རྒྱལ་བའི་མཛད་གཙོ་གསུང་གི་བསྟན།། འཕྲུལ་གྱི་ཡི་གེ་གྲངས་བཞི་བཅུ།། རྫབ་ཤར་འདྲི་བའི་ཆ་ཚད་བཞུགས།།
[ཟླ་ཚེས། 2022-08-17 08:54:21][རྩོམ་པ་པོ། རིག་འཛིན་ཀུན་གྲོལ་གྲགས་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
མཚན་དཔེའི་རྣམ་པར་བཀྲ་བའི་ལྡིང་ཁང་ནས།། ལེགས་བཤད་ཐེག་དགུའི་སྐད་འགྱུར་འབུམ་སྒྲོགས་པས།། སྐྱེ་དགུ་འགྲོ་བའི་དབུགས་ཕྱུང་བསྐལ་བཟང་གཙོ།། འགྲོ་བའི་བླ་མ་དམུ་རྒྱལ་སྲས་ལ་འདུད།།
གང་དེའི་དཔེ་རྩེ་གསུམ་གྱི་བསྟན་པའི་རྒྱན།། མཆོག་གྱུར་རྒྱལ་བསྟན་ཉིན་མོར་བྱེད་པའི་དཔལ།། འཛམ་གླིང་མཁས་པའི་རྒྱན་དྲུག་རབ་གྲངས་ཤིང་།། ཁྱད་པར་བྲིས་མཁན་ལྷ་སྲས་གནུབ་ཆུང་རྒྱལ།། མཛད་པའི་གཙོ་བོ་གསུང་གི་བསྟན་པ་ལ།། བརྒྱད་ཁྲི་བཞི་སྟོང་གཞལ་མེད་ནམ་མཁའི་མཐའ།། མདོར་བསྡུས་ཐེག་གསུམ་བོད་ཀྱི་སྐད་ཇི་བཞིན།། མོང་རྡུལ་ཕན་ཕྱིར་འཕྲུལ་ཡིག་གཟུགས་སུ་བཀོད།།
དེ་ཡང་རྒྱལ་བའི་གསུང་གི་ཡིག་རྒྱུན་རིམ་གྱིས་བརྒྱུད་དེ་ཐོན་མི་སམ་བྷོ་ཊ་སོགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དར་རྒྱས་སུ་མཛད་པས་རྫབ་ཡིག་དང་ཤར་ཡིག་གོ། དང་པོ་རྫབ་ལ་ལྔ། འདྲི་རྒྱུ། མཚུངས་ཆོས། སྐྱོན་སྤང་། ཕན་ཡོན། འདྲི་ཚུལ་ལོ། དང་པོ་འདྲི་བའི་རྒྱུ་ནི་རབ་གསེར་དངུལ་ལ་སོགས་རིན་པོ་ཆེ། འབྲིང་མཚལ་སོགས་བཟང་ཚོན། ཐ་མ་སྣག་ཚ་དངོས་ཀྱང་རུང་ངོ་། གཉིས་པ་མཚུངས་ཆོས་ནི། མགོ་རབ་ལོ་མ་གྲིས་བཅད་འདྲ་བ། འབྲིང་ཀ་ཞུ། ཐ་མ་ཚག་མགོ་སྟེ་མགོའི་ཆོས་གསུམ། དཔུང་རབ་ཐུགས་ཀར་རྡོར་འཛིན། འབྲིང་མདའ་འཕེན། ཐ་མ་ལག་ཆག་འཕྲོད་ཉལ་ཏེ་དཔུང་བའི་ཆོས་གསུམ། སྦོ་རབ་གྲི་ལྟག་འདྲ་བ། འབྲིང་སྐུད་སྒྲིམས། ཐ་མ་གྲོག་རྐེད་འདྲ་བ་སྟེ་སྦོའི་ཆོས་གསུམ། རབ་གསེགས་སྦྱོར་ཐུང་རྣོ། འབྲིང་དགྱེའོ་ཕག་སྣ། ཐ་མ་སྒུར་པོ་གླང་སྣ་སྟེ་ཟག་མཆུའི་ཆོས་གསུམ། རབ་རྒྱ་ཁབ་བསླང་འདྲ། འབྲིང་རྔ་དབྱུག་ཕྱར་འདྲ། ཐ་མ་ལག་མགོ་བཅད་འདྲ་སྟེ་ཡར་འཐེན་གསུམ། རབ་སྒྲོ་ལྕགས་རྐང་འདྲ། འབྲིང་ཁྱི་གུའི་མཇུག་འདྲ། ཐ་མ་འབུ་མཇུག་སྦྲང་རྐང་འདྲ་བ་སྟེ་མར་འཐེན་གསུམ། རབ་ཉ་མིག འབྲིང་ནས་འདྲ། ཐ་མ་ཟུར་གསུམ་ཁྲོ་མིག་སྟེ་མིག་གི་ཆོས་གསུམ་དང་མ་ཆོས་ཉེར་གཅིག གཉིས་ཆོད་འཛུམ་ལ་མཐོ་དམན་མེད་པ་ན་རོའི་ཆོས་གསུམ། གསེགས་་ཀྱི་གཞོལ་བ་སྟོད་སྨད་ཕྱེད་པ་འགྲེང་བུའི་ཆོས་གསུམ། ཟླུམ་འདྲིལ་འཁྱུག་པ་གི་གུའི་ཆོས་གསུམ། གདགས་པ་ཅན་ལྡན་ཐབས་བརྐྱང་པ་མདུང་ཚུགས་གསུམ་སྦྲེལ་ལྡན་པ་ཞབས་ཀྱུའི་ཆོས་གསུམ། རྟ་སྦྲེལ་འཕངས་མ་བསྐྱིལ་བ་ར་བཏགས་ཆོས་གཉིས། འཁྱུགས་སྙོམས་འདེགས་ལ་དཀྱིལ་ཡངས་པ་ཡ་བཏགས་ཆོས་གསུམ་སྟེ་བུ་ཆོས་བཅུ་དྲུག གཟུགས་དཀྱུས་སུ་མ་གོལ་བ། དཀྱུས་ཚང་ནས་མ་ཡར་བ། གཟུགས་དཀྱུས་ཤན་ཕྱེད་པ་ནི་ཡིག་འབྲུ་སྤྱི་ཡི་མཚུངས་ཆོས་གསུམ་མོ། བཟང་མགོ་ལ་འདོན་པ། སྒྲོས་སྦོ་ལྡེམས། འཇམ་དཀར་སྣ། གྲུང་ཟག་མཆུགས། གཡེར་ཡར་འཕུལ། ཟླུམ་ཕུབ་ཅན། ཧུར་མིག་འཁིར། དྲང་མར་འཐེན། སྤྱང་ཁོག་པ། ཧྲིམ་སྣག་སྣ། མཉེན་བསྣོལ་མཚམས། འཁྱུག་ཡན་ལག་དང་བཅུ་གཉིས་ཏེ། སྣག་ལམ་ཟླུམ་ལ་སྒྲོས་ཆགས་པ། ཆིག་འཁོར་སྐྱེས་ལ་དཔུང་ཐུང་བ། སྔགས་པ་ཅན་ལ་ཟུར་ཐིག སྟོད་ཕུབ་ཅན་ལ་ཕོ་བ། སྨད་ཕུབ་ཅན་ལ་ཁོང་འདྲེན། རྐང་པ་རྟར་ཞོན་ཕྱི་འབྲང་། ཡང་འཕུལ་མཐར་རྒྱས་སྒྲོས་གནོན། མིག་ཅན་ལ་སྐེ་གཙང་བར་བྱའོ།། གསུམ་པ་སྐྱོན་སྤང་ནི། ཅ་ཆ་ད་ར་འ་ལྔ་རིང་ན་སྐྱོན། ང་ན་ཞ་གསུམ་རིང་ཐུང་གཉིས་ཀ་སྐྱོན། ཀ་ག་ཤ་དང་ཉ་ཏ་ཧ་དྲུག་ནི། ཐུང་ན་སྐྱོན་ཡིན་དེ་བཞིན་འདོགས་འབྲེལ་གང་། ཞར་དང་དཀར་ནག་མ་མཉམ་ཡིག་སྐྱོན་ནོ།། བཞི་པ་ཕན་ཡོན་ནི། ཆ་ཚད་ཐིག་དང་ལྡན་པ་ཡིན། ཡིག་འབྲུ་རེ་དང་ལྷ་སྐུ་རེ། ཕན་ཡོན་མཉམ་པ་རྒྱལ་བའི་ལུང་། མང་སྟེ་ཡིག་ཚིག་འདིར་མ་བྲིས། ལྔ་པ་འདྲི་བའི་ཚུལ་ནི། དང་པོ་ཐིག་གི་གདབ་པའི་ཚུལ། ཡིག་འབྲི་ཆེ་ཆུང་ཅི་འདོད་ཀྱི། སྨྱུག་ཁམས་གསུམ་རེར་ཐིག་ཁོང་རེ། བྱས་པའི་དང་པོ་མགོ་ཐིག་གཉིས། གཞུང་ཐིག་གསུམ་དང་རྐང་ཐིག་གཉིས། ཚངས་ཐིག་ཆ་མཉམ་བདུན་དུ་གདབ། དེ་ལ་གྱེན་དུ་གཤགས་ཐིག་ནི། ཐིག་སྒྲོམ་གྲུ་བཞི་ལིང་ཚེ་སྟེ། ཤོག་བུའི་དཀྱུས་དང་ལྡན་པར་བགོ ཐོག་མར་ཀུན་གྱི་གཙུག་གི་རྒྱན།། ནོར་བུ་ལྟ་བུའི་ཡི་གེའི་མགོ༷ གཞུང་ཐིག་བར་མའི་སོ་ནས་བཟུང་། རིམ་གྱི་དང་པོ་གསུམ་པ་ལ། ནོར་བུ་དགའ་འཁྱིལ་བཞིན་དུ་བསྐོར། ཕར་སྣེ་སྤྲིན་དཀར་སྣེ་བཞིན་རྐྱང་། བདེན་པ་གཉིས་མཚོན་ཟུང་དུ་འབྲེལ། ༈ ཚེག་ནི་གཞུང་ཐིག་དང་པོ་ལ། སྨྱུག་ཁམ་གང་རེ་རྣལ་མར་བཞག ༈ ཤད་ནི་གཞུང་ཐིག་དང་པོ་ནས། རྐང་ཐིག་གཉིས་པའི་བར་དུ་དྲང་། ལྗང་བུའི་རྩེ་མོ་བཅད་བཞིན་དུ། ཡོ་འཆུས་མེད་པར་ཁབ་ལྟར་བསླང་།
༈ ཀ༷་ནི་མགོའི་ཕྱེད་མཆེ་བ་གཉིས། གོང་མ་བར་མ་ཆ་མཉམ་བཞིན། བར་མའི་ཅུང་ཟད་རིང་བ་སྟེ། རྐང་པ་མགོ་ཡི་ཕྱེད་གཉིས་སོ།། ༈ ཁ༷་ནི་ཁེབ་འཇོག་ཀ་དང་འདྲ། ལག་པ་ཀ་རྐང་སུམ་གཉིས་ཏེ། དཔུང་བ་དཀྱིལ་ཆུང་ཁོག་པ་ཡི། ཟག་མཆུ་མིག་དང་མཉམ་པའོ།། ༈ ག༷་ནི་དུམ་བུར་བདུན་པ་སྟེ། ཞིང་ཚད་གོང་མ་གཉིས་དང་མཉམ། དཔུང་བ་དཀྱིལ་ནས་སུམ་ཆར་ཕྱུང་། མགོ་ཟུར་མཉམ་ཞིང་དཀྱིལ་དུ་བསྐྱལ། ༈ ང༷་ནི་གོང་མགོའི་ཚེག་དོས་ཐུང་། གསུམ་ཀ་མཉམ་ཞིང་རྐེད་དྲང་བ། མགོ་རྒྱས་དཔུང་ཐུང་ཐོན་པ་ལ། ཟག་མཆུའི་སྣར་ཚག་ཟུར་བསྟད་དོ།། ༈ ཅ༷་ནི་དུམ་བུ་བདུན་པ་ལ། སུམ་ཆ་དྲང་ལ་སུམ་གཉིས་སྒུར། ཕྱི་རུ་བརྐྱངས་ལ་ནང་དུ་བསད། ཐིག་བཞི་ཟུར་གསུམ་ཟླ་ཚེས་ཚང་། ༈ ཆ༷་ནི་གྲུ་བཞི་ལིང་ཚེ་བཞི། གཞུང་ཐིག་གཤགས་ཐིག་དྲུག་དང་ལྡན། མགོ་འོག་ཀར་གཉིས་མིག་དང་འདྲ། མགོ་ཟུར་དཔུང་ཐིག་མིག་དཀར་མཉམ། ༈ ཇ༷་ནི་རྐེད་པ་ཆ་མཉམ་ཞིང་། རྐེད་ཟུར་དང་ནི་མགོ་ཟུར་མཉམ། དཔུང་ཐུང་ཐོན་ཞིང་རྐེད་ལྡེམ་དྲང་། ནག་གསུམ་དཀར་གཉིས་མཉམ་པར་བྱ། ༈ ཉ༷་ནི་མགོ་ཟླུམ་ཁ་གང་བླངས། ཆ་གཅིག་དགྱེལ་བ་དཔུང་པའི་དབུས། ལག་དྲང་དཀར་གཉིས་ཆ་མཉམ་ལ། གཞུང་ཐིག་ཚང་ཞིང་ཕྱི་སྒྲོས་མཉམ། ༈ ཏ༷་ནི་དཔུང་ཐོན་༼ཅིང་༽རྐེད་ལྡེམ་དྲང་། རིང་ཐུང་ཟག་མཆུའི་༼ཚད་༽དཀར་དང་མཉམ། ཕྱི་སྒྲོས་གཞུང་ཐིག་ཁོང་འདྲེན་ཟླུམ། དཔུང་གང་ཕུབས་ཀྱི་སྣག་ལམ་དཀྱིལ། ༈ ཐ༷་ནི་ཟུར་བཞི་གཡས་ཕྱོགས་དྲང་། སྟོད་སྨད་གྲུ་བཞི་ཟུར་གསུམ་སྟེ། གཞུང་ཐིག་བར་ཐིམས་ཆ་གཉིས་ལྡན། ༈ ད༷་ནི་དཔུང་དཀྱིལ་སུམ་ཆ་ཕྱུང་། རིང་ཐུང་མགོ་དང་མཉམ་པ་སྟེ། མགོ་ཕྱེད་སྦོ་ཡི་ཐད་དུ་འཐེན། ལག་པ་སུམ་གཉིས་མགོའི་ཟུར་མནན། ༈ ན༷་ནི་མགོ་དཀྱིལ་རྐེད་པ་དྲང་། རྐེད་པ་ཕྱེད་ཚད་མིག་ཏུ་སྒྲིལ། མགོ་ཟུར་མུག་གིས་ནང་དཀར་ནོན། ལག་པ་ད་དང་འདྲ་བར་བཤད། ༈ པ༷་ནི་མགོ་ཐུང་དཔུང་པ་ཅན། དཀྱིལ་འཛིན་མགོ་ཟུར་དཔུང་ཟུར་མཉམ། སྦོ་ཐག་ཐུང་ཞིང་ཆུ་བབས་དྲང་། དཔུང་བའི་ཟུར་དང་དཀར་རྩེ་མཉམ། ༈ ཕ༷་ནི་མགོ་དཔུང་པ་རྗེས་སྙོག སྦོ་རིང་དཔུང་དཀྱིལ་སུམ་ཆར་ཕྱུང་། ཟུར་གསུམ་ཐོན་ལ་ཧ་གཉིས་རྒྱང་། ཡར་འཕུལ་དྲང་ཞིང་ཕྱི་སྒྲོས་རྒྱས། ༈ བ༷་ནི་པ་དེ་ཁ་ཟླུམ་ལ། མཁར་གྱི་ལོག་འདྲ་པད་ཆུང་ལྡན། སྦོ་ཐུང་ཆུང་བབས་དྲང་བ་སྟེ། བག་གཞོལ་ཡར་འཕུལ་རྒྱས་པའོ།། ༈ མ༷་ནི་མགོ་ཐུང་མིག་ཟླུམ་ཅན། རྐེད་པ་ཕྱེད་ཚད་མིག་ཏུ་དྲིལ། ཟགས་མཆུའི་སྣེ་ནི་ཚག་ཟུར་བསྟད། དཔུང་ཁ་མིག་གི་བསྣོལ་མཚམས་ཡོད། ༈ ཙ༷་ཚ༷་ཛ༷་དང་གསུམ་པོ་ནི། ཅ་ཆ་ཇ་གསུམ་འཕྲུ་བཏགས་ཡིན། ༈ ཝ༷་ནི་བ་ལ་མགོ་འཕྲུ་བཏགས། ༈ ཞ༷་ནི་ཕུབ་དང་སྣག་མཆུ་མཉམ། སྟོད་ཕུབ་ནང་དཀར་ན་ལྟར་ལ། རྐེད་པའི་དྲང་འཐེན་ཚག་གང་སྟེ། རྐེད་པ་ཕྱེད་ཚད་མིག་ཏུ་དྲིལ། ༈ ཟ༷་ནི་ནག་གསུམ་དཀར་གཉིས་མཉམ། རྐེད་པ་དྲང་ཞིང་མཐར་རྒྱས་པ། ནག་སྣ་སྦམ་ཕྲ་རིམ་གྱིས་གཞོལ། ཕྱེད་འདྲེན་འོག་མ་སྦོ་དང་འདྲ། ༈ འ༷་ནི་སྟོད་ཕུབས་སྒབ་མེད་པ། མགོ་ཟླུམ་ཟུར་གསེགས་ཁ་ཕྱེད་ཡན། ཕུབ་ཀྱི་ཕྱེད་ཚད་ཕོ་བ་ཡི། ལེ་གུའི་ཟུར་དང་ཚག་ཟུར་མཉམ། ༈ ཡ༷་ནི་ཕུབ་ཅན་མགོ་ཐུང་བ། གསུམ་པོ་མཉམ་ཞིང་དབུས་ལག་དྲང་། ཕུབས་ཀྱི་དཀར་དང་དབུས་དཀར་མཉམ། ལེབ་འཇོག་ལ་དང་འདྲ་བའོ།། ༈ ར༷་ནི་དུམ་བུ་བཞི་པ་སྟེ། ཆ་མཉམ་རྐེད་པ་དྲང་ཞིང་འཁྱུག སུམ་ཆ་ནས་བཟུང་དཀྱིལ་དུ་ཕྱུང་། དྲང་པོར་བཏབ་ལ་སྔ་ཟུར་འཐེན། ༈ ལ༷་ནི་ཕུབ་ཅན་མགོ་ཐུང་བ། ཐིག་སྒྲོམ་བསྣོལ་བའི་གྲུ་བཞི་སྟེ། ཕོ་བ་དྲང་ཞིང་འཕྲེད་འདྲེན་གཉེན། གཡས་ཕྱོགས་དྲང་ཞིང་ནང་དུ་རྒྱས། ༈ ཤ༷་ནི་མིག་ཅན་མགོ་བོ་ཐུང་། ལེ་གུའི་ལེ་གུ་འཕྲེད་འདྲེན་འདྲ། ཡར་འཕུལ་དྲང་ཞིང་མིག་ཟླུམ་པ། རྐང་པ་ཕྱི་ནང་མི་འཁྱོར་བཤན། ༈ ས༷་ནི་ཐིག་སྒྲོམ་གྲུ་བཞི་པ། དཀར་གཉིས་མཉམ་ཞིང་གྲུ་བཞི་འཇོག ལེ་གུའི་གཉེན་ནི་བསྣོལ་མཚམས་དང་། རྒྱབ་ལག་འཕྱོ་ཞིང་དབུས་དཀར་གཙང་། ༈ ཧ༷་ནི་མགོ་འབྲིང་སྨད་ཕུབ་ཅན། དཔུང་པ་འདྲ་བ་ཨེན་ཙམ་མཐོ། ལེ་གུ་གཉེན་ལ་མགོ་དཀྱིལ་བཞག སྨད་ཕུབ་ཟླུམ་ལ་མགོ་དཀྱིལ་བསྐྱལ། ༈ ཨ༷་ནི་མགོ་ཐུང་ཐུ་བ་ཅན། ཐུ་བའི་གསེགས་སྦྱོར་ཟླུམ་པོར་འཐེན། ཚག་ནི་མ་འབྱར་གོང་མའི་རྩར། ཟུར་གསུམ་བྲ་བོའི་དབྱིབས་སུ་བཞག (དེ་ནི་རྫབ་ཆེན་བྲི་ཐིག་སྟེ། ཞིབ་པར་ལག་ལེན་ཐིང་པར་མཛོད། རྫབ་ཆུང་དེ་ཡི་ཞར་ལ་རྟོགས། ཡིག་གཟུགས་སྡེབ་དག་ལེགས་བསླབས་ཤིག)
༈ གཉིས་པ་ཤར་ཡིག་བྲི་བ་ལ། ཡིག་གཟུགས་ཆེ་ཆུང་ཅི་འདོད་ཀྱི། སྨྱུག་ཁམ་རེ་ལ་ཐིག་ཁང་རེ། བྱས་པའི་འཕྲེད་ཐིག་བདུན་དུ་བཏབ། དང་པོ་གཉིས་ནི་དབུ་ཐིག་ལ། བར་མ་གསུམ་ནི་གཞུང་ཐིག་སྟེ། འོག་མ་གཉིས་ནི་སུག་ཐིག་གོ གསེར་དངུལ་མཚལ་དང་སྣག་ཚ་ཡི། འབྲུ་དང་ལྕིབ་ཏུ་གང་འདོད་འབྲི། ༈ དང་པོ་འབྲུ་ཆེན་དང་ཐོག་ནི། གཞུང་ཐིག་དང་པོ་གཉིས་པ་དང་། གསུམ་པ་རྣམས་ལ་རིམ་བཞིན་དུ། གྲུ་བཞི་སྒུར་བའི་ཉམས་ཅན་སྦྲེལ། ༈ ཚག༷་ནི་གཞུང་ཐིག་གསུམ་དང་མཉམ། ༈ ཤད༷་ནི་གཞུང་ཐིག་དང་པོ་ནས། སུག་ཐིག་གཉིས་པའི་བར་དུ་སྟེ། རྒྱ་གྲི་ཐོད་དགྱེས་ཅི་བཞིན་དུ། སྐྱོན་མེད་འཛུམ་དང་ལྡན་པར་བྱ། ༈ ཀ༷་མགོ་གཞུང་ཐིག་དང་པོ་ནས། བར་མའི་བར་ཏེ་མཆེ་བ་གཉིས། གསུམ་པར་མཉམ་ལ་ཀ་ལ་ཤད། ༈ ཁ༷་ལག་གཞུང་ཐིག་དང་པོ་ནས། སུག་ཐིག་དང་པོའི་བར་དུ་འཐེན། ཁ་ཁོག་གཞུང་ཐིག་གཉིས་དང་གསུམ། ༈ ག༷་མགོ་གཞུང་ཐིག་དང་པོ་ནས། ག་ཁོག་གཞུང་ཐིག་གཉིས་དང་གསུམ། ག་ལག་ཀ་ཡི་རྗེས་སུ་སྙེག ༈ ང༷་ནི་གཞུང་སུག་ཐིག་བཞིིའི་ཚད། མས་སུ་འཐེན་པའི་སྒོང་ཕྱེད་གཟུགས། ༈ ཅ༷་མགོ་གཞུང་ཐིག་དང་པོ་ལ། ཅ་ཁོག་གཞུང་ཐིག་གཉིས་དང་གསུམ། ༈ ཆ༷་ནི་གཞུང་ཐིག་གསུམ་དང་བསྟུན། མིག་གཉིས་ཆ་མཉམ་རན་པར་བྱ། ༈ ཇ༷་ནི་གཞུང་ཐིག་གསུམ་ཇི་བཞིན། ཇ་མགོ་གཞུང་ཐིག་གཉིས་པ་དང་། ཇ་རྐང་སུག་ཐིག་གཉིས་པར་མཉམ། ༈ ཉ༷་མགོ་གཞུང་ཐིག་དང་པོ་ནས། གཉིས་པ་གཉིས་པའི་གསུམ་པ་སྟེ། ལག་པ་གཉིས་ནས་སུག་ཐིག་མཉམ། ༈ ཏ༷་མགོ་ཐིག་གསུམ་ཏ་ལག་ནི། གཞུང་ཐིག་བར་ནས་སུག་ཐིག་དྲང་། ༈ ཐ༷་ཡི་མགོ་རྐེད་མཇུག་དང་གསུམ། གཞུང་ཐིག་གོང་འོག་བར་གསུམ་མཉམ། ༈ ད༷་ནི་གཞུང་ཐིག་གསུམ་ནས་འཁྱུག དེ་བཞིན་སུག་ཐིག་ཐུག་པར་ལྡོམ། ༈ ན༷་ཁོག་ཐིག་གསུམ་ན་མགོ་དཔའ། ན་རྐེད་གཞུང་ཐིག་བར་མ་ནས། ན་རྐང་སུག་ཐིག་གཉིས་ཟིན་ཙམ། ༈ པ༷་ཁོག་ཐིག་གསུམ་དཀར་ནག་མཉམ། ༈ ཕ༷་ཁོག་ཐིག་གསུམ་སྦོ་རིང་བ། ཁམས་ཀྱི་ཡས་ཟུར་བར་ཐིག་ནས། མས་ཟུར་ནང་ཁུག་དཀྱིལ་དུ་བསྟད། ༈ བ༷་ནི་གཞུང་ཐིག་གསུམ་ལྡན་ཏེ། དཀར་ནག་ཆ་མཉམ་ནོར་བུའི་གཟུགས། ༈ མ༷་ནི་ཁོག་པ་ཟླུམ་ལ་འཁྱིལ། གཞུང་ཐིག་བར་ནས་ཟག་མཆུ་མཛེས། ༈ ཙ༷་ཚ༷་ཛ༷་དང་གསུམ་པོ་ནི། ཅ་ཆ་ཇ་ལ་ཕོད་བཏགས་ཡིན། ༈ ཝ༷་ལག་ང་ཡིག་ཅི་བཞིན་ལ། ཝ་ཁོག་གཞུང་ཐིག་གཉིས་དང་གསུམ། ༈ ཞ༷་ལག་ང་འདྲ་ཞ་ཁོག་ནི། གཞུང་ཐིག་གཉིས་མཉམ་ཞའི་རྐང་པ། སུག་ཐིག་གཉིས་པའི་བར་དུ་འོང་། ༈ ཟ༷་ནི་གཞུང་ཐིག་གསུམ་མཉམ་ཞིང་། ཅུང་ཟད་ཟང་མཆུ་ལྡན་པར་བྱ། ༈ འ༷་ནི་ཐིག་གསུམ་མཇུག་མ་ཅན། ༈ ཡ༷་ནི་གཞུང་ཐིག་གསུམ་གྱིས་ནང་། ཁམས་དང་ཟག་མཆུ་མཛེས་པའོ།། ༈ ར༷་སྟོད་གཞུང་ཐིག་གསུམ་པར་དྲང་། ར་སྨད་སུག་ཐིག་དང་པོ་མཉམ། ༈ ལ༷་ནི་ཐིག་གསུམ་ཁམ་འཁྱུག་ལྡན། ༈ ཤ༷་ཁོག་ཟླུམ་ལ་ཤ་འཕྲུ་རྒྱས། ཤ་ལག་ཤད་བཞིན་ཐིག་ལྔ་ལྡན། ༈ ས༷་ནི་གྲུ་བཞི་བར་ཐིག་ནས། ཟགས་ཀྱི་སྣེ་དྲང་མཆུ་སྒྲོས་གཙང་། ༈ ཧ༷་མགོ་ཐིག་གཉིས་གསུམ་དུ་སྒུར། ལག་ནི་བར་ཐིག་སུག་པར་རོ།། ༈ ཨ༷་མགོ་གཞུང་ཐིག་དང་པོ་ནས། གཉིས་པའི་བར་ཏེ་ཟླུམ་ལ་འཁྱིལ། དེ་བཞིན་ཟག་མཆུ་ཟུར་གསུམ་དཀར། ༈ ས༷་མགོ་ཐིག་གཉིས་ཅུང་དཔག་ཙམ། རྒྱ་སྐྱེད་གནས་སྐབས་འདོགས་དང་བསྟུན། ཞབས་འདོགས་གཞུང་ཐིག་གསུམ་པ་ནས། སུག་ཐིག་གཉིས་པའི་བར་དུའོ།། ༈ ར༷་མགོ་དང་ནི་ཞབས་འདོགས་བཅས། ས་ཡི་མགོ་ཅན་ཐིག་བཞིན་ནོ།། ༈ ལ༷་མགོ་ཐིག་གསུམ་མ་ཟིན་ཙམ། འདོགས་ནི་གོང་མའི་རྗེས་སུ་འབྲང་། ༈ གི་༷གུ་དབུ་ཐིག་དང་པོའི་འོག རྐང་པ་རང་འབྲུ་ཚག་ཟིན་ཙམ། ༈ འགྲེང་བུ་དབུ་ཐིག་དང་འོག་ནས། ཇེ་འཕྲ་རང་འབྲུ་ཚག་ལ་སྙེག ༈ ན༷་རོ་དབུ་ཐིག་འོག་མ་ནས། མགོ་ཡི་བར་དུ་མཉེན་ལྕུགས་ལྡེམ། ༈ ཞབ༷ས་ཀྱུ་གཞུང་ཐིག་གསུམ་པ་ནས། ཁུག་ཁྱེར་དེ་ནི་སུག་ཐིག་ནི། གཉིས་དང་དང་པོར་བཀུག་ལུགས་ཤེས། ༈ ཡ༷་བཏགས་སུག་ཐིག་གཅིག་དང་གཉིས། མས་སྣེ་གཞུང་ཐིག་མ་རེག་ཙམ། ༈ ར༷་བཏགས་སུག་ཐིག་དང་པོ་ནས། གཉིས་པའི་བར་དུ་ལེགས་པར་འཐེན། ༈ ལ༷་བཏགས་ལག་པ་སུག་ཐིག་གཉིས། ཡོལ་ཙམ་ལ་ཁོག་སུག་ཐིག་མཉམ། ༈ ཟླ་ཚེས་ཀླད་ཀོར་ནཱ་ད་ནི། དབུ་ཐིག་རེ་རེའི་དཀྱིལ་ནས་བཏོན། ན་རོ་ཡོ་ཚེ་ཐིག་གང་སྤར། དེ་ནི་འབྲུ་ཆེན་ཐིག་རྩ་སྟེ། འབྲུ་ཆུང་ཞར་ལ་འབྱུང་བའོ།།
༈ གཉིས་པ་ལྗིབ་ལ་རྣམ་པ་གཉིས། ལྗིབ་དཀར་དང་ནི་རྒྱུག་ཡིག་གོ དང་པོ་ལྗིབ་ཀྱི་བྲི་ཐིག་ནི། གོང་ལྟར་འཕྲེད་ཐིག་གསུམ་དང་མཉམ། ༈ དབུ༷་ཀྱོག་དབུ་མགོ་གཞུང་ཐིག་གི དང་པོ་གཉིས་པའི་བར་དུ་དྲང་། དབུ་ལག་རིམ་བཞིན་གཞུང་ཐིག་གསུམ། ༈ ཚེག༷་ནི་གཞུང་ཐིག་གསུམ་དང་མཉམ། ༈ ཤད༷་ནི་གཞུང་ཐིག་དང་པོ་ནས། སུག་ཐིག་གཉིས་བར་བཤའ་གྲི་བཞིན། ༈ ཀ༷་ནི་མགོ་གུག་ཚག་གི་ཕྱེད། ཀ་ཁོག་ཚག་དང་མཉམ་ཙམ་སྟེ། ཀ་ལག་ཤད་ཀྱི་རྣམ་པའོ།། ༈ ཁ༷་ལག་ང་ལ་ཁ་ཁོག་ག ༈ ག༷་ཁོག་བ་ལ་ག་ལག་ཤད། ༈ ང༷་ནི་ཟླ་ཚེས་ཐིག་བཞི་ལྡན། ༈ ཅ༷་ཡི་མཆུ་གཉིས་གཞུང་ཐིག་གི བར་མའི་ཡས་མར་ཟུར་ནས་དྲང་། ཅ་ཁོག་ལིང་ཚེར་ལྡན་པར་བྱ། ༈ ཆ༷་མིག་ཟླུམ་ལ་གཞུང་ཐིག་གསུམ། རྐེད་པ་བར་ཐིག་སོ་ནས་བཟུང་། ༈ ཇ༷་ཁོག་གཞུང་ཐིག་རྐང་སུག་ཐིག ༈ ཉ༷་མགོ་ཉ་ལག་ཐིག་གཉིས་གསུམ། རྐང་པ་གཞུང་ཐིག་བར་ནས་སོ།། ༈ ཏ༷་མགོ་གཞུང་ཐིག་གསུམ་མཉམ་ཞིང་། ཏ་རྐང་གཞུང་ཐིག་བར་ནས་དྲང་། ༈ ཐ༷་སྟོད་བ་ལ་ཐ་སྨད་ཅ། ༈ ད༷་ནི་ཐིག་ལྔ་རྐྱང་ལ་ལྡེམ། ༈ ན༷་མགོ་ཐིག་གསུམ་བར་རྐང་སུག ༈ པ༷་ཕ༷་བ༷་མ༷་བཞི་པོ་ཡང་། དཀར་ནག་ཆ་མཉམ་ཐིག་གསུམ་ལྡན། ༈ ཙ༷་ཚ༷་ཛ༷་དང་འབྲུ་གསུམ་པོ། ཅ་ཆ་ཇ་ལ་ཕོད་བཏགས་ཡིན། ༈ ཝ༷་ལག་ཤད་ཀྱི་རང་བཞིན་ལ། ཝ་ཁོག་ར་ལ་བ་བཏགས་སོ། ༈ ཞ༷་ལག་ང་ལ་ཞ་ཁོག་ལ། ༈ ཟ༷་ནི་ཐིག་གསུམ་ཟགས་མཆུ་ཅན། ༈ འ༷་ཐུག་གསུམ་དྲང་མཇུག་ཅུང་ལྷག ༈ ཡ༷་ནི་ཐིག་གསུམ་དཀར་ནག་མཉམ། ༈ ར༷་མགོ་གཞུང་ཐིག་གསུམ་པ་ནས། མཆེ་བའི་ཟུར་བསྟད་སུག་ཐིག་བར། ༈ ལ༷་ནི་ཁུག་གསུམ་དཀར་ནག་མཉམ། ༈ ཤ༷་ཁོག་བར་ལ་རྐང་པ་ཤད། ཤ་ལག་དར་འཕྱང་རླུང་བསྐྱོད་འདྲ། ༈ ས༷་ནི་གྲུ་བཞི་ལེབ་འཇོག་ལྡན། ༈ ཧ་མགོ་ཧ་ཁོག་གཞུང་ཐིག་མཉམ། ཧ་ལག་གཞུང་ཐིག་བར་ནས་འཐེན། ༈ ཨ༷་ནི་དཀར་གསུམ་ནག་བཞི་པ། གཞུང་ཐིག་བར་དུ་ཆ་མཉམ་བགོ ༈ མགོ་ཅན་ཐིག་གཉིས་འདོགས་གྱིས་བརྒྱན། སྤྱན་ལ་མཛེས་ན་ཆ་ཚད་རབ། ༈ ལ་བཏགས་བུ་དྲུག་ཟླ་ཚེས་དང་། ཀླད་ཀོར་ན་དའི་བཀོད་ལུགས་ནི། ཁོག་ཙམ་འབྲུ་ཆེན་རྗེས་སུ་འབྲང་། ཞིབ་པར་ལྗིབ་རང་བབ་དང་བསྟུན། ༈ རྒྱུག་ཡིག་གམ་ནི་འཕྲིན་ཡིག་གེ ཡིག་གཟུགས་ལྗིབ་དང་ཕྱོགས་འདྲ་ལ། བུ་དྲུག་ཀླད་ཀོར་ལ་སོགས་པ། མགྱོགས་ཡིག་ཏུ་ནི་འདྲི་ཚུལ་ཤེས། ༈ རྫབ་ཡིག་ཤར་ཡིག་དེ་དག་ནི། ཚུལ་ནི་བྲིས་དཔེར་གཟིགས་རྟོགས་གྱིས།འདྲ་དཔེ་རགས་པའི་རྣམ་བཤད་ནི། མགོ་བོ་ཤོ་བསྒྲིགས་ལྟ་བུའི་འབྲུ་བཅུ་གསུམ། སྐེད་ཉག་ལྷས་འཛུམ་ལྟ་བུའི་འབྲུ་ཉི་ཤུ། གཤམ་ཟླུམ་སྒོ་ང་ལྟ་བུའི་འབྲུ་བཅུ་བདུན། ལག་འཇག་ཟླ་ཕྱེད་ལྟ་བུའི་ཡི་གེ་ལྔ། གཤམ་གྱི་ཧར་འཛུམ་རལ་གྲི་ལྟ་བུ་བཅུ། སྐེད་མཚམས་རྒྱ་གྲམ་ལྟ་བུའི་འབྲུ་བཅུ་གཉིས། འབྲུ་གཤམ་བྲ་བོ་ལྟ་བུའི་ཡི་གེ་བརྒྱད། མིག་འགྲིལ་ཡུངས་འབྲུ་ལྟ་བུ་བཅུ་གཅིག་གྲགས།༈ གང་ལ་གང་ཐོབ་བྲི་ཚུལ་ནི། གསུང་རབ་ཆེན་པོ་དག་ལ་རྫབ་ཆེན་དང་རྫབ་ཆུང་། རྒྱ་ཞང་མཁས་པའི་གཞུང་འགྲེལ་རྣམས་ལ་འབྲུ་ཆེན་དང་འབྲུ་ཆུང་། བོད་ཀྱི་གཞུང་ལུགས་རྣམས་ལ་ལྗིབ་དཀར།ཕན་ཚུན་འཕྲིན་ཚིག་རྣམས་ལ་རྒྱུག་ཡིག་ཐོབ་པ་ཡིན་ནོ༎ ༈ ཨ་ཧོ་ཤེས་བྱ་རྣོ་ངར་རིག་པའི་འཛུམ། མ་སྨད་གཡས་སུ་འཁྱིལ་པའི་གྲགས་ཆེན་སྒྲས།མ་རིག་རྣལ་ནས་སློང་བའི་དབྱངས་རིང་པོ། སྔོན་མེད་དེང་འདིར་སྒྲོགས་ལ་སྤྲོའམ་ཅི། ༈ རྨོངས་ཆེན་མུན་སྡུག་མཁས་གླང་དབྱིངས་སངས་ནས། མཁྱེན་བརྩེ་ཡེ་ཤེས་འབར་བའི་འོད་ཆེན་གྱིས། བློ་གསལ་འདབ་བརྒྱའི་འཛུམ་རླབས་བཞད་པའི་རྒྱུ། གངས་ཅན་རྣམས་སད་ཡོངས་ཀྱི་གཟིགས་མོར་སྤེལ། ༈ གང་གི་སྙན་པའི་གླུ་དབྱངས་འགྱུར་ཁུག་ལྡན། འདི་ནི་སྐལ་བཟང་རྣ་བའི་བཅུད་བཟང་པོར༎ཀུན་གྲོལ་གྲགས་པའི་དཔལ་གྱིས་རོལ་མོ་སྟེ། གཟིགས་མོར་མངའ་ན་ཉམས་འགྱུར་གར་རྩེས་ཤིག། ཤུབྷཾ།