ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པའི་དཀར་ཆག་སྲིད་པའི་སྒྲོན་མེ།

[ཟླ་ཚེས། 2026-05-12 13:21:28][རྩོམ་པ་པོ། རིག་འཛིན་ཀུན་གྲོལ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། ། ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པའི་དཀར་ཆག་སྲིད་པའི་སྒྲོན་མེ།

  དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཉི་གཞོན་གྱིས། །ལུང་དང་རྟོགས་པའི་འདབ་བརྒྱ་རབ་བཞད་ཅིང་། །མཐའ་ཀླས་འགྲོ་ལ་ཕན་བདེའི་དཔལ་སྟེར་བའི། །འགྲོ་བའི་བླ་མར་གྱུར་དེ་གཙུག་གིས་མཆོད། །ཡེ་ཤེས་ལྔ་ཡི་ཟུར་ཕུད་རྣམ་མཛེས་ཤིང་། །རྨོངས་རྟུལ་དྲ་བ་གཅོད་པའི་རལ་གྲི་དང་། །བོན་སྒོ་བརྒྱད་ཁྲིའི་ངོ་བོ་པུསྟི་ཀ །འཛིན་མཛད་ཤེས་རབ་ལྷ་མཆོག་ཁྱོད་ལ་འདུད། །བོན་གྱི་དབྱིངས་ཉིད་ཟབ་བརླིང་མཚོ་ཆེན་པོར། །མ་ལུས་རྒྱལ་བའི་ཟླ་གཟུགས་འབུམ་འཆར་བའི། །ངེས་དོན་རིན་ཆེན་འབྱུང་གནས་ཡུམ་ཆེན་མོར། །མི་ཕྱེད་དད་པ་བརྟན་པོའི་ཕྱག་བགྱིའོ། །

  རྒྱལ་བའི་གསུང་གི་བདུད་རྩིའི་ཟེགས་མ་དེས། །མཁའ་མཉམ་འགྲོ་ལ་འཆི་མེད་སྲོག་འཚོ་བའི། །སྐུ་བཞིའི་གོ་སར་བཀྲི་བའི་ལམ་བཟང་པོ། །ཐེག་མཆོག་བོན་ལ་མོས་ཤིང་སྙིང་དབུས་རོལ། །གསང་གསུམ་ཟབ་མོའི་རིན་ཆེན་གྲམ་སྤུངས་པ། །སྣ་ཚོགས་འགྲོ་བློར་འཚམས་པའི་དོན་གང་དེ། །མིང་ཚིག་བརྡ་ཡི་གུ་གེ་ཉེར་བཀོད་པའི། །རྒྱ་ཆེ་ཟབ་པའི་བཀའ་བསྡུ་རྣམས་རབ་བསྔགས། །གསུང་རབ་ཡིད་བཞིན་དབང་གི་རྒྱལ་པོ་དེ། །མི་ནུབ་གཤེན་བསྟན་རྒྱལ་མཚན་རྩེར་བཀོད་ནས། །གང་དགོས་འདོད་པ་འཇོ་བའི་འཛམ་གླིང་ཁྱོན། །འགེངས་མཛད་བརྒྱུད་རིམ་བླ་མས་བདག་སྐྱོངས་ཤིག །མཐུ་སྟོབས་བསྐལ་པའི་མེ་ཆེན་རབ་འབར་བས། །བསྟན་དགྲའི་ཚང་ཚིང་སྟུག་པོ་ཀུན་བཅོམ་སྟེ། །བཤད་སྒྲུབ་བསྟན་པའི་ཉི་མ་འོད་པོ་ཆེ། །ནུབ་མེད་སྤོར་མཛད་མ་བདུད་ལྕམ་དྲལ་རྒྱལ། །བོན་སྲིད་ཟུང་ལྡན་ལྷ་ཡི་ལམ་ཡངས་པོར། །མི་ཟད་པར་གྱི་བོན་སྦྱིན་འོད་སྟོང་ལྡན། །སྟོབས་འབྱོར་རླུང་གི་འཁོར་ལོས་ལེགས་དྲངས་པའི། །དཀར་ཆག་སྲིད་པའི་སྒྲོན་མེ་འདི་ན་སྤོར། །དེ་ལ་དང་པོ་བོན་གྱི་ཁོག་ཕུབ་པ། །གཉིས་པ་གངས་ཅན་ཁྲོད་དུ་བོན་བསྟན་དར། །གསུམ་པ་སྟོང་ཕྲག་བརྒྱ་པའི་བོན་དངོས་བཤད། །བཞི་པ་བོན་འདིའི་སྦྱིན་བདག་གདུང་རབས་སྐོར། །ལྔ་པ་པར་དུ་བཞེངས་པའི་དགོས་དོན་ཆེད། །དྲུག་པ་བཞེངས་པའི་དུས་དང་གནས་ཡུལ་གྲུ། །བདུན་པ་བཞེངས་པའི་ཕན་ཡོན་བསྔོ་སྨོན་ཏེ། །ས་བཅད་བདུན་དུ་ཕྱེས་ནས་ལེགས་པར་བསྟན། །དང་པོ་སྟོན་པ་འཇིག་རྟེན་བྱོན་ཚུལ་ནི། །སངས་རྒྱས་འབྱོན་པའི་དུས་ལ་སྒྲོན་བསྐལ་དང་། །མི་འབྱོན་པ་ཡི་དུས་ལ་མུན་བསྐལ་ཞེས། །དེ་ཡང་དང་པོ་འདས་པ་ཀུན་གྱི་སྔོན། །སྒྲོན་བསྐལ་མུ་ཕྱོད་མུ་སངས་བྱ་བ་ལ། །སངས་རྒྱས་དགུ་ཁྲི་དགུ་འབུམ་འགྲོ་དོན་བྱོན། །དེ་འོག་མུན་པའི་བསྐལ་པ་དགུ་སྟོང་བྱུང་། །དེ་ནས་སྒྲོན་བསྐལ་ཁ་ཡེ་གུང་སངས་མཐར། །མུན་བསྐལ་བརྒྱད་སྟོང་དེ་འོག་སྒྲོན་བསྐལ་ནི། །ཁ་ཡེ་སངས་ལོ་བྱ་བ་གཅིག་ཏུ་བྱུང་། །དེ་འོག་མུན་པའི་བསྐལ་པ་བརྒྱད་སྟོང་ངོ་། །དེ་འོག་སྒྲོན་བསྐལ་ཁ་ཡེ་ཕྱ་སངས་འོག །མུན་བསྐལ་དྲུག་སྟོང་བྱུང་རྗེས་སྒྲོན་བསྐལ་ནི། །ཁ་ཡེ་ཁ་སངས་བྱ་བ་དེ་ཡི་རྗེས། །མུན་པ་ཅན་གྱི་བསྐལ་པ་ལྔ་སྟོང་བྱུང་། །དེ་ནས་སྒྲོན་བསྐལ་མུ་ཡེ་མུ་སངས་འོག །མུན་བསྐལ་བཞི་སྟོང་བྱུང་ཞིང་དེ་ཡི་རྗེས། །སྒྲོན་བསྐལ་གུ་ཡེ་གུང་སངས་བྱུང་དེ་འོག །མུན་བསྐལ་སུམ་སྟོང་བྱུང་བའི་རྗེས་སུ་ནི། །སྒྲོན་བསྐལ་ནུ་ཡེ་ཕྱད་སངས་དེ་ཡི་འོག །མུན་བསྐལ་སྟོང་ཕྲག་བྱུང་ཞིང་དེ་རྗེས་སུ། །སྒྲོན་བསྐལ་མུ་ཡེ་ཕྱ་སངས་བྱ་བ་བྱུང་། །དེ་རྗེས་མུན་བསྐལ་བརྒྱད་བརྒྱ་བྱུང་བའི་རྗེས། །སྒྲོན་བསྐལ་ཁུག་ཆེན་དོན་བཟང་ཞེས་བྱའི་འོག །མུན་པའི་བསྐལ་པ་བཞི་བཅུ་བྱུང་བ་སྟེ། །སྒྲོན་བསྐལ་རེ་བཞིན་ལྷ་གཤེན་སྲིད་པ་རེ། །ད་ལྟ་བསྐལ་བཟང་འདི་ལ་སངས་རྒྱས་སྟོང་། །དེ་མཐར་མུན་བསྐལ་ཆེན་པོ་དྲུག་ཅུ་དང་། །དེ་ནས་སྒྲོན་བསྐལ་སྙན་པ་ཆེན་པོ་ལ། །རྫོགས་པའི་སངས་རྒྱས་ཁྲི་འབྱོན་དེ་ཡི་མཐར། །མུན་བསྐལ་ཁྲི་འབྱུང་དེ་ནས་སྒྲོན་བསྐལ་ནི། །སྐར་མ་ལྟ་བུ་ཞེས་བྱའི་སྒྲོན་བསྐལ་ལ། །སངས་རྒྱས་ཁྲི་འབྱུང་དེ་ནས་མུན་བསྐལ་ཡང་། །བརྒྱ་ཕྲག་གསུམ་འབྱུང་དེ་ནས་སྒྲོན་བསྐལ་ནི། །ཡོན་ཏན་བཀོད་ལ་སངས་རྒྱས་ཁྲི་བཞི་སྟོང་། །འབྱུང་བ་བསྐལ་བཟང་མདོ་སོགས་ལུང་ནས་བཤད། །རྣམ་མཁྱེན་སྟོན་པ་རྒྱལ་བ་གཤེན་རབ་འདི། །སངས་རྒྱས་བརྒྱད་པར་བྱོན་ལ་མི་མཐུན་མེད། །འདི་ཡི་དང་པོ་བྱང་ཆུབ་ཐུགས་བསྐྱེད་དེ། །ཞལ་ནས་བདག་གིས་གང་ཟག་རིམ་པར་བརྒྱུད། །བརྒྱུད་པའི་དུས་དེར་བསོད་ནམས་སྟོབས་ཤིག་གིས། །སྟོན་པ་བསོད་ལྡན་ཚོགས་ཀྱི་ཞིང་དུ་བྱོན། །དེ་ལ་སེམས་བསྐྱེད་དད་པའི་སྟོབས་དང་ལྡན། །ཞེས་དང་སེམས་བསྐྱེད་གྲོགས་སུ་སྨོན་ལམ་སྟེ། །མདོ་ལས་རྒྱལ་ལ་སེམས་བསྐྱེད་སྐྱེས་དུས་དེར། །བདག་ཐར་གྲུབ་པ་ཐོབ་པའི་དུས་རྟིང་ལ། །གཞན་དག་སེམས་ཅན་འདྲེན་པའི་སྨོན་ལམ་བཏབ། །འདུལ་བའི་ཞིང་ཁམས་ཤིན་ཏུ་གདུལ་དཀའ་བའི། །མི་མཇེད་འདུལ་བའི་སྨོན་ལམ་བཏབ་པའི་མཐུས། །ད་ལྟའི་དུས་འདིར་འདྲེན་པའི་སྟོན་པར་འོང་། །ཞེས་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །སྨོན་དང་འཇུག་པའི་ལམ་བཟང་ཞུགས་ཚུལ་ལོ། །བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བསག་བྱ་ཚོགས་ཀྱི་རང་བཞིན་ཅི་ལྟར་ན། །བསོད་ནམས་ཡེ་ཤེས་ཚོགས་ཀྱི་རབ་བསྡུས་པ། །སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག་གམ་བཅུ། །ཡིན་ཏེ་ཁྱིམ་སྤངས་རབ་བྱུང་མདོ་ལས་ཀྱང་། །སྲིད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །ཐར་པ་བདེ་བའི་གྲོང་དུ་ཕྱིན་པ་ཡི། །དེ་བཞིན་གཤེགས་རྣམས་ཕར་ཕྱིན་ལས་བྱུང་ཞེས། །ཇི་ལྟར་བསག་པའི་དུས་ཚོད་གང་ཞེ་ན། །བདག་ཅག་སྟོན་པ་གཤེན་རབ་མཆོག་དེ་ནི། །སྔོན་ཚེ་འོག་ཕྱོགས་འཇིག་རྟེན་རྩོད་པ་ཅན། །མུ་ལ་གྲམ་དུ་རྒྱལ་པོ་ཀ་འོད་དང་། །ཡུམ་ནི་སྦྱིན་ལ་དགའ་བའི་བཞིན་བཟང་མར། །རྒྱལ་བུ་ཤེས་རབ་ལྡན་དུ་སྐྱེས་པའི་ཚེ། །སྦྱོར་ལམ་བོན་མཆོག་ཡེ་ཤེས་ཆེན་པོ་ཐོབ། །འཕོས་ནས་འཇིག་རྟེན་ཁམས་སུ་མཐོང་བའི་ལམ། །ཐོབ་ནས་ལུས་སྲོག་ཕོངས་མེད་སྦྱིན་གཏོང་སྟེ། །ཤ་རྣག་ཁྲག་ཕྱུངས་སྤྲང་པོ་བཟའ་དགུ་གསོས། །རུས་པ་དཀར་ལ་ཐུག་ནས་སྐྱེ་བ་བརྗེས། །མི་མཇེད་ཞིང་དུ་མངོན་སངས་རྒྱས་ཞེས་སོ། །ཇི་ལྟར་བསག་པའི་ཚུལ་ནི་གང་ཞེ་ན། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །ཚོགས་ལམ་བཅུ་གཉིས་སྦྱོར་ལམ་རིགས་བཞི་དང་། །མཐོང་ལམ་ཆུང་ངུ་དང་པོ་རབ་དགའི་བར། །གྲངས་མེད་དང་པོ་ཞེས་སུ་ངོས་བཟུང་ངོ་། །གཉིས་པའི་ས་ནས་བདུན་པའི་སའི་བར་དུ། །གྲངས་མེད་གཉིས་པ་བརྒྱད་ནས་ས་བཅུའི་བར། །ཡང་དག་ས་གསུམ་གྲངས་མེད་གསུམ་ཚོགས་བསགས། །མཐའ་མར་མངོན་པར་རྫོགས་སངས་རྒྱས་ཚུལ་ནི། །གྲངས་མེད་གསུམ་མཐར་མངོན་པར་སངས་རྒྱས་ཀྱང་། །སྙིང་རྗེ་ཆེན་པོས་འཇིག་རྟེན་མ་ལུས་མཁྱེན། །བོན་སྐུ་གཡོ་བ་མེད་ལས་རྫོགས་པའི་སྐུར། །བཞེངས་ཏེ་སྤྲུལ་སྐུ་ལྷ་བུ་གསལ་བ་དེས། །དགའ་ལྡན་ལྷ་ནས་བྱོན་ཏེ་སྐྱེ་བ་བཞེས། །གཞོན་ནུ་རོལ་རྩེད་བསྟན་པ་སྤེལ་བ་དང་། །འགྲོ་འདུལ་འོད་ཟེར་བཀྱེ་དང་ཁབས་སུ་བཞེས། །བདུད་བཏུལ་བ་དང་བསྟན་པ་རྗེས་སུ་བཞག །རབ་ཏུ་བྱུང་དང་ངེས་འབྱུང་དཀའ་བ་སྤྱོད། །བོན་འཁོར་བསྐོར་དང་འཁོར་སྤངས་དགོན་པར་གཤེགས། །མྱང་འདས་ཚུལ་དང་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་བར་དུ་གནས་པར་སྟོན། །མཛད་པ་བཅུ་གཉིས་ཚུལ་གྱིས་སྤྲུལ་སྐུར་བཞེས། །དེ་ཡང་ལྷ་བུ་ཁྱེའུ་གསལ་བ་དེས། །ལྷ་ལ་བོན་སྟོན་དེའི་ཚེ་རོལ་མོའི་སྒྲས། །བསྐུལ་ལྟར་ཅོད་པན་བྱམས་ལྡན་དབུ་ལ་བཅིངས། །རྒྱལ་ཚབ་དབང་བསྐུར་གཟིགས་དང་དགོངས་པ་ལྔས། །གཙང་མ་རིགས་ལྔའི་ཞིང་ནས་ཡས་མར་དུ། །འདབ་ཆགས་རྒྱལ་པོ་ཁུ་བྱུག་སྤྲུལ་ནས་བྱོན། །རྒྱལ་བཞེད་ལྷུམས་ཞུགས་ཟླ་བཅུར་ཟག་མེད་ཀྱིས། །བདེ་བར་ལོངས་སྤྱོད་སོ་བརྒྱད་སྐུ་མཁར་དུ། །ཡུམ་གྱི་རྩིབ་ལོགས་གཡས་ནས་སྐུ་བལྟམས་ཤིང་། །དེའི་ཚེ་ལྷ་ཡིས་མེ་ཏོག་ཆར་དུ་ཕབ། །ཚངས་དང་བརྒྱ་བྱིན་དར་དཀར་ལྕིབས་ཀྱིས་བླངས། །དགའ་བོ་འཇོག་པོས་བདུད་རྩིས་སྐུ་ཁྲུས་གསོལ། །ལྷ་མོ་བཀྲ་ཤིས་མ་སོགས་མ་མ་ཡིས། །སྐུ་ཡི་བསྐྱེད་བསྲིངས་ཅུང་ཟད་ནར་སོན་ཚེ། །སྒྱུ་རྩལ་ཡིག་རྩིས་རིག་གནས་མཛད་ཚུལ་བསྟན། །འགྲན་པའི་ཟླ་དང་བྲལ་བ་གྱུར་པ་ཡིན། །ཐེག་དགུའི་བོན་བསྟན་སྐད་རིགས་དུ་མ་བསྒྱུར། །འགྲོ་འདུལ་འོད་ཟེར་སྤྲོས་ཤིང་ཐར་པར་དྲངས། །སངས་པོའི་ལུང་བཞིན་ཁབས་ཀྱི་དཔལ་འབར་རོལ། །སྐུ་ལས་སྲས་སྤྲུལ་འགྲོ་དོན་ནུབ་མེད་བསྲིངས། །བགྲང་བྱ་སུམ་ཅུའི་བར་དུ་རྩེ་དགར་སྤྱོད། །བདུད་ཀྱི་ཆོ་འཕྲུལ་བསྟན་པའི་གྲོགས་སུ་གྱུར། །རྗེས་བཞག་མཛད་པའི་འགྲོ་དོན་དུས་མཐར་སྐྱོང་། །དེ་ནས་རྒྱལ་བའི་བྱིན་རླབས་རོལ་མོས་སྒྲས། །བསྐུལ་བས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས། །གོང་དེའི་ཡིད་དབྱུང་འཇིག་རྟེན་སྐྱོ་བ་སྐྱེས། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བར་དགོངས། །དེའི་ཚེ་སུ་ཡིས་བཤོལ་ཀྱང་མ་ཐུབ་པར། །སྐུ་ལུས་ཤང་ཤང་སྤྲུལ་ནས་མཁའ་ལ་གཤེགས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །རབ་ཏུ་བྱུང་ཞིང་གཙང་མ་ལྷ་རིགས་ཀྱིས། །ན་བཟའ་གོས་དྲུག་ཕུལ་བ་སྐུ་ལ་བཞེས། །འདུལ་བ་ཀ་ཆད་ཀྱི་ཕྱིར་འོག་མིན་དུ། །བྱོན་ནས་སྔར་འདུས་སྟོན་པའི་དངོས་སློབ་སྟེ། །དྲང་སྲོང་ལེགས་ལྡན་རྒྱལ་བའི་སྤྱན་སྔར་བྱོན། །ཕྱི་ཡི་ཚུལ་ལ་སུམ་བརྒྱ་དྲུག་ཅུ་དང་། །ནང་གི་ཁྲིམས་ལ་ཉིས་བརྒྱ་ལྔ་བཅུ་ནོད། །མཚན་ཀྱང་སྟོན་པ་ཁྲི་གཙུག་རྒྱལ་བར་གསོལ། །དེ་ནས་སུམ་ཅུ་རྩ་གསུམ་ལྷ་གནས་སུ། །ལྗོན་ཤིང་ཟིལ་ཐིགས་རེ་དང་འབྲས་འབྲུ་རེ། །བརྟེན་ཏེ་བྱ་ཡི་དཀའ་ཐུབ་ལོ་གསུམ་མཛད། །དེ་ནས་གསེར་གྱི་རི་བདུན་ཁར་བྱོན་ཏེ། །ཤིང་ཐོག་འབྲུ་མ་རེ་དང་ཟིལ་ཐིགས་རེ། །བརྟེན་ཏེ་སྤྲེའུའི་དཀའ་ཐུབ་ལོ་གསུམ་མཛད། །དེ་ནས་འོལ་མོ་ལུང་རིང་ཟད་མཚམས་སུ། །ཨུ་མེར་རྩྭ་མཆོག་རེ་དང་ཆུ་ཐིགས་རེ། །བརྟེན་ཏེ་མི་ཡི་དཀའ་ཐུབ་ལོ་གསུམ་ཏེ། །ལོ་དགུར་དཀའ་སྤྱོད་མཛད་དེ་ཏིང་འཛིན་བཞུགས། །བདུད་རྗེ་དཔུང་བཅས་དད་པའི་སེམས་སྐྱེས་ནས། །སྟོན་པའི་འཁོར་གྱི་དང་པོར་གྱུར་ཏེ་དཔག །ཕོ་བྲང་གླིང་བརྒྱད་གཡུང་དྲུང་སེམས་དཔའ་སོགས། །འཁོར་རྣམས་ཁྱིམ་སྤངས་རབ་ཏུ་བྱུང་བར་མཛད། །འདུལ་བའི་བསྟན་པ་ནམ་མཁའི་མཐའ་དང་མཉམ། །

  དེ་ནས་བོན་གྱི་འཁོར་ལོ་བསྐོར་ཚུལ་ནི། །སྟོན་པ་ཉིད་ཀྱིས་བོན་འཁོར་བསྐོར་ཚུལ་དང་། །གདུང་སོབ་མུ་ཆོས་བོན་འཁོར་བསྐོར་ཚུལ་ལོ། །དང་པོ་ཐམས་ཅད་མཁྱེན་པའི་སྟོན་པ་ལ། །འཇིག་རྟེན་མེས་པོ་ཚངས་པ་གདོང་བཞི་དང་། །ལྷ་ཡི་དབང་པོ་བརྒྱ་བྱིན་གཉིས་སོགས་ཀྱིས། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཕུལ། །ཞུས་པས་བོན་འཁོར་བསྐོར་བར་ཞལ་གྱིས་བཞེས། །དང་པོ་ཐེག་པ་རིམ་དགུའི་འཁོར་ལོ་བསྐོར། །བར་ལ་སྒོ་བཞི་མཛོད་ལྔའི་འཁོར་ལོ་བསྐོར། །ཐ་མ་ཕྱི་ནང་གསང་བའི་འཁོར་ལོ་བསྐོར། །གདུལ་བྱ་བློ་ཆུང་རྣམས་ཀྱི་སྣང་བའི་ངོར། །བོན་གྱི་འཁོར་ལོ་རྣམ་གསུམ་རིམ་ཅན་བསྐོར། །ཅི་ལྟར་ཞེ་ན་རིན་ཆེན་ཕྲེང་བ་ལས། །སོ་སོར་བརྡ་སྤྲད་པ་དག་ཅི་ལྟ་བུར། །ལུང་གི་ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ། །ཇི་ལྟར་བློ་དང་འཚམས་པར་བོན་འཁོར་བསྐོར། །ཞེས་དང་བོན་འཁོར་ཅིག་ཅར་བསྐོར་བ་ནི། །གདུལ་བྱ་བློ་ཆེན་ཐ་དད་དུ་མ་ལ། །བོན་ཀྱང་ཐ་དད་སྣང་བ་ཅིག་ཅར་བསྐོར། །ཇི་ལྟར་ཞེ་ན་འཕགས་པའི་ལུང་ལས་ཀྱང་། །གང་ཞིག་རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་དུ་འོང་ལ་རྡོ་རྗེའི་ཚིག་གཅིག་པུར། །གདུལ་བྱ་བློ་ཆུང་བསམ་པའི་དབང་གིས་ནི། །བོན་ཀྱང་བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་གསུངས་ལྟར་དུ་བདག་ཅག་སྟོན་པ་འདི། །སྐུ་ནི་མ་བསྐྱོད་མི་སྐྱོད་བསྐྱོད་མེད་ཀྱང་། །གང་ཞིག་དད་མོས་གུས་པ་སུས་བྱེད་པ། །དེ་ཡི་མདུན་དུ་གཤེན་རབ་རེ་རེ་བཞུགས། །གསུང་ནི་མ་བསྒྲག་མི་བསྒྲག་བསྒྲག་མེད་ཀྱང་། །འགྲོ་བའི་སྣང་ངོར་བོན་སྒོ་སོ་སོར་སྟོན། །གདུལ་བྱ་བློ་ཆུང་དད་པ་ལྡན་པའི་ངོར། །འོལ་མོའི་གླིང་དུ་རྒྱལ་བ་གཤེན་རབ་ཀྱིས། །སྤང་ལམ་འདུལ་བའི་བོན་སྒོ་གསུངས་པར་གོ །གདུལ་བྱ་བློ་འབྲིང་བརྟུལ་ཞུགས་ལྡན་པའི་ངོས། །གཡུ་ལུང་ཤེལ་བྲག་འཆི་མེད་གཙུག་ཕུད་ཀྱིས། །བསྒྱུར་ལམ་གསང་སྔགས་བོན་སྒོ་གསུངས་པར་གོ །གདུལ་བྱ་བློ་ཆེན་སྟོབས་དང་ལྡན་པའི་ངོར། །འོག་མིན་ཞིང་དུ་གཤེན་ལྷ་འོད་དཀར་གྱིས། །གྲོལ་ལམ་རྫོགས་ཆེན་བོན་སྒོ་གསུངས་པར་གོ །ཁྱད་པར་གསང་བ་སྔགས་ཀྱི་བསྟན་པ་ནི། །སྔར་འདས་སངས་རྒྱས་རྣམས་ཀྱིས་མ་གསུངས་ཤིང་། །མ་འོངས་སངས་རྒྱས་རྣམས་ཀྱིས་མི་གསུང་སྟེ། །ད་ལྟ་མུ་རྒྱུང་བསྐལ་པ་འདི་ཉིད་ལ། །མདོ་སྔགས་ཉི་ཟླ་ཟུང་དུ་ཤར་འདི་དཔག །

  གཉིས་པ་གདུང་སོབ་མུ་ཆོ་ལྡེམ་དྲུག་གིས། །བོན་གྱི་འཁོར་ལོ་རྣམ་གསུམ་བསྐོར་ཚུལ་ནི། །རྫོགས་པའི་སངས་རྒྱས་མྱ་ངན་འདས་པའི་རྗེས། །མི་ལོ་ཆིག་སྟོང་བདུན་བརྒྱ་དགུ་བཅུ་གཅིག །ལོན་ཚེ་གསུང་གི་བསྟན་པའི་གཙོ་བོ་སྟེ། །གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་ཅེས། །ནམ་མཁའི་ལྷ་བྲན་འབུམ་གྱི་འཁོར་དང་བཅས། །རྩ་གསུམ་ལྷ་ནས་འོལ་མོའི་གླིང་ལ་བྱོན། །འཁོར་ལོ་དང་པོ་དཀར་ནག་བཀྲ་གསལ་དུ། །གསུང་རབ་འབུམ་སྡེ་ཁྲི་ཡི་ཞལ་ཕྱེས་ཏེ། །ལོ་གཅིག་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར། །འཁོར་ལོ་གཉིས་པ་ཁྲི་སྨོན་རྒྱལ་བཞེད་དང་། །མོ་གླིང་ཁོ་མ་ནེའུ་ཆུང་གཉིས་ཀྱི་བར། །འདུལ་བ་རྒྱུད་དྲུག་མངོན་པ་སྡེ་བཞི་ཡི། །ལོ་གཅིག་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར། །འཁོར་ལོ་གསུམ་པ་བར་པོ་སོ་བརྒྱད་དང་། །ཤམ་པོ་ལྷ་རྩེར་ཀློག་དང་བཤད་འགྲེལ་གྱི། །ལོ་གཅིག་གཡུང་དྲུང་བོན་གྱི་འཁོར་ལོ་བསྐོར། །དེ་ནི་སྟོན་པ་དངོས་དང་ཞར་བྱུང་དུ། །སྔ་མས་ཕྱི་མར་སྟོན་པ་གཏད་པར་བཤད། །གཞན་ཡང་འཕགས་པའི་གནས་བརྟན་བཅུ་དྲུག་དང་། །འཛམ་གླིང་མཁས་པའི་རྒྱན་དྲུག་མཆོག་གཉིས་སོགས། །མཁས་གྲུབ་སྐྱེས་མཆོག་ཇི་ལྟར་བྱོན་རྣམས་ཀྱིས། །འཕགས་པའི་ཡུལ་དུ་བསྟན་པ་དར་བར་མཛད། །དེ་ལྟར་གསུངས་པའི་བོན་སྒོ་ཇི་སྙེད་པ། །བཀའ་ཡི་བསྡུ་བ་ཇི་ལྟར་བྱས་ཚུལ་ནི། །ཐམས་ཅད་མཁྱེན་པའི་སྟོན་པ་རིན་པོ་ཆེས། །ང་ནི་ཡོངས་སུ་མྱ་ངན་འདས་པའི་རྗེས། །གནམ་ལོ་བཀྲ་གསལ་སྟག་གི་ལོ་ཤར་ཚེ། །གཡུང་དྲུང་སེམས་དཔའ་མཁས་པའི་ཚོགས་རྣམས་ཀྱིས། །རྒྱལ་བ་ང་ཡི་བཀའ་རྣམས་བསྡུ་བའི་དུས། །བསྡུ་གནས་ཤར་ཕྱོགས་གཡུང་དྲུང་བཀོད་གླིང་དུ། །རིན་ཆེན་སྣ་བཞི་བཀྲ་བ་སྟོན་པའི་གདན། །གནས་མཆོག་དེ་ན་བཀའ་ཡི་བསྡུ་བ་གྱིས། །བསྡུ་བར་བྱེད་པའི་གཡུང་དྲུང་སེམས་དཔའ་ནི། །སངས་རྒྱས་སྐུ་ལས་སྤྲུལ་པའི་སྲས་མཆོག་བརྒྱད། །སྐུ་ལས་སྤྲུལ་པའི་རྨ་ལོ་གཡུ་ལོ་ཟུང་། །གསུང་ལས་སྤྲུལ་བའི་ཡིད་ཀྱི་ཁྱེའུ་ཆུང་། །དོན་ལྡན་སེམས་དཔའ་ཚངས་པ་གཙུག་ཕུད་དང་། །ཐུགས་དང་འདྲ་བའི་གསང་བ་མདོ་སྡུད་དེ། །གཙོ་འཁོར་བཅུ་གསུམ་དག་གིས་བསྡུ་བར་བྱ། །བསྡུ་བའི་ཚུལ་ནི་སྟོན་པ་སངས་རྒྱས་ཀྱི། །བཀའ་ལ་རྣམ་གྲངས་ངེས་པ་གསུམ་ཡིན་ཏེ། །ཞལ་ནས་གསུངས་དང་བྱིན་གྱིས་བརླབས་པ་དང་། །རྗེས་སུ་གནང་བའི་བཀའ་དང་རྣམ་པ་གསུམ། །ཕུན་སུམ་ཚོགས་པ་ལྔ་ལྡན་སྒོ་ནས་ནི། །གཏན་ལ་ཕབ་ཅིང་བཀའ་ཡི་བསྡུ་བ་མཛོད། །ཕུན་ཚོགས་མདོ་སྡེར་གྱུར་པ་ཐམས་ཅད་ནི། །ཨ་ཞ་གསང་བ་མདོ་བསྡུད་ཉིད་ཀྱིས་སྡུས། །རྣམ་དག་འབུམ་སྡེར་གྱུར་པ་ཐམས་ཅད་ནི། །རྨ་ལོ་གཙུག་གི་ཕུད་གྱུར་དག་གིས་སྡུས། །ཐུགས་བཅུད་འབུམ་སྡེར་གྱུར་པ་ཐམས་ཅད་ནི། །གཡུ་ལོ་གཡུ་ཡི་ཟུར་ཕུད་ཅན་གྱིས་སྡུས། །གཙང་དག་འདུལ་བར་གྱུར་པ་ཐམས་ཅད་ནི། །ཡིད་ཀྱི་ཁྱེའུ་རྫུ་འཕྲུལ་ཅན་གྱིས་སྡུས། །རྒྱུ་དང་འབྲས་བུའི་རྣམ་པར་དབྱེ་བ་དང་། །མཆོད་སྦྱིན་ཚོགས་བསགས་སྡིག་སྒྲིབ་སྦྱང་བ་དང་། །ཐེག་པ་རིམ་དགུ་ཕ་རོལ་ཕྱིན་པ་རྣམས། །དོན་ལྡན་ཚངས་པ་གཙུག་ཕུད་དག་གིས་སྡུས། །གཏོ་རྒྱུད་སུམ་བརྒྱ་དྲུག་ཅུར་གྱུར་པ་རྣམས། །གཏོ་བུ་འབུམ་སངས་དག་གིས་བསྡུ་བར་གྱིས། །དཔྱད་རྒྱུད་ཉིས་ཁྲི་ཆིག་སྟོང་གྱུར་པ་རྣམས། །དཔྱད་བུ་ཁྲི་ཤེས་ཅན་གྱིས་བསྡུ་བར་གྱིས། །མངོན་པ་མཛོད་དང་ཚད་མ་རྣམ་འགྲེལ་དང་། །ལུང་གི་བོན་རྣམས་ལུང་འདྲེན་གསལ་བས་སྡུས། །ཨ་དཀར་གསང་བ་སྔགས་ཀྱི་བོན་སྒོ་དང་། །རྒྱུད་ཀྱི་བོན་རྣམས་རྒྱུད་འདྲེན་སྒྲོན་མས་སྡུས། །ལྷ་རྒྱུད་ཡེ་ཤེས་མཉམ་སྦྱོར་བོན་སྒོ་རྣམས། །འོལ་དྲུག་ཐང་པོ་དག་གིས་བསྡུ་བར་གྱིས། །རྒྱུད་ཆེན་དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །ཇུ་ཡག་རྩིས་སྟེར་གྱུར་པ་ཐམས་ཅད་ནི། །ཀོང་ཙེ་རྒྱལ་ཚ་འཕྲུལ་བུ་དག་གིས་སྡུས། །ཆབས་ནག་སྲིད་པ་བདེ་བྱེད་རྒྱུད་ཀྱི་བོན། །ཀོང་ཚ་གཡུང་དྲུང་དབང་ལྡན་དག་གིས་སྡུས། །ཞེས་གསུངས་དེ་དག་དེ་བཞིན་བསྡུ་བར་བྱས། །བསྡུ་བར་བྱེད་པའི་དགོས་ཆེད་ཅི་ཞེ་ན། །སྟོན་པའི་ཇི་ལྟར་མཛད་པའི་འཕྲིན་ལས་ལ། །གང་ལྟར་གསུངས་པ་ཐམས་ཅད་དྲང་ངེས་བཀའ། །ཡིན་ཕྱིར་བཀའ་ཡི་བསྡུ་བ་དགོས་ཚུལ་ལོ། །སྟོན་པ་གསུང་པ་པོ་དང་བསྡུ་བ་པོ། །གང་ཟག་གཞན་གྱིས་བར་དུ་མ་ཆད་པར། །ཤེས་རབ་ཕུལ་དུ་ཕྱིན་པར་བསྟན་པའོ། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །བོན་སྤྱིའི་ཁོག་ཕུབ་བཤད་པའི་ལེའུ་སྟེ་དང་པོའོ། །  ། །

  དེ་ནས་བོད་དུ་བསྟན་པ་དར་ཚུལ་ནི། །དུས་ཚོད་ནམ་གྱི་ཚེ་དང་ས་ཕྱོགས་གང་། །བོན་སྡེ་གང་དང་རྒྱལ་གཤེན་གང་གི་རིང་། །ཇི་ལྟར་དར་བའི་ཚུལ་དང་རྣམ་པ་ལྔ། །དང་པོ་དུས་ནི་སྟོན་པ་ཞལ་བཞུགས་དུས། །མདོ་ལས་གངས་ཅན་ཁྲོད་ཀྱི་བོན་པོ་ལ། །བོན་དུ་ཡར་ལ་ལྷ་མཆོད་མར་འདྲེ་བཀར། །དེ་ཡི་ལུང་ཕོག་ནམ་ཞིག་དུས་ཀྱི་ཚེ། །ཐེག་པ་རིམ་དགུར་སྤྱོད་པའི་སྨོན་ལམ་བཏབ། །ཅེས་ལྟར་སྟོན་པ་མྱ་ངན་འདས་པའི་རྗེས། །རྒྱལ་བའི་བཀའ་ལུང་རབ་འབྱམས་མཐའ་ཡས་པ། །འོལ་མོའི་གླིང་ནས་དང་པོ་ལྷོ་རུ་དར། །དེ་ནས་ཤར་དུ་འབྱུང་ཞེས་ལུང་བསྟན་ཏེ། །འཕགས་ཡུལ་ཤར་ཕྱོགས་ཁ་བ་ཅན་ལྗོངས་སུ། །གསུང་གི་བསྟན་པ་མུ་ཆོ་བྱོན་པ་ནས། །འཛམ་གླིང་མཁས་པའི་རྒྱན་དྲུག་ལ་སོགས་པས། །སྟོན་པའི་བསྟན་པ་ཡོངས་སུ་དར་བར་བྱས། །དེ་ནས་ས་ཕྱོགས་གང་དུ་དར་ཞེ་ན། །ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པ་ལས། །སྟོད་ཀྱི་ཁྱུང་ལུང་དངུལ་མཁར་མན་ཆད་ནས། །སྨད་ཀྱི་ཤེ་ལེ་རྒྱ་སྐར་ཡན་ཆད་དང་། །ལྷོ་ཡི་སྨྱུག་མ་བུ་ཁུར་ཕན་ཆད་དང་། །བྱང་གི་ལི་ཁྲི་སྒང་རིང་ཚུན་ཆད་ན། །རུ་བཞི་བོད་ཀྱི་ས་སྐོར་ཐམས་ཅད་དུ། །གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་ཤར། །ཞེས་དང་བོན་སྡེ་གང་དག་དར་ཞེ་ན། །བླ་ཆེན་དྲན་པས་མཛད་པའི་སྒྲ་འགྲེལ་ལས། །བཤོས་ཀྱི་ལྷ་བོན་གྲོང་གི་འདུར་བོན་དང་། །བླ་མེད་སྔགས་དང་སེམས་ཕྱོགས་རྫོགས་ཆེན་བོན། །ཡོངས་སུ་དར་ཞིང་འགྲོ་བའི་ཁ་ལོ་བསྒྱུར། །ཞེས་དང་རྒྱལ་གཤེན་གང་གི་རིང་དར་ན། །གངས་ཅན་བོད་ཀྱི་རྒྱལ་པོའི་སྔ་བ་ནི། །བོད་རྒྱལ་གཉའ་ཁྲི་བཙན་པོ་བྱ་བ་སྟེ། །བཀའ་ཐེམས་ལས་ཀྱང་བོད་ཀྱི་བོན་པོ་རྣམས། །ཀོང་པོའི་རི་རྩེར་ལྷ་གསོལ་བྱས་པའི་ཚེ། །འོད་ཀྱི་དམུ་ཐག་དཀར་པོའི་བརྒྱུད་ནས་སུ། །ངོ་མཚར་ཅན་གྱི་མི་ཞིག་བྱོན་ནས་བྱུང་། །ལྷ་རི་གྱང་མ་གྱང་ཐོའི་གནས་སུ་བབས། །དེ་ལ་སུ་ཡིན་གར་འབྱོན་དྲིས་པ་ལ། །ང་ནི་བཙན་པོ་ཡིན་ཏེ་གནམ་ནས་འོངས། །ཟེར་ནས་ཀུན་གྱིས་ཇོ་བོར་བྱས་ནས་སུ། །མི་བཞིའི་གཉའ་བར་ཁྲི་བཅས་ཁུར་བ་ལ། །བོད་རྒྱལ་སྔ་ཤོས་གཉའ་ཁྲི་བཙན་པོར་གྲགས། །དེ་ཡི་སྐུ་སྲུང་མཚེ་མི་དམུ་རྒྱལ་དང་། །གཅོ་བུ་ཕྱ་དཀར་གཉིས་ཀྱིས་སྐུ་སྲུང་མཛད། །རྒྱལ་གཤེན་བསྟན་པ་མཉམ་དུ་ཆགས་པར་ལགས། །དེ་བཞིན་བོན་ཁམས་སྐྱོང་བའི་རྒྱལ་པོ་ཆེ། །གནམ་གྱི་ཁྲི་བདུན་སྐུ་འཚོ་གཤེན་པོ་བདུན། །རྒྱལ་དང་གཤེན་གྱི་བསྟན་པ་མཉམ་དུ་ཆགས། །ཇི་ལྟར་དར་ཚུལ་དེའི་ཚེ་ཞང་ཞུང་ཡུལ། །མཁས་པ་ཆེན་པོ་སྟོང་རྒྱུང་མཐུ་ཆེན་དང་། །ལི་ཤུ་སྟག་རིང་ལ་སོགས་ལོ་པཎ་འགའ། །རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་དུ་གཤེགས། །བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་ཚོགས། །སྟག་གཟིག་ནས་དྲངས་ཞང་ཞུང་སྐད་དུ་བསྒྱུར། །ཞང་ཞུང་ཡུལ་ནས་བོད་ཀྱི་སྐད་དུ་བསྒྱུར། །གཡུང་དྲུང་བསྟན་པ་བོན་གྱི་མེ་ཆེན་སྤར། །དེ་ནས་བར་གྱི་ལྡིང་གཉིས་སའི་ལེགས་དྲུག །ཆུ་ལ་ལྡེ་བརྒྱད་འོག་གི་བཙན་ལྔའི་རིང་། །བོན་གྱི་བསྟན་པ་བླ་ནས་བླ་རུ་འདེགས། །དེའི་ཚེ་བླ་ཆེན་དྲན་པ་ནམ་མཁའ་ཞེས། །རྒྱལ་བའི་ཐུགས་ཀྱི་བསྟན་པའི་དབུ་བརྙེས་པས། །ཆུ་ཕོ་རྟ་ལོར་ཁྱུང་ལུང་དངུལ་མཁར་དུ། །དམུ་རྒྱལ་རྒྱུང་ཡེ་ཡབ་ཡུམ་སྲས་སུ་འཁྲུངས། །སྐྱེ་ཕྱི་གྲགས་སྔ་རིག་འཛིན་ཡོངས་ཀྱི་གཙོ། །ཞང་ཞུང་མཁས་པ་བརྒྱད་ལ་བློ་རྩལ་སྦྱངས། །རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་ཆེན་བགྲོད། །དམུ་ཙ་དྲ་ཧེ་གཡུང་དྲུང་བློ་གསལ་དང་། །སྣང་བ་མདོག་ཅན་དབལ་བུ་ང་ཚ་ལ། །མདོ་སྔགས་བཀའ་གསང་ཟབ་ལ་རྒྱ་ཆེ་བ། །ལྔ་སྟོང་ལྔ་བརྒྱ་ཞང་བོད་ཀུན་དུ་བསྒྱུར། །གཡུང་དྲུང་བསྟན་པའི་སྲོག་ཤིང་གཟུགས་པར་མཛད། །བ་གོར་མཁས་པ་རིན་ཆེན་བློ་གསལ་གྱིས། །རྒྱ་གར་རྒྱ་ནག་ཡུལ་ཀུན་རྣམ་པར་བགྲོད། །ལྷ་བདག་སྔགས་གྲོལ་ལེགས་ཏང་རྨང་པོ་ལ། །ཕྱི་ནང་གསང་བའི་བོན་སྒོ་མང་དུ་ཞུས། །གཙང་མ་བོད་ཀྱི་སྐད་དུ་བསྒྱུར་བ་བྱས། །བོན་གྱི་བསྟན་པས་འགྲོ་བ་ཡོངས་སུ་འདུལ། །ཁྱད་པར་ནམ་མཁའ་སྣང་བ་མདོག་ཅན་ཞེས། །རྫུ་འཕྲུལ་རྩལ་གྱིས་ལྷ་ཡི་རིག་འཛིན་དང་། །མཁའ་འགྲོ་འབུམ་བཅས་གཡུང་དྲུང་དགུ་བརྩེགས་ནས། །ལྷ་རི་གྱང་མ་གྱང་ཐོའི་རྩེ་རུ་བབས། །ལྷ་སྲས་རྒྱལ་པོའི་སྣང་བ་མགུ་བར་བྱས། །དེ་ལྟར་མཐོ་བ་ཁྱུང་ལུང་དངུལ་མཁར་ནས། །དམའ་བར་ཤེ་ལེ་རྒྱ་སྐར་ཡན་ཆད་དུ། །བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་དང་། །རུ་ལག་དགུ་སོགས་གསས་ཁང་གྲངས་སུ་འཕེལ། །གྲུབ་ཐོབ་མཁས་པ་བླ་མ་ཆེ་དྲུག་དང་། །གདུང་རྒྱུད་བཅུ་གསུམ་མཁས་པ་ཆེན་པོ་དགུ། །ལོ་པཎ་གཤེན་བརྒྱད་མཐུ་བོ་ཆེ་མི་དགུ། །བོན་ཆེན་མཁས་པ་ཉི་ཤུ་རྩ་གཅིག་དང་། །སྒྲུབ་པའི་གཤེན་པོ་བཞི་བཅུ་རྩ་གཉིས་སོགས། །མདོ་སྔགས་བསྟན་པ་མཁའ་ལ་ཉི་ཤར་ལྟར། །མི་སྣང་མེད་ཅིང་སྣང་བས་ཡོངས་སུ་ཁྱབ། །དེ་བཞིན་སྐད་གཉིས་སྨྲ་བ་རིམ་བྱོན་གྱིས། །བཀའ་དང་བསྟན་བཅོས་དཔག་མེད་བསྒྱུར་མཛད་ཅིང་། །དེ་དག་བརྒྱུད་འཛིན་མཁས་གྲུབ་རིམ་བྱོན་གྱིས། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་པ་ཡིས། །གཏན་ལ་ཕབ་ཅིང་བརྒྱུད་པ་འཛིན་པ་ལ། །སྤྱི་ཕུད་གཤེན་དང་བྲུ་ཞུ་སྤ་རྨེའུ་སོགས། །གངས་རིའི་ཁྲོད་ཀྱི་བསྟན་འཛིན་རྗེས་སྐྱོང་བ། །བྱུང་འདི་བོད་དུ་བསྟན་པ་དར་ཚུལ་ལོ། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །བོད་དུ་བསྟན་པ་དར་ཚུལ་ལེའུ་སྟེ་གཉིས་པའོ། །  ། །

  དེ་ནས་སྟོང་ཕྲག་བརྒྱ་པའི་བོན་དངོས་ནི། །སྡེ་སྣོད་གསུམ་ལས་མདོ་སྡེའི་ཁོངས་སུ་གཏོགས། །བར་པ་སྒོ་བཞི་མཛོད་ལྔའི་འཁོར་ལོ་ལས། །མཛོད་དོན་ཉི་ཤུར་ཁམས་བརྒྱད་སྟོང་ཕྲག་བརྒྱ། །ཤེས་རབ་ཕ་རོལ་ཕྱིན་པའི་སྐོར་འདི་དག །སྟོན་པ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཉིད། །རི་རྒྱལ་ལྷུན་པོའི་ཕོ་བྲང་ཆེན་པོ་སྟེ། །འོད་ཀྱི་ལྷ་རི་སྤོ་མཐོན་རྩེ་མོ་རུ། །འཁོར་གྱི་ཡེ་གཤེན་གཡུང་དྲུང་སེམས་དཔའ་ནི། །ལྔ་སྟོང་ལྔ་བརྒྱའི་གྲངས་བཅས་ཐབས་གཅིག་བཞུགས། །དེའི་ཚེ་སྟོན་པ་མཆོག་དེའི་ཐུགས་མཛོད་ཀྱི། །ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ཀློང་ནས་ཕྱུངས། །གསུང་སྙན་བྱེ་བྲག་མ་འདྲེས་མངོན་བཀྲ་བའི། །རྒྱུད་ལམ་འགག་པ་མེད་ནས་དབྱངས་སུ་དྲངས། །རྐན་སོ་ལྕེ་མཆུ་འཕྲུལ་གྱི་ལྡེ་མིག་གིས། །ཚིག་གི་དོ་རུ་བསྡེབས་ནས་གྱ་དོལ་གྱི། །ལྷ་ཡི་འབུམ་ཆེན་སྤང་བཀོང་དས་ཆད་འབུམ། །བྱ་བ་ཉི་ཁྲི་ཆུ་བོ་རྒྱུན་གྱི་འབུམ། །ཁམས་བརྒྱད་གཏན་ལ་ཕབ་པ་མཉམ་ཉིད་འབུམ། །མུ་དྲ་འཕྱོང་གཞི་བྱ་བྱེད་ལས་ཀྱི་འབུམ། །འབུམ་ཆེན་སྡེ་བཞི་གཏན་ལ་ཕབ་ནས་གསུངས། །ཁྱད་པར་དབྱིངས་ཀྱི་ཡུམ་དགུའི་ཐུགས་ཀྱི་བཅུད། །ཁམས་ཆེན་བརྒྱད་ཅེས་བམ་པོ་སུམ་བརྒྱ་དྲུག །བསྡོམས་ཚིག་སྟོང་ཕྲག་བརྒྱ་རུ་ཡོད་པ་སྟེ། །ཞུ་འཁོར་སེམས་དཔའ་ཆེན་པོ་བརྒྱད་ལ་གསུངས། །སྲིད་ཁམས་ཞུ་བ་ཡིད་ཀྱི་ཁྱེའུ་ཆུང་། །རིན་པོ་ཆེའི་ཁམས་གཏོ་བུ་འབུམ་སངས་ཞུས། །སྣང་ཁམས་ཞུ་བ་སྣང་བ་འོད་ལྡན་ལ། །སྟོང་ཁམས་ཞུ་བ་མེད་ཁམས་སྟོང་པ་རྗེ། །སོ་སོའི་ཁམས་ཞུ་ཚངས་པ་གཙུག་ཕུད་དང་། །རིག་པའི་ཁམས་ཞུ་ཀླུ་མོ་མ་མ་དེ། །དབྱིངས་ཁམས་ཞུ་བ་གཙུག་གཤེན་རྒྱལ་བ་ལ། །མཉམ་ཁམས་ཞུ་བ་གསང་བ་ངང་རིང་ངོ་། །དེ་ལྟར་རྩ་བ་ལུས་དང་འདྲ་བའི་འབུམ། །ཡན་ལག་ཉིང་ལག་འདྲ་བའི་འབུམ་སྡེ་ལ། །གྲངས་མེད་གྲངས་སུ་འཛིན་པ་ནམ་མཁའི་མཐའ། །ཞགས་པའི་འཆིང་བཞིན་མཐའ་གཅིག་མ་ངེས་ཏེ། །ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཁོ་ནར་སེམས། །བརྗོད་བྱའི་དོན་དངོས་གྲངས་སུ་འཛིན་པས་ན། །གནམ་ལ་ཉི་ཟླ་འཆར་ནུབ་དཔེ་ཇི་བཞིན། །ས་ལ་བོན་ཆོས་དར་ནུབ་རེས་མོར་བྱུང་། །དེའི་ཚེ་གཏེར་གྱི་རྒྱལ་བཞི་བློན་པོ་བདུན། །གཏེར་གཡོག་སུམ་བརྒྱ་ཡང་གཡོག་བདུན་བརྒྱ་དང་། །ཉི་ཤུ་ཐམ་པ་གཏེར་གྱི་གྲངས་སུ་སྦས། །མེ་ཆུ་རླུང་གསུམ་མི་འཇིག་རྒྱ་ཡིས་གདབ། །གཏེར་སྲུང་ལྷ་འདྲེ་ཐ་ཚིག་ཅན་ལ་གཏད། །ཕྱི་རབས་ཡང་སྤྲུལ་རེ་ཡིས་འདོན་པའི་ཚེ། །དཀར་ནག་འབྱེད་ཅིང་དངོས་གྲུབ་སྦྱིན་པར་ཆེད། །ཁྱད་པར་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་སྐོར། །སྤྲུལ་སྐུ་དམུ་རྒྱལ་གཤེན་གྱི་གདུང་རབས་ལས། །སོན་པའི་བླ་མ་བཤེས་གཉེན་ཀླུའི་དབང་པོ། །དགོངས་སྙིང་སྤྲེའུ་རང་ལོ་བཅུ་གཅིག་པ། །ཕྱིན་ཚེ་དག་སྣང་ཡེ་ཤེས་མཁྱེན་ཆ་རྒྱས། །དེ་ལ་ཞལ་གཟིགས་གསུམ་གྱི་དང་པོ་ལ། །དག་པའི་སྣང་བ་བརྗོད་དུ་དཀའ་བ་སྟེ། །མདོར་བསྡུས་བདེན་མེད་རྫུན་གྱི་རང་བཞིན་དུ། །འཇིགས་ཤིང་སྐྲག་པའི་དབལ་མོ་མགོ་བརྙན་ཅན། །གྲངས་མེད་བྱུང་ནས་ཆོ་འཕྲུལ་དུ་མར་སྟོན། །ལྷ་མོ་མཛེས་སྡུག་བྲལ་མི་ཕོད་པ་འགའ། །བྱུང་ནས་ཟབ་མོ་གཏེར་གྱི་དངོས་གྲུབ་གང་། །དབང་ཚུལ་བྱུང་ཡང་དགའ་སྡུག་རོ་སྙོམས་སུ། །བཞག་ཚེ་ཡེ་ཤེས་དབལ་མོ་ཐུགས་རབ་དགྱེས། །ཞལ་གཟིགས་གཉིས་པ་ཁྱེའུ་ཆུང་ལོ་བརྒྱད་པ། །གཡུ་ཡི་ཟུར་ཕུད་ཅན་ཞིག་མངོན་བྱུང་ནས། །ཁྱོད་ལ་འཇིག་རྟེན་ཕྱུག་པོས་འགྲན་མེད་པའི། །དངོས་གྲུབ་བྱིན་ན་སྣོད་ཆེན་ཡོད་དམ་ཟེར། །དེ་དང་མཉམ་པར་བུད་མེད་འཇིགས་པའི་གཟུགས། །རལ་པ་ས་ལ་བཤལ་བ་ཞིག་བྱུང་ནས། །སྐྱེས་བུ་ཁྱོད་ལ་དངོས་གྲུབ་དབང་བའི་ཚུལ། །འདི་དང་འདི་བཞིན་སྣང་བ་མགུ་བར་བྱུང་། །ཞལ་གཟིགས་གསུམ་པ་ཉི་ཤར་ཆབ་གཏོར་མཐར། །གཡོ་མེད་ཏིང་འཛིན་ངང་ལ་ཡོད་ཙམ་ན། །སྒྲ་དང་བཅས་པའི་འོད་གཅིག་མངོན་བྱུང་ནས། །གོང་དུ་འབྲི་མཚམས་མཐའ་ཡི་བྲག་ལ་བབས། །གཟིགས་སུ་བྱོན་པའི་སྤ་མའི་སྡོང་པོའི་རྩར། །ཤེལ་གྱི་ཕུར་པ་སོར་བརྒྱད་ཡོད་པའི་མགུལ། །གཏེར་གྱི་ཁ་བྱང་མངོན་རྙེད་གཞན་ལ་གསང་། །བར་ཆད་ངོས་ཟིན་དགོས་ཚུལ་ལུང་ཡང་ཐོབ། །དེ་བཞིན་རང་ལོ་ཉི་ཤུ་གཉིས་ཕྱིན་ཚེ། །མེ་མོ་སྦྲུལ་ལོ་དགུན་ཟླ་འབྲིང་བོ་ཡི། །ཉི་ཤུ་བཞི་ལ་གཏེར་སྒོ་ཕྱེས་པ་སྟེ། །གཏེར་གནས་འབྲི་མཚམས་བྲག་སྒོ་རང་འབྱེད་ནང་། །སོང་ཚེ་ཤིད་སྐམ་སུམ་ཅུ་རྩ་བདུན་སྣང་། །དེ་ཡི་ནང་ནས་སྒམ་གཉིས་ཐོན་པ་ལས། །གཅིག་གི་ནང་ནས་ཕར་ཕྱིན་མདོ་ཡི་སྐོར། །གཅིག་གི་ནང་ནས་གསང་སྔགས་རྒྱུད་ཀྱི་སྐོར། །གྲངས་མེད་གྲངས་ལས་འདས་པའི་དངོས་གྲུབ་བྱུང་། །ལོ་བརྒྱད་གསང་རྒྱ་ཡོལ་ནས་སྤེལ་བར་བྱས། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །བརྒྱ་བྱིན་གནས་བཞུགས་འབུམ་ཕྲག་བརྒྱ་པ་དང་། །དྲི་ཟའི་ཡུལ་བཞུགས་འབུམ་ཕྲག་བརྒྱ་པ་དང་། །མི་ཡུལ་བཞུགས་པའི་སྟོང་ཕྲག་བརྒྱ་པ་སྟེ། །འདི་གསུམ་རྒྱས་པའི་རྒྱས་འབྲིང་བསྡུས་གསུམ་ཡིན། །སྟོང་ཕྲག་ཉི་ཤུ་ལྔ་པ་ཁྲི་བརྒྱད་སྟོང་། །ཤེས་རབ་ཁྲི་བ་བཅས་ཏེ་འདི་གསུམ་པོ། །འབྲིང་གི་རྒྱས་འབྲིང་བསྡུས་གསུམ་གྲགས་པ་ཡིན། །བསྡུས་པ་བཀའ་མདོ་བརྒྱད་སྟོང་པ་ཞེས་དང་། །འབྲིང་པོ་སྡུད་པ་ཚིགས་སུ་བཅད་པ་ལ། །བསྡུས་པ་ཤེས་རབ་སྙིང་པོ་ཡུམ་མདོ་སྟེ། །འདི་གསུམ་བསྡུས་པའི་རྒྱས་འབྲིང་བསྡུས་གསུམ་ཡིན། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པ། །གསུང་རབ་ཕལ་ཆེར་འབྲི་མཚམས་མཐའ་དཀར་པོའི། །སྒྲུབ་ཕུག་ངོ་མཚར་དུ་མས་རབ་ཕྱུག་པའི། །གཏེར་གནས་དེ་ནས་རྙེད་དེ་ཀུན་དུ་འཕེལ། །བོན་བསྟན་མཁའ་ལ་ཉི་ཤར་ཅི་བཞིན་རྒྱས། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །སྟོང་ཕྲག་བརྒྱ་པའི་བོན་དངོས་ལེའུ་སྟེ་གསུམ་པའོ། །  ། །

  དེ་ནས་པར་དུ་བཞེངས་བྱེད་སྦྱིན་པའི་བདག །དད་འབྱོར་སྟོབས་ལྡན་རབ་བརྟན་རྒྱལ་པོ་ཡི། །གདུང་རབས་ལོ་རྒྱུས་མདོ་ཙམ་ཞིག་བསྟན་ན། །སྔོན་ཚེ་རྒྱལ་མོ་རྒྱ་ཡི་རོང་ཆེན་དེ། །ཞང་ཞུང་རྒྱ་གར་རྒྱ་ནག་བོད་ཀྱི་སྐད། །གང་དང་མི་མཐུན་རང་སྐད་སྤྱོད་ལམ་ཡང་། །གོང་ལ་དཔོན་མེད་འོག་ལ་འབངས་ཞེས་མེད། །དེ་བཞིན་ཁྲིམས་མེད་ཁ་འཐོར་དུད་འགྲོ་འདྲ། །དེ་ལ་ཐུགས་རྗེའི་སྤྱན་གྱིས་སུས་གཟིགས་ན། །འོག་མིན་ཞིང་ན་མཁའ་འགྱིང་དཀར་པོས་གཟིགས། །མི་རྗེ་ལྷས་མཛད་ཁྲིམས་གཉིས་འཛུགས་པ་ཡིས། །ཞིང་ཁམས་བདེ་ལེགས་དཔལ་ལ་འགོད་པར་དགོངས། །མ་གཡོས་ངང་ལས་གཡོ་བ་ཡེ་ཤེས་ཀྱིས། །འོད་ཟེར་སྤྲོས་པ་ལྷ་དབང་བརྒྱ་བྱིན་གྱི། །སྲས་དགུའི་དགུ་ཚིགས་ལྔ་པ་ལྷ་སྲས་ཏེ། །ཀོང་ང་ཀེའུའི་ཐུགས་ལ་འོད་ཟེར་ཕོག །ཐུགས་རྒྱུད་བསྐུལ་བས་སྐྱབས་མེད་དཀོས་ཐག་པ། །ཤར་རོང་འགྲོ་བའི་མགོན་དུ་འབྱོན་པར་དགོངས། །འོད་ཀྱི་མི་དཀར་རྫུ་འཕྲུལ་རྩལ་གྱིས་གཤེགས། །དམུ་རིའི་རྩེ་ལ་ཕེབས་ནས་ལྟས་གཟིགས་ཚེ། །ལྷ་སྲས་ཉིད་དང་ཉིད་ཀྱི་བརྒྱུད་པ་ཡིས། །ཤར་རོང་གདན་སར་གནམ་ཕྱེད་གོས་སུ་མནབས། །ས་ཕྱེད་གདན་བཏིང་སྒང་རིང་དགུ་དབང་བའི། །ལྟས་བཟང་གཟིགས་པས་དགྱེས་ཤིང་ཡས་མར་བྱོན། །དེའི་ཚེ་ཆུ་ནི་བྱང་ནས་ལྷོར་བབས་རྒྱུད། །རིའི་ཚོགས་གཅན་གཟན་འཁྲོས་པ་འདྲ་བའི་ཁྲོད། །རི་གཅིག་ཁྱད་འཕགས་མཁའ་འགྱིང་བླ་རིའི་ཞོལ། །སྲིད་རྒྱལ་བླ་མཚོའི་དྲུང་དུ་མནལ་གཟིམས་ཚེ། །སྲིད་རྒྱལ་མངོན་བྱོན་སྤྱན་དྲངས་ཀ་ལིང་ཀར། །བྱོན་ལ་ཡུལ་མི་ཀུན་འདུས་དཔྱད་བརྟགས་པས། །འོད་ཀྱི་མི་དཀར་འོད་འདོམ་གང་ཙམ་གསལ། །ཞལ་རས་དཀར་གསལ་ཟླ་བའི་དཀྱིལ་འཁོར་འདྲ། །ཀུན་ཀ་ངོ་མཚར་ཧ་ལས་རང་སྐད་ཀྱིས། །སྲིད་པའི་ཁམས་ཀྱི་འགྲན་ཟླ་ཡོངས་བྲལ་བ། །ཁྱོད་སུ་ཅི་དོན་ཅི་ཆོ་དྲིས་པ་ལ། །ལྷ་སྲས་ཡེ་ཤེས་མཁྱེན་མངའ་ཚིག་དོན་མཁྱེན། །ཐོགས་མེད་ལན་དུ་ང་ནི་གནམ་གྱི་ལྷ། །ས་ལ་སྐྱེ་འགྲོའི་རྗེ་བོར་བྱོན་པ་ཡིན། །ཞེས་སོགས་གསུངས་པས་ཀུན་ཀས་མགོ་བོ་གཏུགས། །ཕྱག་འཚལ་ཞུས་ཚིག་ཁྱོད་ནི་ལྷ་ཡིན་ན། །ལྷ་མཁར་བཞེངས་འཚལ་ངེད་ཅག་འབངས་བགྱིད་ཞུས། །དེའི་ཚེ་སྲིད་རྒྱལ་ཡུམ་གྱི་ཕྱག་ནས་ཀྱང་། །གནམ་གྱི་ཡིག་ཚངས་ལྷ་སྲས་ཕྱག་ཏུ་ཕུལ། །ལྷ་སྲས་ཀོང་ངས་ལྷ་དང་སྲུང་མ་མཆོད། །སྡེ་བརྒྱད་དམ་བཏུས་ཕོ་བྲང་རྨང་བཏིང་བཅུག །གྱད་རྡོ་ཕ་ཝོང་རྨང་བརྩིགས་དེ་ཡི་སྟེང་། །རྫུ་འཕྲུལ་སྨན་བཞིས་ཕོ་བྲང་ནུབ་གཅིག་བརྩིགས། །རྒྱལ་པོ་བཞུགས་པའི་ཁྲི་ཡང་ལེགས་པར་བཤམས། །ནངས་པར་ཀུན་ཀ་ངོ་མཚར་སྟེང་གི་ཁང་། །མིའི་ལུགས་ཕྱོགས་བཞི་དབུས་ལྔར་གཡུ་ཅོག་ལྔ། །བཙུགས་པས་ཕོ་བྲང་གཡུ་རྩེ་ཞེས་སུ་བཏགས། །ལྷ་སྲས་ཀོང་ང་ཀུན་གྱི་སྤྱི་རྗེར་བཀུར། །བཙན་པོའི་གཉའ་མནན་ཉམ་ཐག་མཐའ་ནས་སྐྱོང་། །མགྱོགས་ཀྱི་སྔོན་བཅད་དཔུང་གི་ཁ་ལོ་སྒྱུར། །ལིག་ཝེར་བཙན་ན་རབ་བརྟན་རྒྱལ་པོར་གྲགས། །རིགས་མིན་བཙན་མ་ཅུང་ནི་ཁབ་ཏུ་བཞེས། །དེའི་ཚེ་ཅོ་བོན་གྱིམ་བུས་སེང་གེ་བཅིབས། །ལྷ་སྲས་ཐད་བྱོན་ཀོང་ངས་མི་མཁྱེན་བརྫུས། །དྲི་བ་གསུངས་པ་མཁའ་ལ་སེང་ཞོན་ཁྱོད། །མི་འམ་ལྷ་འམ་ཡང་ན་འདྲེ་གང་ཡིན། །བདག་ནི་ལྷ་བུ་མཁའ་འགྱིང་ལྷ་ཡིས་མངགས། །དབུ་ནག་མི་རྗེ་ས་དང་མི་ཡི་བདག །ལེགས་ཉེས་འབྱེད་པའི་ཕྱག་མཁས་ཐིག་འཛིན་ནོ། །ཞེས་གསུངས་གྱིམ་བུས་བདག་ནི་ཁྱོད་དཔུང་གཉེན། །རྒྱལ་ཁམས་བོན་འཁོར་སྐོར་ལ་མཐའ་འཁོབ་ཞིང་། །དགེ་ལ་སྒྱུར་སོགས་བླང་དོར་ཞིབ་རྒྱས་དང་། །སངས་རྒྱས་སྟོན་པའི་སྐུ་ཚབ་སྐྱེས་སུ་གནང་། །ལྷ་སྲས་ཕྱག་དང་མཆོད་པའི་གནས་སུ་བཀུར། །རྫུ་འཕྲུལ་སྨན་བཞིས་ཕུལ་བའི་ནོར་བུ་བཞི། །གཟི་ཡི་སྒྲོམ་བུ་གསེར་ཕྱེས་བཀངས་པ་བརྒྱད། །གཡུ་དང་མུ་མེན་བྱུ་རུ་རྨ་མེད་པ། །ཁལ་ནི་ལྔ་ལྔ་ས་བཅུད་གཏེར་དུ་བཞག །དེའི་ཚེ་འགྲན་མེད་མི་འགྱུར་བརྟན་བཅུ་འཛོམས། །བླ་རི་མི་འགྱུར་མཁའ་འགྱིང་ལྷ་ཡི་རི། །བླ་ཆུ་མི་འགྱུར་རྒྱལ་མོ་དངུལ་མདངས་རྒྱུན། །ཡུལ་ལྗོངས་མི་འགྱུར་བརྟན་པ་ཀ་ལིང་ཀ །གནས་བྱིན་མི་འགྱུར་རྣམ་སྣང་རྡོ་ཡི་སྐུ། །རྟེན་མཆོག་མི་འགྱུར་སྐུ་ཚབ་བདེ་འབྱུང་གནས། །ས་ནི་མི་འགྱུར་དཔལ་གྱི་གྲོང་ཁྱེར་ཆེ། །རི་བོ་མི་འགྱུར་ཀ་ཡན་དོམ་གྱི་རི། །ཕོ་བྲང་མི་འགྱུར་གཡུ་རྩེ་གསེར་གྱི་ཁང་། །རྒྱལ་རྒྱུད་མི་འགྱུར་ལིག་ཝེར་གནམ་གྱི་རྒྱལ། །མཆོད་གནས་མི་འགྱུར་བོན་མཆོག་རིན་པོ་ཆེ། །དེ་ལྟར་གནམ་གྱི་རྒྱལ་པོས་བྱ་ལས་དེ། །ས་དང་སྐྱེ་འགྲོའི་བསོད་ནམས་བསགས་པས་ཁྱགས། །དེའི་ཚེ་ས་ཕོ་སྟག་ལོར་བཙན་ཅུང་ལ། །སྲས་གསུམ་དང་པོ་རྩིས་གཡས་རྫུས་སྐྱེས་དེ། །མཁའ་ལ་བྱོན་པ་སྟོད་ཀྱི་ཐ་གྲུ་བདག །སྟོད་ཀྱི་ཡར་ལུང་རྒྱལ་པོ་ཞེས་སུ་གྲགས། །འབྲིང་པོ་ཨོག་ནས་སྒོང་སྐྱེས་དེ་ཉིད་ལ། །སྨད་ཀྱི་རྒྱ་ནག་ཐོར་ཅོག་རྒྱལ་པོར་གྲགས། །ཐ་ཆུང་མངལ་སྐྱེས་ཁྲོ་ཏི་རྒྱལ་པོ་ཞེས། །ཕོ་བྲང་གཡུ་རྩེ་རྒྱལ་སའི་མངའ་བདག་མཛད། །ཁྲོ་ཏིའི་སྲས་ལ་ཡེ་འབུམ་དཀར་པོ་འཁྲུངས། །དེའི་སྲས་ཞལ་དཀར་དེའི་སྲས་ཡུལ་འཁོར་འཁྲུངས། །དེའི་སྲས་གསེར་སློང་ཚངས་ཡིག་དེ་ཡི་སྲས། །བཀའ་རྟགས་དེའི་སྲས་ལིག་ཝེར་མཚན་ཅན་འཁྲུངས། །དེའི་སྲས་ནེ་ཝེར་དེའི་སྲས་ཏིང་ཝེར་འཁྲུངས། །དེའི་སྲས་སླས་ཝེར་དེའི་སྲས་དྲུང་ཅན་འཁྲུངས། །དེའི་སྲས་གཡུང་དྲུང་དེའི་སྲས་སེར་འབུམ་བལྟམས། །དེའི་སྲས་གཡུ་རིན་དེའི་སྲས་རིན་ཆེན་འཁྲུངས། །དེའི་སྲས་དངུལ་འཁོར་དེའི་སྲས་གསེར་འཛིན་འཁྲུངས། །དེའི་སྲས་དངུལ་གྱི་ཐོར་ཚུགས་དེ་ཡི་སྲས། །བདག་ཆེན་དེའི་སྲས་རུས་སྦལ་དུང་རྣ་འཁྲུངས། །དེའི་སྲས་མང་ཁར་སྒོམ་བློ་དེ་ཡི་སྲས། །མ་ཁར་སྒོམ་སྐྱབས་ཞེས་འཁྲུངས་དེ་ཡི་སྲས། །སྨད་པ་ཏ་ཡོ་ཤེས་འཁྲུངས་དེ་ཡི་སྲས། །ཨ་སྐྱབས་དེའི་སྲས་ཁ་ཏི་ཉེ་འབུམ་འཁྲུངས། །དེའི་སྲས་ཁྲོ་བོ་འབུམ་རྒྱལ་དེའི་སྲས་བཞི། །གཅེན་པོ་གྲགས་རྒྱལ་ཨ་ཝང་དེ་ཡི་སྲས། །གཡུང་དྲུང་འབུམ་འཁྲུངས་དེ་ཡི་སྲས་གསུམ་འབྲིང་། །རྣམ་རྒྱལ་གྲགས་པ་དེའི་སྲས་གསུམ་གྱི་འབྲིང་། །ཁྲོ་བོ་རྒྱལ་པོ་འཁྲུངས་སོ་དེ་ཡི་སྲས། །ཚེ་དབང་དོན་གྲུབ་དེའི་སྲས་ཨ་དྲུང་འཁྲུངས། །དེ་ལ་སྲས་ལྔ་སྐུ་ཆེན་གྲགས་རྒྱལ་འཁྲུངས། །དེ་ཡི་སྲས་གསུམ་འབྲིང་པོ་རྡོ་རྗེ་རྒྱལ། །དེའི་སྲས་ཟླ་བ་དེ་ཡི་སྲས་ནི་གཉིས། །གཅེན་པོ་འབྲུག་རྒྱལ་དེའི་སྲས་སྐུ་མཆེད་བཞི། །གཅེན་འོག་ཨ་ཁྲོ་དེའི་སྲས་གསུམ་གྱི་གཅུང་། །རྒྱལ་པོ་ལྷ་འབུམ་དེའི་སྲས་གཉིས་ཀྱི་གཅུང། །རྡོ་རྗེ་རྒྱལ་པོ་དེའི་སྲས་གཉིས་ཀྱི་གཅེན། །ལྷ་རྒྱལ་ཆུང་བ་རྒྱལ་པོ་ལྷ་འབུམ་ཟེ། །ལྷ་འབུམ་ཟེའི་སྲས་ངི་སུང་དེའི་སྲས་ལྔ། །གཅེན་འོག་ལྷ་དབང་རྡོ་རྗེའི་སྲས་ལྔ་ལ། །གཅེན་འོག་རྡོ་རྗེ་རྒྱལ་ཞེས་འཁྲུངས་པ་ཡིན། །འདི་ཡན་རྒྱལ་རེར་སྐུ་སྲུང་གཤེན་པོ་རེ། །བཞེངས་པའི་རྟེན་སོགས་མཛད་འཕྲིན་མཐའ་ཡས་པས། །བོན་སྲིད་རྒྱལ་སྲིད་སྐྱོང་བའི་རིམ་པ་ནི། །ཞིབ་པར་རྒྱལ་རབས་མུ་ཏིག་འཕྲེང་བར་གསལ། །རྒྱལ་པོ་རྡོ་རྗེ་རྒྱལ་གྱི་སྲས་ལྔ་ལས། །གཅེན་པོ་མི་དབང་ནམ་མཁའ་རྒྱལ་པོ་མཚན། །ཆུང་ངུའི་དུས་ནས་ཐུགས་སྒམ་བློ་རྩལ་རྒྱས། །མཁྱེན་རབ་རྒྱ་མཚོའི་གཏིང་ལ་དབང་འབྱོར་ཞིང་། །ཟབ་བརླིང་བོན་གྱི་སྒོ་མོ་རྒྱ་མཚོ་ལ། །དད་པའི་ངེས་ཤེས་བཅོས་མིན་ཡང་ཡང་སྐྱེས། །དེའི་ཚེ་རིག་འཛིན་ཀུན་གྲོལ་གྲགས་པ་དེ། །མཐའ་འཁོབ་འདུལ་བའི་སྨོན་ལམ་ལས་བཙན་བཞིན། །རོང་ཁམས་སྤྱི་དང་ཁྱད་པར་རབ་རྒྱལ་གྱི། །སྙིང་ནས་དད་པས་གཙུག་ཏུ་བཀུར་བའི་ཚེ། །ཐུགས་གསང་ཡེ་ཤེས་ཁོ་ར་ཁོར་ཡུག་དབྱིངས། །བསླུ་མེད་ལུང་གིས་ཟིན་པས་བཀའ་འདི་སྐད། །རྒྱལ་པོ་གསལ་མཆོག་དམ་པའི་རྣམ་འཕྲུལ་ཁྱོད། །སྔ་འགྱུར་བསྟན་ལ་དད་པའི་དཔལ་ཁ་བསྟོད། །བསྟན་པ་འཛིན་དང་སྐྱོང་དང་སྤེལ་དང་བསྒྲུབ། །རེམས་ཤིག་རེམས་ཤིག་དེས་ན་ཁྱེད་ནས་བཟུང་། །རབ་རྒྱལ་ཕས་རྒོལ་གང་གི་མི་བའི་ཞིང་། །ཚེ་འདིར་བསོད་ནམས་ཆོས་སྲིད་ཇེ་རྒྱས་ངོས། །ཕྱི་མར་ཡེ་ཤེས་ཚོགས་ཀྱང་ཇེ་རྒྱས་འགྲོ། །ཞེས་སོགས་བླང་དོར་རགས་ཞིབ་རིམ་པར་གནང་། །རྒྱལ་པོ་དམ་པ་ཐུགས་འཇམ་ཞི་དུལ་དེས། །ས་ཁམས་དྲང་ཐིག་མཛད་པས་བདེ་ལ་བཀོད། །རྟེན་བཞེངས་དགེ་བསྐུལ་དགེ་འདུན་རྒྱ་མཚོ་བསྟི། །ཕོངས་ལ་སྦྱིན་འགྱེད་མཐུན་དཔེ་ཡིད་བཞིན་ནོར། །གང་ཡང་ཐུགས་ལ་འདོད་བཞིན་ཤུགས་ཀྱིས་བྱུང་། །བསྟན་སྦྱིན་ཇི་ལྟར་མངའ་ཐང་རྒྱས་པ་དེར། །འཇུངས་ཅན་ཕས་ཀྱིས་རྒོལ་བའི་རིགས་གྱུར་ཡང་། །ལྷ་དབང་སྙིམ་པར་རྩེ་བརྒྱ་འཛིན་པ་ཡིས། །སྦྱིན་སྐྱེས་བཅོམ་བཞིན་ཐུགས་བསྐྱེད་ཡོངས་སུ་དཀར། །རྒྱལ་རྒྱུད་སྲས་ཀྱང་གོང་བདག་རྒྱལ་པོ་དང་། །ཀླུ་དབང་རྒྱ་མཚོ་སྟོན་པ་དབང་གི་རྒྱལ། །བསོད་ནམས་དབང་རྒྱལ་གྲགས་རྒྱལ་སྟོན་པ་ཟེ། །དེ་ལྟར་འཁྲུངས་ཤིང་ས་སྐྱོང་རྒྱལ་པོ་དེས། །དུས་རྒྱུན་བརྟན་གཡོ་མི་རྟག་ཆུ་བཞིས་གཡེང་། །ཆུ་ཤིང་འབྲས་བཞིན་སྒྱུ་མ་མངོན་གཟིགས་པས། །སྔོན་གྱི་དགྲ་བཅོམ་རྒྱལ་བས་མཛད་པ་བཞིན། །རྣམ་འདྲེན་དམ་པ་ཀུན་གྲོལ་གྲགས་པའི་མདུན། །ཁྱིམ་བསྟེན་དགེ་བསྙེན་སྡོམ་པ་ནོད་པར་མཛད། །མཚན་ཀྱང་ནམ་མཁའ་གཡུང་དྲུང་ཡེ་ཤེས་དང་། །དབང་གི་རྒྱལ་པོ་ཞེས་སུ་གསོལ་པ་ཡིན། །གོང་སྤར་བར་དུ་གཞུང་མཐུན་འཛོལ་མེད་བསྲུངས། །བསླབ་པ་གསུམ་ལྡན་བསོད་ནམས་རྒྱལ་མཚན་དྲུང་། །ཁྱིམ་སྤངས་རབ་བྱུང་སོ་ཐར་སྡོམ་པ་བླངས། །མཚན་ཀྱང་ནམ་མཁའ་ཡེ་ཤེས་ཞེས་སུ་གསོལ། །ཕྱི་ཚུལ་ནང་ཁྲིམས་དྲི་མེད་མེ་ཏོག་དང་། །གཡོ་མེད་དམ་བཅའ་ཆེས་བརྟན་སའི་ཕུར་བཞིན། །སྔོན་སྦྱངས་འཕྲོ་སད་འཆད་ཅིང་རྩོམ་པ་ཡང་། །བསླབ་ཅིང་སྦྱང་མེད་ཆུ་ཡི་མིག་བཞིན་བརྡོལ། །བསྟན་དང་དགེ་འདུན་ཚོགས་པ་གངས་རིའི་སྤོར། །རྣལ་འབྱོར་ལུང་རིགས་རལ་པ་ཡོངས་ཕྱུག་པས། །ཚད་མ་གསུམ་གྱི་མཆེ་སྡེར་ངོམ་པའི་ཚེ། །ལོག་སྨྲ་གཉིས་འཐུང་ཚོགས་ནི་ཞུམ་པར་གྱུར། །རྣམ་དག་དགེ་བཅུའི་མཛད་པ་ནོར་བུའི་ཏོག །རོང་ཆེན་ཆོས་སྲིད་བརྟན་པའི་རྒྱལ་མཚན་རྩེར། །བཀོད་པའི་མངའ་ཐང་ལྷབ་ལྷུབ་གཡོ་བའི་ཚེ། །སྐྱེ་དགུ་བདེ་སྐྱིད་རྫོགས་ལྡན་གསར་པར་འགྲན། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །སྦྱིན་བདག་རབ་བརྟན་གདུང་རབས་ལེའུ་སྟེ་བཞི་པའོ། །  ། །

  དེ་ནས་པར་དུ་བཞེངས་པའི་དགོས་ཆེད་ནི། །རྒྱལ་བའི་ཡུམ་ལས་འབུམ་འདི་འདྲི་དང་བཀླག །དེ་ལ་རྒྱལ་བ་ཀུན་གྱིས་གཟིགས་ཤིང་དགོངས། །བྱིན་གྱིས་བརླབས་ཤིང་དངོས་གྲུབ་རྣམ་གཉིས་འཐོབ། །གསུངས་བཞིན་དགེ་བྱེད་གང་ཡང་སྤོབས་པ་བསྐྱེད། །མི་དབང་གང་འདི་དགེ་བའི་བག་ཆགས་སད། །གཞོན་ནུའི་དུས་ནས་རྟེན་གསུམ་བཞེངས་ལ་སྤྲོ། །དེ་དག་ཀུན་གྱི་ནང་ནས་བསྟན་འགྲོ་ལ། །ཕན་པ་རྒྱ་ཆེར་ཡོང་བའི་ཕྱག་རྗེས་ཤིག །འཇོག་པ་དགོངས་ཚེ་བླ་ཡི་མཆོད་གནས་པ། །རིགས་ཀུན་ཁྱབ་བདག་འཇའ་ཚོན་སྙིང་པོ་འཆང་། །ངེས་གསང་རྒྱུད་སྡེའི་པར་ལ་ཐུགས་རབ་བརྐམ། །བཀའ་ཡི་འཕྱིང་སང་མདུན་ན་འདོན་ཆེན་པོ། །ལུགས་ཟུང་མཁྱེན་རབ་སྤྱན་སྟོང་མངའ་རྣམས་བཅས། །མ་འོངས་བསྟན་འགྲོ་སྤྱི་ལ་ཕན་པའི་སྒོ། །རྟེན་བཞེངས་ཇི་ལྟར་བྱས་ན་འགྲོ་དོན་ཆེ། །ཞེས་སོགས་བཀའ་ཡི་བགྲོ་གླེང་མཛད་པའི་ཚེ། །ངོ་སྐལ་བཞིན་དུ་འདོད་པ་ཐ་དད་ཀྱང་། །བློ་གྲོས་མང་མཐུན་རྒྱས་པ་འབུམ་གྱི་པར། །བཞེངས་ན་ལེགས་ཚུལ་བློ་སེམས་གཅིག་ཏུ་མཐུན། །མི་དབང་རང་ཡང་ཐུགས་དགོངས་དེ་ལ་གཏད། །བོན་རྣམས་ཀུན་གྱི་སྔོན་དུ་ཡིད་འགྲོ་གསུངས། །སྦྱོར་བ་འདི་ཡང་ལྷག་བསམ་དགེ་ལས་བྱུང་། །ལུང་ལས་ངེས་འབྱུང་ཀུན་སློང་ཡིན་པར་བཤད། །འཕགས་ནོར་བདུན་གྱི་ཐོགས་མའང་དད་པ་སྟེ། །དེའི་ཕྱིར་རྒྱལ་བའི་བསྟན་ལ་དད་པ་ཡིན། །བླུན་པོ་ཁ་ཅིག་སེར་སྣའི་མདུད་པས་བཅིངས། །གཏོང་བའི་བློ་ཆུང་བང་མཛོད་སྟོངས་སུ་དོགས། །ཤེས་ལྡན་འགའ་ཡིས་ཡི་རངས་མཐུན་འགྱུར་མཛད། །མཆོད་སྦྱིན་འབྲས་མེད་འབྱོར་ལྡན་ག་ལ་སྲིད། །ཆགས་ལྡན་འགའ་ཞིག་ནོར་གྱི་ཆེད་དུ་འཁོན། །ལ་ལ་ནོར་ཕྱིར་ལུས་དང་སྲོག་ཀྱང་གཏོང་། །རེ་འགའ་བསག་བསྒྲུབ་རྩོལ་བས་རང་ཉིད་མནར། །ཐམས་ཅད་འཁྲུལ་པའི་རང་གཟུགས་མ་ཤེས་སྐྱོན། །གོས་སེར་ཅན་གྱི་རྩི་བསགས་ཇི་བཞིན་དུ། །ཕ་རོལ་འཕྱེན་ཚེ་འཁྱེར་བའི་དབང་དང་བྲལ། །གཞན་གྱི་ལོངས་སྤྱོད་རང་ཉིད་ངན་སོང་བརྒྱུད། །སྙིང་པོ་མེད་པའི་ནོར་ལ་ཐབས་མཁས་ན། །སྙིང་པོ་མཆོག་གྱུར་ཚོགས་གཉིས་གཏེར་ལ་སྤྱོད། །ཚེ་འདིར་མི་འཚེངས་ཕྱི་མར་བུན་བསྐྱེད་འགྱུར། །འབྲས་བུ་བདེ་ཆེན་མཆོག་ལ་རབ་དགོངས་ན། །ཤེས་ལྡན་རྣམས་ཀྱིས་ནོར་ལ་སྙིང་པོ་ལེན། །དད་དང་སྤྲོ་བའི་གཏོང་ཕོད་མི་ཆུང་ཞིང་། །རྒྱལ་བའི་གསུང་རབ་འདྲི་དང་བཀླག་པ་དང་། །མཆོད་དང་བསྙེན་བཀུར་བྱེད་པ་འགའ་མཐོང་ཡང་། །སྟོང་ཕྲག་བརྒྱ་པའི་པར་རྒྱུན་ཆེས་ཕྲ་བས། །སྐྱེ་དགུ་མཆོག་དམན་བར་མ་ཐ་དག་ལ། །འཇུག་པ་བདེ་ཞིང་འགྲུབ་པ་སླ་བའི་ཕྱིར། །ཁམས་ཆེན་འདོན་ན་སྡིག་ཆེན་འདྲོངས་པ་སླ། །དེ་ཡང་དངོས་པོའི་འཇུངས་སེམས་མེད་པའི་ངོས། །དམན་དང་བར་མའི་འགྲོ་ལ་ཕན་ཕྱིར་རོ། །དེར་མ་ཟད་པའི་རྒྱལ་བའི་བསྟན་པ་ནི། །མཛོད་ལས་སྟོན་པའི་བོན་སྒོ་རྣམ་གཉིས་ནི། །ལུང་གི་བོན་དང་རྟོགས་པའི་བོན་གཉིས་ཡིན། །གསུངས་ཕྱིར་སངས་རྒྱས་བསྟན་པ་རིན་པོ་ཆེ། །ཡུན་རིང་གནས་པ་ལུང་གི་བོན་ལ་རག །རང་གཞན་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་བ་བྱེད་པ་རྟོགས་པའི་བོན་ཁོ་ན། །ཡིན་ཅིང་བོན་ལ་ཐོས་བསམ་སྒོམ་སྒྲུབ་ཀྱིས། །གཏན་ལ་དབབ་འདི་སངས་རྒྱས་བསྟན་པ་ཡིན། །རྒྱལ་དང་དེ་སྲས་བཅས་པས་ཞལ་གྱིས་འཆེས། །དེ་ལ་དགོངས་ནས་མི་དབང་མཆོག་འདིས་ཀྱང་། །རྒྱལ་བསྟན་ཡུན་རིང་གནས་ཤིང་མཁའ་མཉམ་འགྲོར། །ཕན་དང་བདེ་བ་བླ་མེད་འབྱུང་བ་དང་། །ཞིང་གཤེགས་དགོངས་པ་བོན་ཉིད་དབྱིངས་སུ་རྫོགས། །སྦྱིན་བདག་ཡབ་སྲས་བློན་འབངས་ཆབ་སྲིད་བཅས། །སྐུ་ཚེ་འཕྲིན་ལས་བསྟན་པ་ཉམས་མེད་ཅིང་། །ཞིང་ཁམས་འདིས་མཚོན་ས་ཡི་ཁྱོན་རྣམས་སུ། །འཕེན་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་ཕྱིར་དང་། །ཁྱད་པར་པར་གྱི་རྒྱུན་བཟང་འདིར་བརྟེན་ནས། །ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འདྲི་དང་ཀློག །འཆད་དང་ཉན་སོགས་ས་ཡི་ཁྱོན་ཆེན་པོ། །ཁྱབ་ཕྱིར་ལེགས་པར་བསྐྲུན་ལ་དགོས་ཆེད་དོ། །མཁས་རྣམས་ཡིད་རྟོན་ཕྱི་མོ་འདི་ལ་གྱིས། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །བཞེངས་པ་བྱེད་པའི་དགོས་ཆེད་ལེའུ་སྟེ་ལྔ་པའོ། ། ། །

  དེ་ནས་བཞེངས་པའི་དུས་དང་གནས་ཡུལ་གྲུ། །ཞར་བྱུང་རྟེན་བཞེངས་དགེ་བའི་རྒྱུན་བཙུགས་ཚུལ། །དང་པོ་དུས་ནི་བསྐལ་པ་བཟང་པོ་འདིར། །བདེར་གཤེགས་སྟོང་དང་རྩ་བརྒྱད་འབྱོན་པ་ལ། །མི་རྣམས་ཚེ་ལོ་བརྒྱད་ཁྲི་བཞི་ཁྲི་དང་། །ཁྲི་པ་སྟོང་པ་ལྔ་བརྒྱ་ཐུབ་པའི་ཚེ། །འཁོར་བ་ཀུན་འདྲེན་ཉོན་མོངས་དུག་བསྲེག་དང་། །མུན་སེལ་སྒྲོན་མེ་མི་འགྱུར་གཙུག་ཕུད་ཅན། །མངོན་པར་བྱང་ཆུབ་བྱོན་ཅིང་མི་རྣམས་ནི། །ཚེ་ལོ་བརྒྱ་ཕྲག་འཚོ་བའི་སྐབས་འདི་ན། །དུས་དང་སེམས་ཅན་ལྟ་བ་ཚེ་དང་ནི། །ཉོན་མོངས་སྙིགས་མ་ལྔ་བདོ་འདུལ་བའི་ཕྱིར། །འོ་སྐོལ་སྟོན་པ་ཐམས་ཅད་མཁྱེན་པ་འདི། །འཛམ་གླིང་ཡུལ་དབུས་དམ་པས་བསྟི་བའི་གནས། །གཡུང་དྲུང་དགུ་བརྩེགས་ཆུ་བོ་བཞི་བབས་པའི། །ནགས་ཚལ་དགོན་པ་ཕུན་སུམ་ཚོགས་པའི་གླིང་། །རི་རྒྱལ་ལྷུན་པོའི་ཕོ་བྲང་ཞེས་བྱ་བ། །རྒྱལ་ས་ཕོ་བྲང་གླིང་ཆེན་བརྒྱད་ཀྱི་དབུས། །དེ་ལ་ཉེ་བའི་སོ་བརྒྱད་རིན་ཆེན་མཁར། །དམུ་རིགས་རྒྱལ་པོའི་ཕོ་བྲང་ཆེན་པོ་དེར། །སྟོང་གསུམ་འདུལ་བའི་སྟོན་པ་རིན་པོ་ཆེ། །དེ་ཡི་སྐུ་གསུང་ཐུགས་ཀྱི་བསྟན་པ་ནི། །མི་ལོ་ཁྲི་ཕྲག་གསུམ་དུ་གནས་པ་སྟེ། །མི་ལོ་བརྒྱ་ལ་གཤེན་གྱི་ལོ་གཅིག་བརྩིས། །ཐོག་མར་སྐུ་ཡི་འདུལ་བའི་བསྟན་པ་ལ། །མཛད་ཚུལ་ཉི་མའི་གྲངས་ཀྱི་ཚད་འཛིན་ཏེ། །དང་པོ་སྐྱེ་བ་བཞེས་པའི་མཛད་པ་ལ། །ལྷ་ཡི་བུ་ཕོ་ཁྱེའུ་གསལ་བ་དེ། །དགའ་ལྡན་གནས་ནས་འོག་མིན་ཞིང་དུ་གཤེགས། །ལོངས་སྤྱོད་རྫོགས་སྐུ་གཤེན་ལྷར་ལུང་ཡང་ནོད། །ཡེ་སངས་ཡུལ་དུ་སངས་པོ་འབུམ་ཁྲི་ལ། །སྲིད་པ་སྟོང་རྩིས་བོན་ལ་མཁས་པར་སྦྱངས། །མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་ཆེན་པོ་རུ། །ཤེས་རབ་རྩལ་སྦྱངས་ཤེས་པ་ཕུལ་དུ་ཕྱིན། །འཁོར་འདུས་ས་མཚམས་བར་ལྷ་འོད་གསལ་དུ། །ཤེས་བྱའི་སྒྲིབ་སྦྱོང་གཙང་མ་རིགས་ལྔ་ནས། །འགྲོ་ལ་རྣམ་བརྩེ་གཟིགས་དགོངས་རྣམ་པ་ལྔ། །ཡུལ་ལ་གཟིགས་པ་མི་མཇེད་བརྩོད་པ་ཅན། །གདུལ་བྱར་གཟིགས་པ་ལྷོ་རྒྱལ་འཛམ་གླིང་མི། །རིགས་ལ་གཟིགས་པ་དམུ་རྒྱལ་ཐོད་དཀར་པོ། །ཡུམ་ལ་གཟིགས་པ་ཡོ་ཕྱི་རྒྱལ་བཞད་མ། །དུས་ལ་གཟིགས་པ་སྙིགས་མ་ལྔ་བདོ་བ། །དེ་ལྟར་གཟིགས་པ་ལྔ་ཡིས་རྫུ་འཕྲུལ་སྐུ། །འདབ་ཆགས་རྒྱལ་པོ་གཡུ་བྱ་ཁུ་བྱུག་སྤྲུལ། །འོལ་མོའི་གླིང་ནས་བདེ་གཤེགས་མཆོད་པའི་རྟེན། །འགྲོ་བ་རབ་འདྲེན་རྩེ་མོར་བབས་ནས་སུ། །སྡུག་བསྔལ་སངས་པའི་སྒྲ་བཅས་རྒྱལ་བཞད་མས། །མཆོད་རྟེན་སྐོར་བ་མཛད་པའི་ལྷུམས་སུ་ཞུགས། །དགོངས་པ་ལྔ་ནི་ལོ་འགོ་ཤིང་ཕོ་བྱི། །ཟླ་བ་དཔྱིད་ཟླ་དང་པོ་སྐར་མ་རྒྱལ། །ཞག་གི་སྙིང་པོ་ཚེས་པ་བཅོ་ལྔ་ཡི། །དུས་ཚོད་དང་པོ་ནམ་ལངས་དུས་ལ་དགོངས། །དེའི་ཚེ་མངལ་གྱི་དྲི་མས་མ་གོས་པ། །རྒྱལ་བཞད་ཡུམ་གྱི་གློ་སྐར་གཡས་ནས་བལྟམས། །དེ་བཞིན་སྐྱེ་བ་བཞེས་དང་རོལ་རྩེད་མཛད། །བསྟན་པ་སྤེལ་དང་འགྲོ་འདུལ་འོད་ཟེར་སྤྲོ། །བཙུན་མོ་རོལ་དང་སྲས་སྤྲུལ་བདུད་ཚོགས་བཏུལ། །རིམ་པར་མཛད་དེ་གཤེན་ལོ་སོ་གཅིག་པ། །མི་ལོ་གསུམ་སྟོང་ཆིག་བརྒྱར་ལོན་པའི་ཚེ། །རྒྱལ་ས་ཆེན་པོ་ཕོ་བྲང་གླིང་བརྒྱད་ཀྱི། །ཤར་སྒོར་མི་རྣམས་སྐྱེ་བའི་སྡུག་བསྔལ་དང་། །བྱང་སྒོར་རྒས་དང་ནུབ་སྒོར་ན་བས་གདུང་། །ལྷོ་སྒོར་འཆི་བའི་སྡུག་བསྔལ་གཟིགས་པའི་རྐྱེན། །རང་འབྱུང་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་། །སྟོན་པ་རང་ཉིད་རང་ལ་རབ་ཏུ་བྱུང་། །དེ་ནས་རིམ་བཞིན་དཀའ་བ་སྤྱད་པ་དང་། །བོན་གྱི་འཁོར་ལོ་རྣམ་གསུམ་རབ་ཏུ་བསྐོར། །གཤེན་ལོ་ཞེ་ལྔ་ལོན་ནས་དོན་ལྔའི་བར། །མི་ལོ་བཞི་སྟོང་ལྔ་བརྒྱ་རྩ་གཅིག་དང་། །བདུན་སྟོང་ལྔ་བརྒྱ་རྩ་གཅིག་པར་དག་ཏུ། །ཕྱི་རབས་དཔེར་བསྟན་འཁོར་སྤངས་དགོན་པར་བཞུགས། །མི་རྟག་མྱ་ངན་འདའ་བའི་ཚུལ་བསྟན་ཏེ། །གཡུང་དྲུང་སྐུ་ལ་གཞོམ་གཞིག་མི་མངའ་ཡང་། །རྟག་པར་ལྟ་བའི་མི་རྣམས་སུན་དབྱུང་ཕྱིར། །དགུང་ལོ་དོན་ལྔར་བཀའ་ཡི་གཉེར་གཏད་མཛད། །དོན་དྲུག་ལོན་ཚེ་སྐུ་ལ་སྙུང་ཚུལ་བསྟན། །དེའི་ཚེ་རྒྱལ་སྲས་གཏོ་བུ་འབུམ་སངས་ཀྱིས། །གཏོ་ཐབས་སུམ་བརྒྱ་དྲུག་ཅུས་ལོ་གསུམ་བསྲིངས། །འཚོ་མཛད་སྨན་པ་དཔྱད་བུ་ཁྲི་ཤེས་ཀྱིས། །དཔྱད་རིགས་མི་འདྲ་ཉིས་ཁྲི་ཆིག་སྟོང་གིས། །དགུང་ལོ་གསུམ་དུ་བསྲིངས་ཏེ་གསུམ་གསུམ་དྲུག །ཀུན་རྫོབ་བདེན་པ་མི་བསླུའི་ཕྱིར་དུ་བཞུགས། །དེ་ལྟར་གཤེན་ལོ་བརྒྱད་བཅུ་གྱ་གཉིས་ཏེ། །མི་ལོ་བརྒྱད་སྟོང་ཉིས་བརྒྱ་བཅུ་ཡི་དུས། །ཁྲི་སྨོན་རྒྱལ་བཞད་ཡང་ཕུག་དགོན་པར་གཤེགས། །ཆུ་གླང་དགུན་ཟླ་ར་བ་གང་བའི་ཉིན། །སྐྱ་རེངས་ཤར་དང་དུས་མཉམ་དབྱིངས་སུ་གཤེགས། །དེ་སྟེང་མི་ལོ་ཆིག་སྟོང་བདུན་བརྒྱ་དང་། །དགུ་བཅུ་ཆུ་མོ་ཡོས་ལ་མི་ལོ་ཁྲི། །ཚང་སྟེ་སྐུ་ཡིས་འདུལ་བའི་བསྟན་པ་རྫོགས། །

  ཕྱིར་ལོ་ཤིང་ཕོ་འབྲུག་ལོ་ཤར་བའི་ཚེ། །གསུང་བསྟན་དབུ་ཟུག་གདུང་སོབ་ཆེན་པོ་བྱོན། །ལོ་གསུམ་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། །གདུང་སོབ་བྱོན་ནས་མི་ལོ་དགུ་སྟོང་དང་། །དགུ་བརྒྱ་དོན་དྲུག་འདུས་པའི་ལྕགས་སྤྲེལ་ལོར། །ས་ག་ཟླ་བའི་ཚེས་པ་བདུན་གྱི་ཉིན། །མཉམ་མེད་ཐུབ་པའི་དབང་པོ་བལྟམས་པ་ཡིན། །དེ་ནས་མི་ལོ་ཉེར་གཉིས་འདས་པའི་ཚེ། །རྒུ་པོ་རྟ་ལོ་རྟ་ཟླའི་ཚེས་བཅུ་ལ། །རྒྱལ་བའི་ཐུགས་ཀྱི་བསྟན་པའི་གཙོ་བོ་སྟེ། །བླ་ཆེན་དྲན་པ་ནམ་མཁའ་དེ་ཉིད་འཁྲུངས། །ཕྱིར་ལོ་ཆུ་མོ་ལུག་གི་ལོ་ནས་ནི། །གསུང་བསྟན་མི་ལོ་ཁྲི་ཕྲག་གཅིག་ཏུ་རྫོགས། །དེ་དག་སྐུ་དང་གསུང་གཉིས་བསྟན་པ་ལ། །ལོ་རྒན་དྲུག་ཅུ་སྐོར་ནི་སུམ་བརྒྱ་དང་། །སུམ་ཅུ་སོ་གསུམ་ལྷག་མ་ཉི་ཤུར་སོང་། །ཕྱིར་ལོ་ཤིང་སྤྲེལ་ཐུབ་བསྟན་གོ་བོ་ཟུག །དེ་ནས་བཅུ་གཉིས་ལོ་འདས་མེ་སྤྲེལ་ལོར། །སྤྲེལ་ཟླའི་ཚེས་བཅུ་མཁའ་འགྲོ་འདུ་བའི་ཉིན། །འོད་ལྡན་ཡུམ་ལ་ཚེ་དབང་པད་འབྱུང་འཁྲུངས། །དེ་ནས་ཞེ་བཞི་ལོ་འདས་ལྕགས་ཕོ་འབྲུག །ཐུབ་པའི་དབང་པོ་གཟུགས་སྐུའི་བཀོད་པ་བསྡུས། །དེ་ནས་བཞི་འདས་ཤིང་ཕོ་སྤྲེའུའི་ལོར། །སྤྲེལ་ཟླའི་ཚེས་བཅུར་ངྷཱ་ནཱ་ཀོ་ཤའི་མཚོར། །འགྲོ་བའི་སྣང་ངོར་པད་འབྱུང་རྫུས་སྐྱེས་བསྟན། །དེ་ནས་མི་ལོ་བརྒྱ་དང་སོ་བཞི་པ། །ས་ཕོ་སྟག་ལོ་འདུལ་བའི་རྐང་འཛིན་རྗེ། །མུ་ཟི་གསལ་བཟང་པོམ་རར་འགོག་པར་བཞུགས། །དེ་ནས་མི་ལོ་བདུན་བརྒྱ་གོ་དགུར་འདས། །མེ་བྱར་མུ་ཟི་འགོག་པ་བཞེངས་པའི་དུས། །ཁྲི་སྲོང་ལྡེ་བཙན་དགུང་ལོ་ཉེར་བརྒྱད་ལོན། །དེ་ནི་བོན་གྱི་བསྟན་པ་སྔ་དར་ཏེ། །ཐུགས་ཀྱི་བསྟན་པ་མི་ལོ་ཁྲི་ཕྲག་ལ། །དེ་དག་ཡན་ལ་མི་ལོ་ཆིག་སྟོང་དང་། །དྲུག་བརྒྱ་གོ་གསུམ་འདས་ཏེ་དེ་ནས་ནི། །མི་ལོ་སུམ་བརྒྱ་བརྒྱད་ཅུར་འདས་པ་ཡི། །མེ་མོ་འབྲུག་ལོར་གཤེན་ཆེན་ཀླུ་དགའ་བས། །གཏེར་དྲངས་བསྟན་པ་བར་དར་ཐོག་མའོ། །དེ་ནས་མི་ལོ་ཉེར་གཅིག་ས་ཕོ་སྟག །ཤར་ཚེ་ཁུ་ཚས་སྤར་དྲོའི་གཏེར་ཞལ་ཕྱེས། །དེ་ནས་ཉིས་བརྒྱ་ང་བརྒྱད་རྫོགས་པའི་ཚེ། །ལྕགས་ཕོ་བྱི་བར་སྤྲུལ་སྐུ་བློ་ལྡན་འཁྲུངས། །དེ་ནས་ཞེ་ལྔའི་ལོར་འདས་ཤིང་མོ་བྱར། །མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་གྱིས། །གཤེན་བསྟན་བཀྲ་ཤིས་སྨན་རི་དགོན་པ་བཏབ། །དེ་ནས་ཉིས་བརྒྱ་ཉེར་གཅིག་མེ་ཡོས་ལ། །སྡེ་སྲིད་མི་ཡི་དབང་པོ་ཞེས་བྱ་བས། །རྩིས་རྒྱུད་བེེཌཱུར་དཀར་པོའི་བསྟན་བཅོས་བརྩམས། །དེ་ནས་བཅོ་བརྒྱད་ལོ་འདས་ཤིང་མོ་བྱར། །བསྟན་པ་ཕྱི་དར་སེམས་དཔའ་ཉེར་ལྔའི་གཙོ། །སྤྲུལ་པའི་སྐུ་མཆོག་སངས་རྒྱས་གླིང་པ་འཁྲུངས། །དེ་ནས་སུམ་ཅུའི་ལོ་འདས་ཤིང་ཡོས་ལ། །སངས་རྒྱས་གླིང་པ་འདིར་སྣང་བཀོད་པ་བསྡུས། །ཕྱིར་ལོ་མེ་ཕོ་འབྲུག་གི་ལོ་ཤར་ཚེ། །སངས་རྒྱས་གླིང་པ་འགྲོ་ལ་རྗེས་ཆགས་གར། །ཡང་སྲིད་བསོད་ནམས་དབང་གི་རྒྱལ་བོ་སྟེ། །ཉེར་གཅིག་ལོ་འདས་མི་ཕམ་འགྲོ་བའི་མགོན། །མེ་མོ་གླང་ལ་སྐུ་འཁྲུངས་མེ་ཕོ་ཁྱིའི། །ཧོར་ཟླ་དང་པོའི་ཚེས་ལ་པར་རྐོས་ཀྱི། །དབུ་བཙུགས་བོན་གྱི་སྙིང་པོ་ཤེར་ཕྱིན་འདི། །པར་དུ་བཞེངས་པའི་གནས་མཆོག་ཆེན་པོ་ནི། །གངས་ཅན་ཤར་ཕྱོགས་རྒྱལ་མོ་རྒྱ་ཡི་རོང་། །མུ་རྡོ་གཡུང་དྲུང་སྤུངས་རྩེའི་བྱང་གི་ཕྱོགས། །ཕོ་བྲང་ཆེན་པོ་བཀའ་རྔམ་དུང་གི་མཁར། །གཡུ་རྩེ་མི་འགྱུར་གཡུང་དྲུང་གདམས་པའི་རྫོང་། །རིག་འཛིན་མཁའ་འགྲོས་ལུང་བསྟན་ཡུལ་གྱི་མཆོག །ཆབ་འབངས་བདེ་སྐྱིད་འབྱོར་པ་རབ་ཏུ་རྒྱས། །ཀུན་ཀྱང་དགེ་བཅུའི་ལས་ལ་བརྩོན་པའི་གནས། །དེ་རུ་གསེག་གཅོད་འགྲོས་མཁས་པར་བརྐོ་བ། །ཁུ་རྡེ་རྒྱལ་མཚན་འགོ་བྱས་བརྒྱ་ཕྲག་གཅིག །བཅུ་ཕྲག་ལྔ་དང་ཉག་མ་གསུམ་གྱིས་བརྐོས། །ཞུས་དག་བླ་མ་བསོད་ནམས་རྒྱལ་མཚན་དང་། །བཀའ་བློན་བླ་མ་རྒྱལ་བ་བསྟན་འཛིན་དང་། །མཁས་མཆོག་ཚེ་དབང་ཉི་མ་གསུམ་གྱིས་མཛད། །བྲིས་མཁན་ལི་བྱིན་ས་འདིར་འོངས་པ་བཞིན། །ཡེ་ཤེས་དང་ནི་རྒྱལ་མཚན་གཉིས་ཀྱི་གཙོས། །བདེ་བྱེད་གྲངས་ཀྱི་སོར་རྩིས་བསྐྲུན་པ་ཡིན། །པར་བརྡེབ་པ་དང་ཐབ་འདྲེན་དཔོན་དང་གཡོག །མགར་བ་བཅས་ཏེ་ཉིས་བརྒྱ་ཉེར་གཅིག་པོ། །གང་དེས་འབད་པ་ཆེན་པོས་ལེགས་བསྐྲུན་པས། །ལོ་གཉིས་ཟླ་དྲུག་ཁོངས་སུ་མདོ་འབུམ་གཟུངས། །འགའ་དང་ཁྱད་པར་སྟོང་ཕྲག་བརྒྱ་པར་གྲུབ། །དེ་དག་ཀུན་གྱི་གསོལ་ཆས་ཇ་ཆང་རྩམ། །དབུ་གཞུང་ཚར་སྟོན་ཡོན་དང་བཅས་པ་ལ། །དར་གོས་ཇ་དངུལ་རྟ་དྲེའུ་ནོར་ཕྱུགས་སོགས། །དངོས་པོའི་ཡོ་བྱད་ཇི་སྙེད་ཡོངས་བསྡོམས་པ། །དངུལ་བགྲང་དངུལ་སྲང་སྟོང་ཕྲག་བདུན་དང་ནི། །བརྒྱད་བརྒྱ་ལྔ་བཅུ་རྩ་གཉིས་ལྷག་ཙམ་སོང་། །པར་ཉིད་པར་ཁང་ཆེན་མོར་བཞུགས་སུ་གསོལ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་མཆོག །རིགས་གྲོལ་ཡོན་ཏན་གྱིས་ཕྱུག་དགེ་འདུན་པ། །ཚུལ་ལྡན་དགེ་བའི་བཤེས་གཉེན་ཚོགས་རྣམས་ཀྱིས། །ལུང་དང་མཐུན་པའི་རབ་གནས་མེ་ཏོག་འཐོར། །ཞར་འབྱུང་ལུགས་གཉིས་སྐྱོང་མཁས་འདི་ཉིད་ཀྱིས། །རྟེན་བཞེངས་དགེ་སྤེལ་དགེ་བཙུགས་ཟུར་སྨོས་ན། །ས་སྦྲུལ་ལོ་ལ་རྒྱལ་ཁབས་ལིག་ཝེར་དུ། །སྐུ་བརྙན་བཀྲ་ཤིས་འོད་འབར་བཀའ་རྔམ་དུ། །སྐུ་འདྲ་རྟེན་གསུམ་ཕུན་ཚོགས་གླིང་དགོན་བཞེངས། །ལྕགས་རྟར་མ་རྒྱུད་དངུལ་སྐུ་གཞལ་ཡས་ཁང་། །ལེན་ཅོར་སྟག་ཟླར་མ་རྒྱུད་ཚོགས་འཁོར་ལོ། །ས་ག་ཟླ་བར་མེ་ཏོག་མཆོད་པ་འཛུགས། །ཆུ་སྟོད་ཟླ་བར་ཞི་ཁྲོ་ཐོས་གྲོལ་རྒྱུན། །ཐ་སྐར་ཟླ་བར་སྒྲིབ་སྦྱོང་དོང་སྤྲུགས་བསྒྲུབས། །ཇི་སྲིད་བསྐལ་པའི་བར་དུ་ཚུགས་གཞི་བཞག །ལྕགས་ལུག་དགའ་ལྡན་དཀར་བརྡུང་ལྕགས་ལས་གྲུབ། །བཀོད་ལེགས་མཆོད་རྟེན་ཐོག་ཟོ་ཕྱེད་གཉིས་བཞེངས། །ཆུ་སྤྲེལ་བཀའ་འགྱུར་བསྟན་འགྱུར་མཆིས་སོ་ཅོག །དངུལ་ཡིག་པོ་ཏི་ཉིས་བརྒྱ་རེ་གསུམ་བཞེངས། །ཆུ་བྱར་དགའ་ལྡན་ཚོགས་ཟངས་ཆེན་མོ་བླུགས། །ཤིང་ཁྱིར་བཀའ་རྔམ་ཚོགས་ཟངས་བླུགས་པར་རྨད། །མེ་བྱིར་གཤེན་རྒྱལ་མཛད་པ་བཅུ་གཉིས་དང་། །གྲུབ་ཆེན་བརྒྱད་བཅུ་ལ་སོགས་ཞལ་སྐྱིན་བཞེངས། །མེ་གླང་སྟོན་པ་ཁྲི་གཙུག་གཙོ་འཁོར་ལྔ། །གསེར་ཟངས་རྒྱན་གྱིས་ཐོག་ཟོ་གཉིས་སླེབས་བཞེངས། །ས་སྟག་ཁྲོ་བོ་དབང་ཆེན་གཞལ་ཡས་བཞེངས། །ས་ཡོས་གཏེར་སྟོན་བརྒྱ་རྩའི་ཞལ་སྐྱིན་བཞེངས། །ལྕགས་འབྲུག་ཙ་རིར་རྣམ་རྒྱལ་གཙོ་འཁོར་བཞེངས། །རྒྱལ་དབང་ཀུན་གྲགས་འདྲ་སྐུ་དངུལ་བརྡུང་བཞེངས། །ལྕགས་སྦྲུལ་ལྷ་རྩེར་བྱམས་མ་འབུམ་འཁོར་བཞེངས། །ཆུ་ལུག་ཕོ་བྲང་གཡུ་རྩེར་ལྷ་ཁང་དང་། །ལེན་ཅོར་ཚོགས་ཁང་རྣམ་གཉིས་བཞེངས་པ་ཡིན། །ཤིང་སྤྲེལ་མདོ་འབུམ་གཟུངས་ཀྱི་པར་དབུ་བཟུང་། །བཀའ་རྔམ་ལྕགས་ལས་གྲུབ་པའི་མཆོད་པའི་རྟེན། །གདན་བཅས་ཐོག་ཟོ་གཉིས་སུ་སླེབས་པར་བཞེངས། །ཤིང་བྱར་དྲི་མེད་བསྐལ་བཟང་པར་མང་བཞེངས། །མེ་ཁྱིར་གཡུང་དྲུང་ལྷ་སྟེང་ལྷ་ཁང་དྲུག །ཕྱི་ཡི་ཁང་བཞེངས་མེ་མོ་ཕག་གི་ལོར། །ཕྱི་སྐོར་གྲྭ་ཤག་བརྒྱ་དང་བཅུ་གསུམ་བཞེངས། །གཤེན་རྒྱལ་མཛད་འཕྲེང་སྐྱེས་རབས་ལ་སོགས་པ། །རྩ་གསུམ་ཞིང་སྐྱོང་རྒྱ་མཚོའི་ཞལ་སྐྱིན་བཞེངས། །བཀའ་རྔམ་རིས་བྲིས་ལྷ་ཡི་ཁང་པ་གསུམ། །ལྡེར་གྱི་ལྷ་ཁང་གཉིས་སུ་བཞེངས་པ་ཡིན། །ས་བྱིར་དགོན་ཆེན་གཡུང་དྲུང་ལྷ་སྟེང་དུ། །དགེ་འདུན་འཚོགས་པའི་གཞི་བཟུང་གཤེན་གཉིས་རེར། །གྲྭ་ཤག་ཁང་རེ་ཞྭ་གཟན་ཤམ་ཐབས་རེ། །གཏོར་ཆ་མཆོད་ཁུགས་ཐུགས་དམ་པོ་ཏི་རེ། །དྷར་སིལ་ཆ་རེ་ཏིང་ཤག་རིན་པོ་ཆེ། །སྨན་བརྡར་རེ་རེ་དུས་རྒྱུན་འབྲུ་ཡི་ཕོགས། །ཁྱོན་བསྡོམས་སེམས་དཔའ་ཉིས་བརྒྱ་ཉེར་ལྔའོ། །མཁན་ཆེན་གསུམ་ལྡན་བསོད་ནམས་རྒྱལ་མཚན་བཀོད། །ལེགས་ལམ་བཅའ་བ་བཞག་ཅིང་ཚུལ་ཁྲིམས་ལྡན། །མཚུངས་དཔེ་ལྷ་གཉན་ཤེལ་གྱི་སྒོང་བཞིན་ནོ། །རྒྱལ་རབས་ན་རིམ་མཛད་བཟང་ཆུ་བོའི་རྒྱུན། །ཆད་བུག་མེད་སྟེང་མཛད་བཟང་ཡང་ཡང་བསྣན། །ཡུལ་མཆོག་གནས་བཞིའི་བཀོད་པ་གཞལ་ཡས་པས། །ཤར་རོང་ཡུལ་ལྗོངས་དོག་པོར་འགེངས་པར་བྱས། །གནས་བཞིའི་བྱིན་རླབས་ཤར་རོང་སྐྱེ་འགྲོ་གང་། །འདི་ཕྱིའི་བདེ་སྐྱིད་གཡུང་དྲུང་ལྷ་ལ་འགྲན། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །བཞེངས་དུས་བཞེངས་ཚུལ་ཞར་བྱུང་ལེའུ་སྟེ་དྲུག་པའོ། །  ། །

  དེ་ལྟར་པར་དུ་བཞེངས་པའི་ཕན་ཡོན་དང་། །བསྔོ་བ་སྨོན་ལམ་ཤིས་པ་བརྗོད་པ་ནི། །སྟོང་གསུམ་འདུལ་བའི་སྟོན་པ་རིན་པོ་ཆེའི། །ཞལ་ནས་གསུངས་པའི་མདོ་རྒྱུད་དུ་མ་ནས། །བདེར་གཤེགས་སྐུ་གཟུགས་གསུང་རབ་མཆོད་པའི་རྟེན། །བྲི་བཀོད་སྤེལ་བའི་བྱ་བ་གྱ་ནོམ་པ། །གང་འདིས་འཛམ་གླིང་ལྟ་ཞོག་གླིང་བཞི་དང་། །སྟོང་གསུམ་གངྒ་ཀླུང་གི་བྱེ་སྙེད་ལ། །མཆོད་པའི་བྱེ་བྲག་དུ་མས་མཆོད་པ་བས། །རྟེན་གསུམ་གཙོ་བོ་རྒྱལ་བའི་གསུང་རབ་ལ། །བཟུང་དང་བཅང་དང་འབྲི་དང་ཀློག་པ་ནི། །མཆོད་པའི་མཆོག་ཡིན་ཆར་ཡང་མི་ཕོད་དོ། །གྲངས་སུ་བགྲངས་པའི་ཚད་བཟུང་མི་ནུས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་། །ཡོན་ཏན་འདི་ཤེས་གླེགས་བམ་གཅིག་བཞེངས་ནའང་། །དེ་ལ་རྟག་ཏུ་རྒྱལ་ཆེན་རིགས་བཞིའི་ལྷ། །རྩ་གསུམ་ལྷ་རིགས་འོག་མིན་དགའ་ལྡན་སོགས། །འདོད་པའི་ཁམས་ན་བྱང་ཆུབ་མཆོག་བརྙེས་པ། །གནས་དེར་ལྷགས་ནས་སྲུང་སྐྱོབ་སྤ་བ་དང་། །ཚེ་དཔལ་འབྱོར་པ་འཛད་མི་ཤེས་པར་འགྱུར། །རིགས་ཀྱི་བུ་དེ་ས་ཕྱོགས་གར་གནས་ཤིང་། །བྱ་བ་ཅིར་འཇུག་མི་འགྲུབ་ཉམ་ང་བྲལ། །གཅན་གཟན་དུག་མཚོན་གང་གིས་གླགས་མི་རྙེད། །ཕ་རོལ་རྒོལ་བས་ཀླན་ཀ་འཚོལ་མི་ནུས། །འགྲོ་འདུག་བྱ་བ་ཅི་ལ་འཇུག་གྱུར་ཀྱང་། །རྣམ་པར་བདེ་ཞིང་སྐྱིད་པའི་ཉི་མ་འཆར། །རྨི་ལམ་དུ་མང་དག་པའི་སྣང་བ་རྒྱས། །ནམ་ཡང་ཉམ་ངས་གདུང་དང་གཙེས་པ་མེད། །གསུངས་བཞིན་གསུང་རབ་གླེགས་བམ་ཙམ་རེ་ཡང་། །བཞེངས་པའི་ཕན་ཡོན་དེ་ཙམ་བཤད་པས་ན། །ནོར་གྱིས་སྙིང་པོ་པར་དུ་སྤེལ་བ་འདི། །འགྱུར་མེད་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ། །གསུང་རབ་དུ་མ་འཕེལ་བའི་མ་མ་སྟེ། །དགོས་འདོད་རེ་བ་སྐོང་བའི་ནོར་བུ་ཡིན། །ཚོགས་གཉིས་མི་ཟད་སྤེལ་བའི་རྒྱ་མཚོ་སྟེ། །མཆོག་དམན་བར་མའི་སྐྱེ་འགྲོ་མཐའ་དག་ཀྱང་། །པར་འདི་བསྒྲུབ་ལ་དཀའ་ཚེགས་དགོངས་མིན་དང་། །ཇི་སྲིད་བསྐལ་བར་བསྟན་པའི་བཙས་ཆེན་པོ། །ཡིན་ཅིང་པར་འདི་སྐྲུན་པ་རྒྱལ་བའི་བསྟན། །སྤྱི་དང་བྱེ་བྲག་སྟོང་ཕྲག་བརྒྱ་བའི་བོན། །མི་ནུབ་སྲིད་མཐའི་བར་དུ་དར་རྒྱས་ཏེ། །འདི་ལས་ཡོངས་འཕེལ་བོན་ལ་ཉན་དང་བཤད། །ཀློག་དང་ཁ་དོན་མཆོད་དང་བསྙེན་བཀུར་སོགས། །དཔག་མེད་འབྱུང་ཕྱིར་གཡུང་དྲུང་བོན་འདི་དག །གཡས་ནས་གཡོན་དུ་སྐོར་ཞིང་རྒྱས་པར་འགྱུར། །གསུང་པའི་ལུང་བསྟན་དེ་ཡང་འདི་ལ་དགོངས། །དེའི་ཕྱིར་མི་དབང་ནམ་མཁའ་རྒྱལ་པོ་སྟེ། །ཚུལ་མིང་ནམ་མཁའ་ཡེ་ཤེས་ཞེས་པ་ཉིད། །བསྟན་ལ་བྱ་བ་བྱས་པའི་སྐྱེས་བུ་སྟེ། །རླབས་ཆེན་མཛད་པ་ཕུལ་དུ་བྱུང་པ་ཡིན། །དེ་ཡི་དགེ་ཚོགས་ཆུང་ལ་མི་འཛའ་བའི། །བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱོར་དགོས། །དེ་ལྟའི་ཚུལ་ཡང་རྒྱལ་བའི་ཡུམ་ཉིད་ལས། །བསོད་ནམས་མངོན་བར་འདུ་བྱས་དགེ་བ་དེ། །གནས་སྐབས་བདེ་སྐྱིད་ཕུན་ཚོགས་བོན་ལ་སྤྱོད། །མཐར་ཐུག་མངོན་མཐོ་ངེས་ལེགས་གྱུར་ཕྱིར་རོ། །གསུངས་བཞིན་དགེ་ཚོགས་མ་ལུས གཅིག་བསྡོམས་ཏེ། །ཇི་ལྟར་རྒྱལ་བའི་དགོངས་པས་ལེགས་མཁྱེན་ཅིང་། །དེ་ལྟར་མཚན་ཉིད་དག་ཡིན་བོན་ཉིད་གང་། །ངོ་བོ་ཅི་འདྲ་རྣམ་པ་ཅི་ལྟ་བུ། །གང་ཡང་ཚུར་མཐོང་བློ་ཡི་ཡུལ་འདས་བའི། །བསམ་གྱིས་མི་ཁྱབ་དེ་ལྟ་ཉིད་དུ་ནི། །རྗེས་སུ་ཡི་རང་མཆོག་གཙོ་ཕུལ་གྱ་ནོམ། །བླ་མེད་གོང་ན་མེད་ཅིང་བསམ་མི་ཁྱབ། །རྗེས་སུ་ཡི་རང་རྒྱལ་བའི་མཁྱེན་པ་བཞིན། །དེ་ལྟར་ཡོངས་སུ་བསྔོས་པ་བསྔོ་དགོས་གསུངས། །དེ་ཕྱིར་འདི་ལྟར་ཡོངས་སུ་བསྔོ་ལ་བསླབ། །ཇི་ལྟར་རྒྱལ་རྣམས་དགེ་བ་དེས་མཁྱེན་པའི། །རྣམ་པ་གང་ཡིན་འབྱུང་གང་མཚན་ཉིད་གང་། །ཡི་རངས་དེ་ལྟར་ད་ལྟ་ཡོངས་སུ་བསྔོ། །གསུངས་ཤིང་དེ་ལྟར་བསྔོས་པའི་ཕན་ཡོན་ཁྱད། །བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པར་བཤད། །ད་ལྟའི་ལེགས་བྱས་རྣམ་པར་དཀར་བའི་འབྲས། །སྟོབས་འབྱོར་ཕུན་སུམ་ཚོགས་པའི་ལྷའི་ལྗོན་པ། །སྟོང་ཕྲག་བརྒྱ་ལྡན་མི་ཟད་འབྲས་བུ་ཅན། །སྤེལ་བའི་དགེ་བ་མ་གྱུར་འགྲོ་ལ་བསྔོ། །འདི་སོགས་དུས་གསུམ་བསགས་པའི་དགེ་ཚོགས་ཀླུང་། །ཡོངས་སུ་བསྐྱིལ་བའི་ཡན་ལག་བརྒྱད་ལྡན་ཆབ། །ལེགས་པའི་ཡོན་ཏན་གསེར་གྱི་བྱེ་མ་གང་། །འདྲེན་ནས་བོན་དབྱིངས་རྒྱ་མཚོ་འཁྱིལ་བར་ཤོག །ཐེག་མཆོག་ངེས་གསང་སྙིང་པོ་གངྒའི་རྒྱུན། །དབང་པོའི་ཕྱོགས་འབབ་མཐོ་རིས་རལ་ཀླུང་གིས། །རྒྱལ་བསྟན་སྲོལ་བཟང་བཤད་སྒྲུབ་ཚུལ་བཟང་པོས། །ས་ཡི་ཁྱོན་ཀུན་ཁྱབ་ཅིང་སྨིན་པར་ཤོག །ལྷག་བསམ་རྣམ་དག་ཤོག་གཞི་ཐིག་ཕྲེང་ཅན། །འབྲི་ཀློག་རྒྱུན་གྱི་འོད་སྟོང་འཕྲོ་བ་འདིས། །དད་འབྱོར་བློ་ཡི་འདབ་བརྒྱ་ཡོངས་བཞད་ནས། །དོན་གཉིས་ཕུན་ཚོགས་གེ་སར་བཞད་པར་ཤོག །ལུང་རྟོགས་བོན་གྱི་འཁོར་ལོ་རྩིབས་སྟོང་ཅན། །བོད་དང་བོད་ཆེན་ལྗོངས་སུ་ལེགས་བསྐོར་ནས། །ཕན་དང་བདེ་བའི་བསིལ་ཟེར་འབུམ་སྤྲོ་བས། །རྒྱལ་བསྟན་ཨུཏྤལ་དཀར་པོ་འཛུམ་པར་ཤོག །དྲང་ངེས་བོན་གྱི་ལྗོན་པར་ཐོས་བསམ་འབྲས། །སྒོམ་རྟོགས་རོ་ལ་སྤྱོད་པའི་མཁས་བཙུན་བཟང་། །ཟུང་འཇུག་འཆི་མེད་གྲོང་དུ་ལེགས་གནས་པ། །བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན་པར་ཤོག །རིས་བྲལ་བསྟན་པ་ཡིད་བཞིན་དབང་གི་རྒྱལ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་མངོན་མཐོ་ཞིང་། །རྒུད་པའི་མུན་པ་སྡུག་པོ་དྲུངས་ནས་འབྱིན། །ཐོས་བསམ་སྒོམ་པའི་འོད་སྣང་འབར་བར་ཤོག །བསླབ་གསུམ་ལུས་སྟོབས་ཆེར་རྒྱས་གཉིས་འཐུང་སྟེ། །རྣམ་གསུམ་བཀའ་ཡི་འཁོར་ལོའི་དྲ་བ་མཛེས། །ཐེག་གསུམ་བསྟན་པའི་ཁུར་གྱིས་མི་ངལ་བའི། །སྒོ་གསུམ་གཡུང་དྲུང་བོན་ལ་བརྩོན་པར་ཤོག །མཁྱེན་བརྩེ་ནུས་པའི་འོད་ཟེར་བརྒྱ་བའི་ངོས། །བསྟན་འགྲོའི་ཅོད་པན་རྩེ་མོར་མངོན་མཐོ་བའི། །གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་འདི་ཡིས། །བསྟན་སྲིད་རྒྱ་མཚོའི་གོས་ཅན་ཁྱབ་པར་ཤོག །ལྷག་བསམ་དཀར་པོས་ས་བོན་ལས་སྨིན་པའི། །བོན་གྱི་སྦྱིན་པ་ཁ་ལེ་སྟོང་འབྱམས་ཅན། །སྲིད་རྩེར་བསྙེགས་འདིས་བཤད་སྒྲུབ་མངར་བའི་རོས། །གཤེན་བསྟན་ཡུན་རིང་འཚོ་བའི་རྒྱུར་གྱུར་ཤོག །སྐྱེ་དགུའི་མཆོད་འོས་བོན་གྱི་ཉིན་མོར་བྱེད། །ལུང་རྟོགས་བསྟན་པའི་འདབ་བརྒྱ་བཞད་པའི་གཉེན། །ལྔ་བདོའི་མུན་སྨག་ལྷག་མེད་ཀུན་བཅིལ་བའི། །འོད་ཟེར་འབུམ་གྱིས་སྣང་སྲིད་གསལ་བར་ཤོག །རབ་བརྟན་གདུང་སོབ་གོང་མ་ཞིང་གཤེགས་ཀྱི། །ཐུགས་མཛོད་ཚོགས་གཉིས་གཏེར་གྱི་ཡོངས་གང་སྐྱེ། །བཞེད་དོན་ཕྲིན་ལས་དབྱིག་གི་ཆར་རྒྱུན་གྱིས། །དོན་གཉིས་འབྲས་བཟང་སྙེ་མ་གཡུར་ཟ་ཤོག །རོང་ཁམས་བདེ་བར་སྐྱོང་བའི་རབ་བརྟན་རྒྱལ། །དེ་ཡི་བོན་སྲིད་མངའ་ཐང་འབྱོར་པ་རྒྱས། །ཚེ་རིང་གནམ་གྱིས་བསྐོས་པའི་མི་ཡི་དབང་། །ཞབས་ཟུང་འཁོར་ལོ་མུ་ཁྱུད་ཉམས་མེད་ཤོག །ལེགས་བྱས་བསོད་ནམས་ཆུ་གཏེར་ལས་འཁྲུངས་པའི། །ལུས་ཅན་མཚན་མོའི་མགོན་པོ་མངོན་ཤར་ནས། །དབང་ཕྱོགས་རྒྱལ་ཁམས་ཀུན་ལྡན་བཞད་པའི་གཉེན། །ཕྲིན་ལས་འོད་དཀར་འགྱེད་ལ་ཉམས་མེད་ཤོག །སྙིང་སྟོབས་རྣམ་དཔྱོད་མིག་སྟོང་ལྡན་པ་ཡི། །ལུགས་ཟུང་བསྟན་ལ་ལེགས་བྲིས་དབང་པོ་ལྷའི། །དབོན་སྲས་བཀའ་བློན་ཅི་བགྱིས་བཀའ་ཉན་ཚོགས། །བསྟན་སྲིད་ཡུན་གནས་དར་རྒྱས་རྟག་བརྟན་ཤོག །རྣམ་དག་བཀོད་ཞིང་འདིས་མཚོན་འཛམ་གླིང་ཁྱོན། །དམག་འཁྲུག་སྙིགས་མའི་རྒུད་པ་ཀུན་ཞི་ཞིང་། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་རྟག་ཏུ་སྤྱོད། །མཆོད་ཡོན་ཚོགས་གཉིས་ཉི་ཟླ་ནུབ་མེད་ཤོག །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པ་ཡི། །པར་གྱི་དཀར་ཆག་སྲིད་པའི་སྒྲོན་མེ་ལས། །ཇི་ལྟར་བཞེངས་བའི་ཕན་ཡོན་ཡོད་ཚུལ་དང་། །བསྔོ་སྨོན་ཤིས་པ་བརྗོད་པའི་ལེའུ་སྟེ་བདུན་པའོ། །  ། །

  ཞེས་པ་འདི་ཡང་རབ་རྒྱལ་མི་དབང་ནམ་མཁའ་རྒྱལ་པོ་ཁྱིམ་སྤངས་རབ་བྱུང་མཛད་པའི་ནམ་མཁའ་ཡེ་ཤེས་མཚན་ཅན་གྱི་ཞལ་སྔ་ནས་ཉིད་གཙོས་རྒྱལ་བའི་དབང་པོ་རྣམས་ཀྱིས་གསུང་བཞིན། སྒྱུ་མའི་ནོར་ལ་དོན་གྱི་སྙིང་པོ་བླངས་ནས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་མདོ་འདི་བཞེངས་གྲུབ་པར་བགྱིས་ཡོད་ཅིང་ཟོག་གི་སོང་ཚུལ་རྣམས་གསལ་བར་ཕུལ་ཡོད་པ་འདི་ལ། སྤར་བྱང་བསྔོ་བ་སྨོན་ལམ་ཤིས་བརྗོད་ཀྱིས་མཐར་ཕྱུང་བ་ཞིག་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་དམིགས་པའི་གཟིགས་པ་མི་རལ་བ་མཁྱེན་གྱིས་ཞུ་བའི་རྟེན་བཅས་ཕུལ་བར་བརྟེན། ཁོ་བོ་ཀུན་གྲོལ་གྲགས་པ་ཅན་གྱིས་བརྩམས་པ་ཡིན་ཀྱང་རང་ངོས་སྒོ་དོགས་པའི་ཁར་གསུང་རབ་ལ་གོམས་འདྲིས་ཆུང་ཞིང་རིག་གནས་གང་ལའང་སྦྱངས་སྟོབས་ཞན་པ་དང་། དེ་མ་ཟད་རང་ལོ་རེ་བདུན་ཕྱིན་པས་རྒས་ཤིང་འཁོགས་བའི་དབང་གིས་བརྗེད་ངས་ཆེ་བས་ཡིན་ཕྱིར་མཁས་གྲུབ་མཁྱེན་སྤྱན་ལྡན་པ་རྣམས་ཀྱིས་ཐུགས་ལ་ཁྲེལ་འཁྲུངས་མི་མཛད་པའི་ཞུ་བ་དང་བཅས་ཤར་རྫ་ཨ་ཁོད་དར་རྒྱས་གླིང་གི་མཚམས་མལ་ནས་ཕུལ་བ་བསྟན་འགྲོའི་སྨོན་ཡོན་ཏུ་གྱུར་ཅིག །མངྒ་ལཾ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།