ཀྱི་དམ་པ་རེད་སྙམ།
མཐའ་དོན་བསྡུས་པ།
མི་རིགས་གྱི་རྩ་བ་ནི་སྐད་ཡིག་ཡིན་ལ། སྐད་ཡིག་ལ་དར་རྒུད་བྱུང་བ་ནི་མི་རིགས་ལ་དར་རྒུད་བྱུང་བ་ཡིན་པས། སྐད་ཡིག་ནི་ཅིས་ཀྱང་འབོར་མི་རུང་བའི་འོད་ཀྱི་ནོར་བུ་ཞིག་ལགས་པས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཚུལ་ཐོག་མར་ཞུས་པ་ཡིན། ད་རུང་རིག་པའི་གཞུང་ལུགས་དེ་དག་མི་རིགས་ཤིག་ལ་མཚོན་ན་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་མེད་དུ་མི་རུང་བའི་དེ་ཉིད་ལ་སྲུང་སྐྱོབ་དང་བདག་གཉེར་བྱེད་དགོས་པ་རེད་མ་གཏོགས། ཆག་འཇིག་དང་གཏོར་སྐྱོན་གཏན་ནས་བཟོ་མི་རུང་སྙམ། རིག་པའི་གཞུང་ལུགས་དེ་དག་ཕྱོགས་ཀུན་ནས་འཐུས་སྒོ་ཇེ་ཚང་ཡོང་བར་ས་གནས་སོ་སོ་ནས་སློབ་གྲྭ་དང་ཚོགས་པ་བཙུགས་ཏེ། གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་གཏོང་སླད་ཉམས་ལེན་དང་ཐོས་བསམ་བྱ་ཐུབ་ན། མི་རིགས་དེའི་ངོ་བོ་ཡང་འདྲ་འདྲའི་ནང་གི་མ་འདྲ་བའི་ཁྱད་བོན་ཞིག་མངོན་ཐུབ་པར་སོམ་ཉི་བའི་རྟུལ་ཞུགས་འཛིན་མི་དགོས་ཞེས་ཁོ་བོས་སྨྲ་ཕོད། ཉིན་རྒྱུན་འདི་འདྲའི་བསམ་བློ་ཞིག་གིས་ཀུན་ནས་བསླངས་ཏེ་རྒྱུ་མཚན་དབེན་ཡང་ཁོག་གི་ན་ཟུག་གནོན་མ་ཐུབ་པའི་དབང་གིས་“ལས་དང་ལས་ལམ་ཀྱི་སྐོར་ལ་རགས་ཙམ་དཔྱད་པ”ཞེས་པའི་དཔྱད་རྩོམ་ཞིག་འབྲི་ཁུལ་བྱས་ཀྱང་། ལེ་ལོ་དང་སྒྱིད་ལུག་ལ་གོམས་པ་ཐལ་ཆེ་བས་དཔྱད་རྩོམ་འདིའི་ཚན་པ་རེ་རེའི་མགོ་མཇུག་ར་འཕྲོད་པ་ཞིག་འབྲི་མ་ཐུབ་ཅིང་། ནང་དོན་དང་སྡེབ་སྦྱོར་སོགས་ཀྱི་ཐད་ནས་ཀྱང་སྐྱེས་སྦྱང་གི་ཤེས་རབ་དམན་པས་དེ་འདྲའི་ཡིད་ཚིམ་པ་ཞིག་མ་འཁྱོངས་པས་ཅིས་ཀྱང་དགོངས་དག་ཞུ་འོས། མཐར་དགེ་བ་ཆུང་ངུ་འདིས་ཀློག་པ་ཐོས་བསམ་གྱི་ལམ་ཁར་བསྐྱོད་དང་སྐྱོད་བཞིན་པའི་རང་འདྲའི་སྨྱུག་ཐོགས་པ་ཡོངས་ལ་བློ་སྐྱེད་ཨེན་ཙམ་རགས་ཐུབ་པའི་སྨོན་འདུན་དང་བཅས་མཐའ་བསྡུས་པའོ། །
དཔྱད་གཞིའི་དཔེ་ཆ། སྡེ་སྣོད་རིན་པོ་ཆེའི་མཛོད། ཀུན་མཁྱེན་ཤར་རྫ་པས་མཛད། བྱང་ཆུབ་བསྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པའི་གཞུང་། སྐུ་མདུན་བསོད་ནམས་གཡུང་དྲུང་གིས་མཛད། ། བྱུང་ཆུབ་བསྒྲུབ་ཐབས་ལེགས་བཤད་ལམ་གྱི་རིམ་པའི་འགྲེལ་བ་ཐར་ལམ་གསལ་བྱེད། ཀུན་གྲོལ་འཇའ་ཚོན་སྙིང་པོས་མཛད། ལམ་རིམ་ཉེར་ཁོ་འམ་གཏམ་རྒྱུད་བརྡ་དོན་གསལ་བའི་མེ་ལོང་། ངེས་དོན་མཐོང་བ་རང་གྲོལ་གྱིས་མཛད། སྡེ་སྣོད་རིན་པོ་ཆེའི་རྩ་བའི་ཚིག་འགྲེལ་དཔྱོད་ལྡན་སྙིང་གི་ནོར་བུ། ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་མཛད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།