བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོ་སྤྲོད།

[ཟླ་ཚེས། 2018-05-03 11:01:00][རྩོམ་པ་པོ། བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 123.png

བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞིའི་ངོ་སྤྲོད།

བླ་མེད་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་བཅས་པ་བསྟན་པའི་གཞུང་ལ་བཀའ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ཀྱང་། ད་ལྟ་རང་རེའི་དངོས་སུ་མཇལ་དུ་ཡོད་པའི་གཡུང་དྲུང་བོན་གྱི་ལུགས་ཀྱི་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་བྱ་བ་གང་ལ་ངོས་འཛིན་པ་ཡིན་ནམ་ཞེ་ན། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་བཟུང་རྒྱལ་བ་དགོངས་བརྒྱུད་དགུ་དང་། འཇའ་ལུས་འཕོ་ཆེན་ཉེར་བཞི། ཉམས་རྒྱུད་ཀྱི་དཔོན་གསས་རིག་འཛིན་ནས་རིམ་གྱིས་བརྒྱུད་པའི་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་ཞེས་ཕྱི་ལྟ་བ་སྤྱི་གཅོད་ཀྱི་གཞུང་དང་། ནང་མན་ངག་དམར་ཁྲིད་ཀྱི་གཞུང་། གསང་བ་རིག་པ་གཅེར་མཐོང་གི་གཞུང་། ཡང་གསང་གནས་ལུགས་ཕུགས་ཆོད་ཀྱི་གཞུང་དུ་གྲགས་པའི་སྙན་རྒྱུད་སྐོར་བཞི་རུ་གྲགས་པའི་གཞུང་དང་། རྫོགས་སྐུ་གཤེན་ལྷ་འོད་དཀར་ནས་བརྒྱུད་པའི་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་གཞུང་བྱ་བ། སྟེང་ལྷ་ཡུལ་དུ་བསྒྲགས་པའི་རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུས་སྦལ་གཡུང་དྲུང་ཐིགས་པ་མན་ངག་རྩ་བའི་རྒྱུད་དང་རྫོགས་ཆེན་ལུང་དྲུག་གཙོས་པའི་སེམས་ཕྱོགས་ཀྱི་གཞུང་ཆེན་རྣམས་དང་། བར་མི་ཡུལ་དུ་བསྒྲགས་པའི་སེམས་དོན་སྡེ་བཅུའི་སྐོར་དང་འགྲེལ་ཆུང་བརྒྱད་སོགས་ཀྱིས་མཚོན་པའི་སེམས་ཕྱོགས་ཀྱི་གཞུང་ཆེན་རྣམས་དང་། འོག་ཀླུ་ཡུལ་དུ་བསྒྲགས་པའི་བོན་སྡེ་ལ་ཐུགས་རྒྱུད་སྨར་བྱང་རྣམ་གསུམ་འོག་ཀླུ་ཡུལ་དུ་བསྒྲགས་པའི་རྒྱུད་དང་ལྟ་བ་སེང་གེ་སྒྲ་བསྒྲགས་ཀྱིས་མཚོན་པའི་སེམས་ཕྱོགས་ཀྱི་གཞུང་ཆེན་རྣམས་དང་། སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་ནས་རིམ་གྱིས་བརྒྱུད་པའི་བྱང་སེམས་གབ་པ་དགུ་སྐོར་གྱི་གཞུང་བྱ་བ་ལུང་དགུ་དང་སྐབས་དགུ་དང་ཟུར་བརྡེག་གི་ཡན་ལག་ལྔ་དང་མདེའུ་ཐུང་གི་ཡན་ལག་བཞི་དང་དགུས་སྐོར་ནས་བཤད་པའི་གཞུང་ཆེན་དེ་རྣམས་སོ། དབྱིངས་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་རིམ་གྱིས་བརྒྱུད་དེ་ཞང་ཞུང་དང་རྒྱ་གར་དང་རྟག་གཟིགས་དང་བྲུ་ཤ་དང་བོད་བཅས་སུ་བསྟན་པའི་བཅུད་རྒྱས་པར་འཕེལ་བའི་སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལ་བམ་པོ་ལྔ་དང་སྐབས་སོ་གཉིས་དང་ལེའུ་བརྒྱ་དང་དགུ་ཅུ་གོ་བདུན་དང་མཆོང་ཉེར་ལྔ་བཅས་སུ་གྲགས་པའི་སེམས་ཕྱོགས་ཀྱི་གཞུང་ཆེན་རྣམས་སོ། དེ་རྣམས་ལ་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་ཡང་ཟེར། རྫོགས་ཆེན་གྱི་མ་བཞི་ཞེས་ཀྱང་གྲགས་སོ།

རྫོགས་ཆེན་གྱི་བུ་བཞིའི་ངོ་སྤྲོད།

སྙན་རྒྱུད་བཀའ་བརྒྱུད་སྐོར་བཞིའི་ཆ་ལག་གམ་བུ་རུ་གྲགས་པ་ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ་གྱི་གཞུང་རྣམས་དང་། ཀློང་ཆེན་བསྒྲགས་པ་སྐོར་གསུམ་གྱི་ཆ་ལག་གམ་བུ་རུ་གྲགས་པ་རྫོགས་པ་ཆེན་པོ་ཡོངས་རྩེ་ཀློང་ཆེན་གྱི་གཞུང་རྣམས་དང་། བྱང་སེམས་གབ་པ་དགུ་སྐོར་གྱི་ཆ་ལག་གམ་བུ་རུ་གྲགས་པ་སེམས་སྨད་སྡེ་དགུ་དང་། སྤྱི་རྒྱུད་ཆེན་པོ་ཡེ་ཁྲི་མཐའ་སེལ་གྱི་ཆ་ལག་གམ་བུ་རུ་གྲགས་པ་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་དང་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་མདོ་འགྲེལ་རྣམས་སོ། དེ་རྣམས་ལ་རྫོགས་ཆེན་གྱི་ཆ་ལག་བཞི་ཡང་ཟེར། རྫོགས་ཆེན་གྱི་བུ་བཞི་ཞེས་ཀྱང་གྲགས་སོ།

རྫོགས་ཆེན་གྱི་ངོ་སྤྲོད།

འཁོར་འདས་སྣང་སྲིད་ཀྱི་བཀོད་པ་དང་སྣང་ཚུལ་གྱི་རོལ་པ་ཇི་སྙེད་ཅིག་སྲིད་པ་ཐམས་ཅད་ད་ལྟའི་རིག་པ་རྗེན་པ་འདིའི་ངང་དུ་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་རྫོགས་པས་ན་རྫོགས་པ་དང་། དེའི་གོང་ན་གཞན་མེད་པས་ན་ཆེན་པོ་ཞེས་བྱ་བའོ། ཡང་ན་རྫོགས་པ་དེ་ལའང་ཀུན་རྫོགས་དང་ཡོངས་རྫོགས་ཐ་ཚན་རྫོགས་པ་དང་གསུམ་སྟེ། ཀུན་རྫོགས་པ་ནི་འཁོར་བ་དང་འཁོར་བའི་བོན་ཀུན་རྫོགས། ཡོངས་རྫོགས་པ་ནི་མྱང་འདས་དང་མྱང་འདས་ཀྱི་བོན་ཡོངས་རྫོགས། ཐ་ཚན་རྫོགས་པ་ནི་འཁོར་འདས་གཉིས་ཀའི་བོན་རྣམས་རྫོགས་པས་ན་རྫོགས་པ་དང་། དེའི་གོང་ན་གཞན་མེད་པས་ན་ཆེན་པོ་སྟེ། རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་ནང་ཚན་སྟེང་ལྷ་ཡུལ་དུ་བསྒྲགས་པའི་བོན་སྡེ་རྫོགས་པ་ཆེན་པོ་ལུང་དྲུག་ལས། ཀུན་རྫོགས་ཡོངས་རྫོགས་ཐ་ཚན་འུབ་ཀྱིས་རྫོགས། རྫོགས་དོན་བཤད་མེད་གཤེན་ལྷ་དཀར་པོའི་ཐུགས། ཞེས་གསུངས་པ་ལྟར་རོ།།

རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གྲངས་མདོར་ཙམ་བསྟན་པ།

ལྟ་བ་གཟའ་གཏད་དང་བྲལ་བ། སྒོམ་པ་དམིགས་གཏད་དང་བྲལ་བ། སྤྱོད་པ་བཀག་སྒྲུབ་དང་བྲལ་བ། འབྲས་བུ་རེ་དྭོགས་དང་བྲལ་བ་ཞེས་ཀྱང་གསུངས། ལྟ་བ་ཐོག་བབས། སྒོམ་པ་ཅར་ཕོག སྤྱོད་པ་ཤུགས་འབྱུང་། འབྲས་བུ་ཀློང་བརྡོལ་ཞེས་ཀྱང་གསུངས། ལྟ་བ་ཀུན་ཏུ་བཟང་པོ། སྒོམ་པ་ཀུན་ཏུ་བཟང་པོ། སྤྱོད་པ་ཀུན་ཏུ་བཟང་པོ། འབྲས་བུ་ཀུན་ཏུ་བཟང་པོ་ཞེས་ཀྱང་གསུངས། ལྟ་བ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། སྒོམ་པ་སེམས་ཉིད་མ་བཅོས་པ། སྤྱོད་པ་བླང་དོར་མེད་པ། འབྲས་བུ་དབྱེར་མེད་གཡུང་དྲུང་ཐིག་ལེའི་ས་ཞེས་ཀྱང་གསུངས་སོ།

རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་རྣམ་གྲངས།

གཞིའི་རྣམ་གྲངས་བསྟན་པའི་སྐབས་ཀ་དག་དང་ལྷུན་གྲུབ་དང་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་གསུམ་དུ་གསུངས་པའི་རང་གཞུང་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་དེ་རྫོགས་པ་ཆེན་པོའི་ལྟ་བར་བཞེད། ལམ་གྱི་རྣམ་གྲངས་ལ་ལམ་ལ་ཁྲིགས་ཆོད་དང་ཐོད་བརྒལ་གཉིས་སུ་གསུངས་པ་སྟེ། ཁྲེགས་ཆོད་བྱ་བ་རྩ་བརྒྱ་ཟེར་བ་གཅིག་གིས་ཆོད་པའམ། རོལ་བརྒྱ་ཤལ་བ་ཡུག་གཅིག་གིས་དེད་པའམ། བྱ་བརྒྱ་འུར་རྡོ་གཅིག་གིས་ཆོད་པ་ལྟར། གོལ་སྒྲིབ་ཀྱི་མཚན་མའི་ཚོགས་རྣམས་རླབས་གཅོད་ཀྱི་ལྟ་བའི་གནས་པ་གཅིག་གིས་ཁྲེགས་སེ་ཆོད་དེ་མཐར་རིག་པ་ཀ་དག་གི་སར་སྐྱེལ་བར་བྱེད་པའི་ཞི་གནས་འོད་གསལ་གྱི་ཉམས་ལེན་ལ། ཁྲེགས་ཆོད་དང་། ཐོད་བརྒལ་བྱ་བ་སྒྲོན་མའི་གནད་ལ་བརྟེན་ནས་ཐིག་ལེ་འོད་གསལ་གྱི་འཆར་སྒོ་རྣམས་མངོན་དུ་བྱས་ཏེ་སྣང་བཞིའི་རིམ་པ་རྣམས་མཐར་གཞི་དབྱིངས་སུ་བསྐྱལ་ཏེ་ལྷུན་གྲུབ་འོད་གསལ་གྱི་སྐུ་རུ་ཐིམ་ནས་རིག་པའི་བཙན་སའམ་ཀུན་བཟང་གྱི་རྒྱལ་སར་བསྐྱེལ་བར་བྱེད་པའི་ལྷག་མཐོང་འོད་གསལ་གྱི་ཉམས་ལེན་ལ། ཐོད་བརྒལ་ཞེས་ཟེར། འབྲས་བུའི་རྣམ་གྲངས་ལ་ངོ་བོ་སྟོང་པ་བོན་སྐུ་དང་རང་བཞིན་གསལ་བ་རྫོགས་སྐུ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་གདན་ས་གསུམ་མངོན་དུ་བྱས་པ་དེའི་ཚེ། ཐ་མལ་གྱི་སྣང་ཞེན་ཕྲ་རགས་ཐམས་ཅད་མཁའ་ལ་རྡུལ་སངས་བའི་དཔེ་ལྟར་དང་། མཚོ་ལ་འཁྱག་ཞུ་བའི་རྣམ་པ་ལྟར་དང་། ཉི་མ་སྤྲིན་དང་བྲལ་བའི་ངང་ཚུལ་ཇི་བཞིན་བོན་སེམས་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་ཏེ་སླར་ཡང་ལྡང་མི་སྲིད་ཅིང་གནས་པ་ཆེན་པོའི་ངང་ལ་དུས་གསུམ་དུས་མེད་གཡོ་མེད་དུ་བཞུགས་པ་དེའི་དུས་ནའོ།

རྫོགས་པ་ཆེན་པོའི་ལྟ་བའི་ངོ་སྤྲོད་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དགོངས་དོན།

སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་ལས། འོ་ན་ལྟ་བའི་ཕུགས་ཡང་དག་དེ་ཅི་ལྟར་ཡིན་ཞེ་ན། འདི་ལྟར་འདོད་དེ། དགག་སྒྲུབ་གང་ཡང་མི་བྱེད་པའི་བོན་ཉིད་དེ། ཡུལ་གྱི་མཚན་མའི་རྣམ་པ་འདིས་གནོད་པ་མ་བྱས་པས་རང་རྟོགས་གཡུང་དྲུང་གི་ཐེག་པ་ཀ་དག་ལྟར་མི་སྤོང་། ཕན་པ་མ་བྱས་པས་ཐུགས་རྗེ་སམས་དཔའ་ནས་གསང་སྔགས་ཕྱི་ནང་ལྷུན་གྲུབ་ལྟར་མི་སྒྲུབ་བོ། ཡང་དག་པར་མེད་པས་སོ་སོ་ལྷ་མི་གཞན་བརྟེན་གྱི་ཐེག་པ་ལྟར་མི་ཞེན། རང་བཞིན་རྒྱུ་ལས་མ་བྱུང་། རྐྱེན་གྱིས་མ་བསྐྱེད། དངོས་པོར་མ་གྲུབ་པས། སྐྱེ་བ་མེད་པའི་རང་བཞིན། དམིགས་འཛིན་མེད་ལ་རང་རིག་པས་རང་རིག་འོད་གསལ་གྱི་རང་བཞིན། ངོ་བོ་རྟག་ཆད་ཀྱི་མཐའ་མ་རེག་པ། གཉིས་སུ་མེད་པའི་རང་བཞིན། སྤང་སྡུད་ཀྱིས་མི་འགྱུར་ཞེན་པས་མ་སླད་པས། བདེ་བ་ཆེན་པོའི་རང་བཞིན། བོན་ཉིད་ཐིག་ལེ་ཉག་གཅིག་རང་བཞིན་ལྷུན་གྱིས་གྲུབ་པས། འབྲས་བུ་གཞན་ནས་མི་འབྱུང་བའི་རང་བཞིན། སྐྱེ་མཆེད་འོད་གསལ་གྱི་རླབས་ནམ་མཁའ་ལ་ཉི་མ་ཤར་བ་ལྟར་བྱུང་བས། གར་ཡང་མི་འགག་པའི་རང་བཞིན། དོན་དང་ཐ་སྙད་སྣ་ཚོགས་མ་བྱུང་བའི་སྔོན་རོལ་ན་གནས་པས། ཡང་མེས་ཆེན་པོར་བཞུགས་པའི་རང་བཞིན། རང་བཞིན་བདུན་དུ་གནས་པའི་བོན་ཉིད། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད། གཡུང་དྲུང་གི་སྙིང་པོར་འཁྲུངས་ལ་སངས་རྒྱས་སྒམ་པོས་མ་མཛད་པ། སེམས་ཅན་སྒྲིན་པོས་མ་བཅོས་པ། འཁོར་འདས་གཉིས་ཀྱིས་མ་རེག་པ། འབྱུང་བས་མ་བསླད་པ། རྟག་ཆད་གཉིས་ཀྱི་མཐའ་མ་རེག་པ། ཀུན་རིག་ཇི་བཞིན་གནས་པའི་རྗེའོ། ཞེས་གསུངས་པའི་ཕྱིར།

ཇི་བཞིན་ཀྱི་སྐྱེ་མཆེད་ཀྱི་ངོ་སྤྲོད་རྩོད་སྤོང་སྨྲ་བའི་སེང་གེའི་དགོངས་དོན།

བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཅེས་པའི་ཇི་ལྟར་གོ་དོན་འགྲེལ་དགོས་སམ་ཞེ་ན། སྟོན་པ་ཐུགས་རྗེ་ཅན་གྱིས་མཛད་པའི་ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ལ་སྩོད་སྤོང་སྨྲ་བའི་སེང་གེ་བསྟན་པའི་གཞུང་ལས། ཇི་བཞིན་ཉིད་ཀྱི་སྐྱེ་མཆེད་ཅེས་བྱ་བའི་གོ་བ་ནི། མ་བཅོས་མ་བྱས་པའི་རང་བཞིན་ནམ། ངོ་བོ་ཉིད་གར་ཡང་བརྗོད་དུ་མེད་པ་ལས། རོལ་པ་སྣ་ཚོགས་གཉིས་བསྡུས་ཀྱི་བོན་རོལ་རྩལ་དུ་ཡང་སྣང་སྟེ། དེ་ཡང་ཡེ་ཤེས་ཀྱི་སྣང་བ་ཁོ་ནའོ། དེ་ཙམ་ལ་འདོགས་པའོ། ཞེས་གསུངས་པའི་ཕྱིར།

རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་ངོས་འཛིན་བླ་ཆེན་དྲན་པ་ནམ་མཁའི་དགོངས་དོན།

བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་ལྟ་བ་ཐོག་བབས་དང་སྒོམ་པ་ཅར་ཕོག་སྤྱོད་པ་ཤུགས་འབྱུང་འབྲས་བུ་ཀློང་བརྡོལ་ཞེས་པའི་གོ་དོན་ཇི་ལྟར་འགྲེལ་དགོས་སམ་ཞེ་ན། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་རྫོགས་པ་ཆེན་པོ་སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་རང་འགྲེལ་༣༣༢ལས། དང་པོ་ལྟ་བ་ཐོག་བབས་ནི། གཞི་ངོ་བོ་དོན་བདག་ཉིད་མཉམ་པ་ཆེན་པོའི་ཐིག་ལེ་ཉག་གཅིག་མི་འགྱུར་བའི་དབྱིངས་ནས། ཡེ་ཤེས་ཀྱི་སྣང་བ་ཐོག་བབས་སུ་ལྷང་གིས་ཤར་བ་ལ། བོན་ཉིད་འཁྲུལ་མེད་དུ་ཡེར་གྱིས་མཐོང་བ་དེ་ལྟ་བ་ཐོག་བབས་ཏེ། དེ་ཅིས་འདི་ལྟར་སྣང་བའི་ཤེས་པ་ད་ལྟ་བ་སལ་ལེ་སང་ངེ་ཝལ་ལེ་ཀྱུག་གེ་སྣང་བའི་རྒྱུ་རྐྱེན་མེད་པར་རང་ཤར་བས་ཐོག་བབས། འཕོ་འགྱུར་མེད་པར་རང་ཤར་བས་ན་ཐོག་བབས། དགག་སྒྲུབ་མེད་པར་རང་ཤར་བས་ན་ཐོག་བབས། རང་བྱུང་ཆེན་པོར་རང་ཤར་བས་ན་ཐོག་བབས་སོ། གཉིས་པ་སྒོམ་པ་ཅར་ཕོག་ནི། དེ་རང་གི་རྣམ་པར་རྟོག་པ་ལ་སྐྱེ་ས་མེད་པས་སྒོམ་པ་ཅར་ཕོག ཅི་ཤར་དེ་ཉིད་རང་ཤར་བས་མ་རིག་པ་ལ་གབ་ས་མེད་པས་ཅར་ཕོག རིག་པ་རང་སྣང་བ་རྡོ་རུས་འཕྲད་པས་ཅར་ཕོག དེ་ཉིད་བཅོས་སུ་མེད་པས་ཅར་ཕོག ད་ལོག་ན་བསྒོམ་རྒྱུ་མེད་པས་ཅར་ཕོག་གོ གསུམ་པ་སྤྱོད་པ་ཤུགས་འབྱུང་ནི། གང་ཡང་ཆེད་དུ་མ་བཀག་པས་ཤུགས་འབྱུང་། ཅིར་ཡང་མ་བཀག་པས་སྤྱོད་པ་ཤུགས་འབྱུང་། ཅིར་ཡང་མི་བྱེད་པས་སྤྱོད་པ་ཤུགས་འབྱུང་། བྱས་དང་མི་འགལ་བས་སྤྱོད་པ་ཤུགས་འབྱུང་། ཅིར་སྤྱད་བོན་ཉིད་ཀྱི་རོལ་པ་ཤར་བས་སྤྱོད་པ་ཤུགས་འབྱུང་། སྤོང་སྡུད་ཞེན་གསུམ་མེད་པས་སྤྱོད་པ་ཤུགས་འབྱུང་། ཐམས་ཅད་བོན་ཉིད་ཀྱི་ཀློང་ལས་མི་མཐུན་པ་དང་། གཉིས་པོ་མེད་དེ། ཐམས་ཅད་ནས་ཐམས་ཅད་དུ་སྒོ་གསུམ་ལྷུག་པ་ལ་གཉེན་པོ་མེད་པས་ཕྱལ་བ་ཡན་པ་ཧར་བ་བློ་བདེ་བོ་ཆེན་པོར་གནས་སོ། བཞི་པ་འབྲས་བུ་ཀློང་བརྡོལ་ནི། དེ་ཡི་ཡོན་ཏན་སྣ་ཚོགས་སུ་མ་འགགས་པས། རང་འབྱུང་གི་རིག་པ་ད་ལྟར་གྱི་ཤེས་པ་འདི་ཅིར་ཡང་སྣང་ཅིང་ཡང་འཆར། ཅིར་ཡང་གསལ་བས་རང་རིག་ཀློང་བརྡོལ་གྱི་འབྲས་བུ་ཞེས་བྱའོ། བོན་སྐུ་ཀློང་བརྡོལ་བས་ནམ་མཁའ་དངོས། ལོངས་སྐུ་ཀློང་བརྡོལ་བས་ས་ཆུ་མེ་རླུང་འབྱུང་བ་ཆེན་པོ་བཞི། སྤྲུལ་སྐུ་ཀློང་བརྡོལ་བས་འགྲོ་དྲུག་སྐྱེ་བ་རྣམ་བཞིའི་སེམས་ཅན། ཡེ་ཤེས་ཀློང་བརྡོལ་བས་དུག་ལྔ། རིག་པ་ཀློང་བརྡོལ་བ་དེ་དག་ཐམས་ཅད་ཡིན་པས་གང་དུ་ཡང་མི་སྤང་བར་ལམ་དུ་བྱེད་པའོ། དེ་ཡང་མེ་ལོང་དགུ་འདུས་འོད་གསལ་གྱི་རྒྱུད་ལས། དགུང་ལ་ཐོག་བབས་གང་ལ་ཐོགས་ཆགས་མེད་པ་ལྟ་བུ་ལྟ་བའི་དོན། མཐོང་ནས་ཁྲི་གདུགས་ཤར་བས་སྨུན་སྨག་ཐོག་བབས་ཡལ་བ་ལྟ་བུ་སྒོམ་པའི་དོན། ཤྭ་ཆུ་ལུང་དུ་འབྲུག་པས་རྩི་ཤིང་ས་རྡོ་དབང་མེད་ལྷག་པར་ལྟ་བུ་སྤྱོད་པའི་དོན། ནོར་བུ་རིན་ཆེན་རྙེད་པས་དགོས་འདོད་ཕུན་སུམ་ཚོགས་པ་ལྟ་བུ་འབྲས་བུའི་དོན། ཉོན་མོངས་འབྱུང་བ་སྐུ་གསུམ་ཤར་བ་དབུལ་མོ་གཏེར་རྙེད་ལྟ་བུ་རྫོགས་ཆེན་དོན། ཞེས་གསུངས་པའི་ཕྱིར།

རྫོགས་པ་ཆེན་པོའི་ལྟ་བ་འདི་མཐའ་བཞིའི་རྒྱ་ལས་གྲོལ་ཚུལ་རྫོགས་ཆེན་གཞུང་གི་དགོངས་དོན།

བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་འདི་མཐའ་བཞིའི་རྒྱ་ལས་གྲོལ་ཚུལ་ཇི་ལྟར་ཡིན་ནམ་ཞེ་ན། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་མཆོང་ཉེར་ལྔའི་ནང་ཚན་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་ལས། རང་གི་བོན་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་མཐའ་རྣམ་པ་བཞི་ལས་གྲོལ་ཏེ། རིག་པ་རང་བཞིན་གྱིས་འོད་གསལ་བས་ཆད་པའི་མཐའ་ལས་གྲོལ། གསལ་ཙམ་ཉིད་ན་དོན་སྐྱེ་བ་མེད་པས་རྟག་པའི་མཐའ་ལས་གྲོལ། རིག་པ་སྣ་ཚོགས་སུ་མི་འགག་པས། གཅིག་ཏུ་འཛིན་པའི་མཐའ་ལས་གྲོལ། སྣ་ཚོགས་སུ་སྣང་ཡང་རིག་པ་ཐིག་ལེ་གཅིག་ལས་མ་འདས་པས། དུ་མར་འཛིན་པའི་མཐའ་ལས་གྲོལ། ཞེས་དང་། སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལ་ཟློ་བའི་བམ་པོ་ལ༡༧༦ལས། མེད་པར་བཤད་པས་ཡོད་མཐའ་གྲོལ། ཡོད་པར་བསྟན་པས་མེད་མཐའ་གྲོལ། གཉིས་མཐའ་བསྟན་པས་གཉིས་མེད་གྲོལ། གཉིས་མེད་བསྟན་པས་གཉིས་མཐའ་གྲོལ། ཞེས་དང་། སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་འགྲེལ་ལས། བདུན་པ་མཐའ་བཞི་པའི་རྒྱ་རང་སར་བཀྲོལ་ལ་མཐར་འཛིན་གྱི་མུན་པ་རང་གསལ་བའི་དོན་ནི། ཞེས་པ། འཆིང་བར་བྱེད་པ་ཡང་མཐའ། གྲོལ་བར་བྱེད་པ་ཡང་མཐའ་ཡིན་ཏེ། ཡོད་པར་འདོད་ན་རྟག་མཐས་བཅིངས། མེད་པར་འདོད་ན་ཆད་མཐས་བཅིངས། གཉིས་ཀར་འདོད་ན་གཉིས་ཀར་རང་གིས་བཅིངས། གཉིས་མེད་དུ་འདོད་ན་གཉིས་མེད་རང་གིས་བཅིངས། མཐའ་ཐམས་ཅད་རང་གིས་གྲོལ་བར་ཤེས་པས་མཐའ་བཞི་རྒྱ་ཡན། ཕྱི་དང་ནང་དུ་མི་ལྟ་ཕྱོགས་དང་རིས་སུ་མི་འབྱེད་པས་མཐའ་བཞི་རྒྱ་ཡན་གྱི་མན་ངག་མཐའ་དང་ཕྱོགས་སུ་འཛིན་པའི་མུན་པ་ཐམས་ཅད་དུས་གཅིག་ལ་བསལ་བའོ། ཞེས་གསུངས་པའི་ཕྱིར།

རྫོགས་པ་ཆེན་པོའི་གཞི་ལམ་དང་སྒོམ་འབྲས་རྣམས་བདེ་བའི་རང་བཞིན་ཡིན་པའི་རྒྱུ་མཚན།

སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་ལོ་རྒྱུས་ཆེན་མོ་སྐོས་ཀྱི་མཆོང་ལས། རྩ་བ་འཕོ་འགྱུར་མེད་པས་བདེ། གཞི་ལ་དགག་སྒྲུབ་མེད་པས་བདེ། ལམ་ལ་བགྲོད་དུ་མེད་པས་བདེ། སྒོམ་པ་གསལ་སྒྲིབ་མེད་པས་བདེ། འབྲས་བུ་ཐོབ་ཏུ་མེད་པས་བདེ། ཞེས་གསུངས་པ་དེ་ལྟར་རོ།

ཐུན་མོང་མ་ཡིན་པའི་སྟོང་ཉིད་འཇོག་ཚུལ་རྫོགས་ཆེན་གསེར་གྱི་གདམས་པའི་དགོངས་དོན།

སྔགས་རྫོགས་ཐུན་མོང་མ་ཡིན་པའི་ལུགས་ཀྱི་སྟོང་ཉིད་ཅེས་པ་འདི་ཡི་འཇོག་ཚུལ་ག་འདྲ་ཡིན་ནམ་ཞེ་ན། དགག་བྱ་བཅད་པའི་སྟོང་ཆ་མེད་དགག་ཙམ་ལ་འདོད་པ་མ་ཡིན་པར། རང་གི་ངོ་བོ་ལ་བློ་བྱས་ཀྱི་དྲི་མ་རང་བཞིན་གྱིས་མེད་པས་ན་སྟོང་པ་དང་། སྟོང་པའི་སྙིང་པོར་རང་གསལ་དང་ཉིད་ལ་ཉིད་གསལ་གྱི་ཚུལ་དུ་གནས་པ་ན་ཉིད་ཅེས་བྱ་བ་ཡིན་ཏེ། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་དྲན་པ་གསེར་གྱི་གདམས་པ་མན་ངག་དོན་གྱིས་ག་དར་ལས། སྟོང་ནི་ངོ་བོ་འདི་ལའང་རང་བཞིན་མེད་པས་སྟོང་། ཉིད་ནི་སྟོང་པའི་སྙིང་པོར་རང་བཞིན་མེད་པས་གསལ། སྟོང་ཉིད་ཟེར་བའི་ཐ་སྙད་འདི་ལ་ཟེར། ཞེས་བསླུ་མེད་ལུང་གིས་ཇི་ལྟར་གདམས་པ་དེ་ལྟར་གནས་སོ།

སྒོམ་རིམ་གསུམ་གྱི་ངོ་སྤྲོད།

སྔགས་རྫོགས་གཉིས་ཀྱི་ལུགས་ལ་མ་བཅོས་རང་བབས་ཀྱི་ལྟ་བའི་ངང་ལ་ངང་གིས་གནས་པའི་སྒོམ་རིམ་ལ་རྒྱས་པར་ཕྱེས་ན་དགུ་དང་། བསྡུས་ན་གསུམ་དུ་གསུངས་པ་འདི་ལྟ་སྟེ། ཐུན་སྒོམ་དང་ངང་སྒོམ་དང་ཀློང་སྒོམ་དང་གསུམ་མོ། དེ་གསུམ་གྱི་གོ་དོན་ཇི་ལྟར་འགྲེལ་དགོས་སམ་ཞེ་ན། བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་ལས། སངས་རྒྱས་ཀྱི་ལུང་དང་བླ་མའི་གསུང་དང་རྟོགས་ལྡན་གྱི་ཉམས་མྱོང་གིས་འདིར་གསུམ་སྟེ། ཏིང་ངེ་འཛིན་གྱི་ཐུན་སྒོམ་དང་། བྱང་ཆུབ་སེམས་ཀྱི་ངང་སྒོམ་དང་། རྟོགས་པའི་ཀློང་སྒོམ་དང་གསུམ་མོ། དང་པོ་ནི། ལས་དང་པོ་བས་གྲངས་ཐུན་དུ་བཅད་ནས་བསྒོམ་པ་སྟེ། དཔེར་ན་སྤྲིན་བར་གྱི་ཉི་མ་དང་འདྲ་སྟེ་ཧྲབ་ཧྲིབ་ཏུ་བྱེད་པའམ། སྒོང་མཁན་གྱི་ལག་པ་དང་འདྲ་སྟེ། དང་པོ་ཟིན་པ་ཉུང་། བར་དུ་མཉམ། ཐ་མར་ལག་པའི་དབང་དུ་འགྱུར་བ་བཞིན་ནོ། དང་པོ་གནས་པ་ཉུང་། བར་དུ་ཆ་མཉམ། ཐ་མར་ཏིང་འཛིན་གཙོར་གྱུར་ནས། བཞག་ན་སྡོད། བཏང་ན་འགྲོ། བཟུང་ན་ཟིན། དགོས་དུས་སུ་སླེབས་པ་དེ་ཐུན་སྒོམ་ཚད་དུ་སྐྱོལ་བའི་དུས་ཡིན་ནོ། གཉིས་པ་ནི། དེ་བཞིན་བསྒོམ་པས་དཔེར་ན་སྤྲིན་བྲལ་གྱི་མཁའ་ལ་ཉི་མ་ཤར་བ་བཞིན། རིག་པ་གསལ་སྟོང་འཛིན་མེད་དུ་ལྷག་གིས་འཆར་ཏེ། དེ་ཡང་འབབ་ཆུ་དང་འདྲ་སྟེ་རྒྱུན་ཆད་མེད་པ་དང་། རྒྱ་མཚོ་དང་འདྲ་སྟེ་གཡོ་བ་མེད་པ་དང་། ནམ་མཁའ་དང་འདྲ་སྟེ་གསལ་ལ་དྭངས་པའི་ཉམས་འབྱུང་སྟེ། དེ་ཙམ་ན་རྣམ་རྟོག་ཅི་སྐྱེས་ཐམས་ཅད་ངོས་ཟིན་པས་རང་གྲོལ་དུ་ཞིག་སྟེ། དཔེར་ན་མཚོན་ཆའི་འཁོར་ལོ་བར་སྣང་ལ་བསྒྱུར་བ་དང་འདྲ་སྟེ། སྣང་བ་རང་གྲོལ་གྱི་ཉམས་འཆར། ཏིང་འཛིན་ལ་འདུ་འབྲལ་མེད་པས་སྒོམ་མེད་དང་ཡེངས་མེད་དུ་གནས་པ་གཅིག་འབྱུང་སྟེ། ངང་སྒོམ་ཚད་དུ་སྐྱོལ་བ་ཡིན་ནོ། གསུམ་པ་དེ་ལྟ་བུའི་རིག་པ་དེ་ཉམས་སུ་བླངས་པས་དོན་མངོན་དུ་འགྱུར་ཏེ། བསྒོམ་བྱ་དང་སྒོམ་བྱེད་ལས་འདས་པ་ནམ་མཁའ་དག་པའི་ངོགས་ལྟ་བུ་འཛིན་རྟོག་བློ་ལས་འདས་པ་གཅིག་འབྱུང་སྟེ། དེ་ཙམ་ན་ཉོན་མོངས་ཅི་སྐྱེས་ཡེ་ཤེས་དང་ཐུགས་རྗེ་རུ་འཆར། སྣང་བ་ཅི་ཤར་ཐམསཅད་བོན་དབྱིངས་རྣམ་དག་ཏུ་རྟོགས་ཏེ། དུས་དེ་ཙམ་ན་འཁོར་འདས་གཉིས་མེད་བཟང་ངན་སྤང་བླང་བདེ་སྡུག་སངས་རྒྱས་སེམས་ཅན་ཐམས་ཅད་དབྱེར་མེད་རོ་གཅིག་གི་དགོངས་པ་རྒྱུད་ལ་སྐྱེ་སྟེ། དཔེར་ན་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་གསེར་གླིང་ལ་བཞུགས་པ་ལྟ་བུའི་རྟོགས་པ་འཆར་ཏེ། དེ་ཙམ་ན་བོན་སྐུའི་རང་ས་ཟིན་པས་ཀློང་སྒོམ་ཟད་སར་སྐྱེལ་བ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །

སྤང་བསྒྱུར་གྲོལ་གསུམ་ལམ་གྱི་ངོ་སྤྲོད།

གཡུང་དྲུང་བོན་གྱི་ལུགས་ལ་སྤང་ལམ་མདོ་དང་བསྒྱུར་ལམ་སྔགས་གྲོལ་ལམ་སེམས་ཕྱོགས་ཅེས་པའི་གོ་དོན་ཇི་ལྟར་འགྲེལ་དགོས་སམ་ཞེ་ན། ཉོན་མོངས་སྤང་བའི་ལམ་དུ་བྱེད་པའི་ཆ་ནས་མདོ་དང་ཉོན་མོངས་བསྒྱུར་བའི་ལམ་དུ་བྱེད་པའི་ཆ་ནས་སྔགས་དང་ཉོན་མོངས་གྲོལ་བའི་ལམ་དུ་བྱེད་པའི་ཆ་ནས་སེམས་ཞེས་གསུངས་པ་ཡིན་ལ། སྤང་བསྒྱུར་གྲོལ་གསུམ་ཇི་ལྟར་བྱེད་པའི་ཚུལ་ནི་འདི་ལྟར་ཏེ། གཡུང་དྲུང་གསང་བའི་རྒྱུད་དྲུག་གི་ནང་ཚན་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། མ་རིག་རྣམ་པར་རྟོག་པ་ལས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བྱུང་། དེ་ཉིད་འདུལ་བའི་གཉེན་པོ་རུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་ཡི་འདུལ་ལུགས་འདི་ལྟ་སྟེ། སྤྱིར་ན་འཆི་བའི་དུག་ཉིད་ལ། སྤོང་བར་བྱེད་པའི་གཉེན་པོ་ནི། ལ་ལས་དུག་ལ་དུག་ཉིད་དུ། ངོ་ཤེས་མེ་ལ་བསྲེགས་པ་དང་། ཆུ་སྐུར་ས་འོག་འཇུག་པ་ལྟར། ཐེག་པ་ལ་ལས་ཉོན་མོངས་ལྔ། དུག་བཞིན་དུ་ནི་སྤོང་བྱེད་ཅིང་། གཉེན་པོ་ཡེ་ཤེས་རྒྱུད་ལ་བསྟེན། སྦྱོང་བར་བྱེད་པའི་གཉེན་པོ་ནི། ལ་ལས་དུག་ནི་བཅོས་གྱུར་ནས། ཟོས་ན་ལུས་ལ་ཕན་པ་ལྟར། ལམ་ལྔ་ས་བཅུས་སྦྱོང་བའོ། སྒྱུར་བར་བྱེད་པའི་གཉེན་པོ་ནི། དུག་ལ་སྔགས་བཏབ་སྨན་བསྒྱུར་བཞིན། དུག་ལྔ་ཡེ་ཤེས་བསྒྱུར་བའོ། ལམ་དུ་བྱེད་པའི་གཉེན་པོ་ནི། རྨ་བྱས་དུག་ལ་དུག་ཉིད་དུ། ངོས་ཤེས་པས་ཟོས་འགྱུར་པས། གཟུགས་མདངས་རྒྱས་ཤིང་སྡུག་པ་ལྟར། ཉོན་མོངས་ལྔ་རྣམས་དབང་དུ་བྱས། དུག་ལྔ་སྤང་བར་མི་བྱའོ། ཞེས་དང་། སློབ་དཔོན་ཆེན་པོ་ལི་ཤུ་སྟག་རིང་གིས་མཛད་པའི་གཏན་ཚིགས་གལ་མདོ་རིགས་པའི་ཚད་མ་ལས། ཀུན་གཞི་མ་བཅོས་བཞག་ན་བདེ། ཆུ་ནི་མ་རྙོག་བཞག་ན་དྭངས། ཞེས་གསུངས་པ་ལྟར་རོ། །

ཆོས་རྒྱུད་རིས་མེད་ཀྱི་བགྲོ་གླེང་ཐོག་སྤེལ་བའི་རྩོམ་ཤོག་མདོར་ཙམ་སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ་ཏུ་འབོད་པས་ཕྱི་ལོ་༢༠༡༨ཟླ༠༤ཚེས༢༢ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།