དགེ་བཤེས་ཤེས་རབ་སྦྱིན་པས་ནང་བསྟན་རིས་མེད་དར་སྤེལ་གྲོས་ཚོགས་སྟེང་དུ་གནང་བའི་གསུང་བཤད།

[ཟླ་ཚེས། 2015-07-28 14:35:29][རྩོམ་པ་པོ། དགེ་བཤེས་ཤེས་རབ་སྦྱིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ༢༠༡༥/༧/༡༡ཉིན་ཁམས་ཁུལ་གྱི་ནང་བསྟན་རིས་མེད་དར་སྤེལ་གྲོས་ཚོགས་ཆེན་མོ་ཐེངས་བདུན་པ་ཚོགས་སྐབས་བོན་གྱི་དགེ་བཤེས་ཤེས་རབ་སྦྱིན་པས་གཏམ་བཤད་སྤེལ་བ།
wre.jpg

   ཐོག་མར་ངས་འདིར་ཕེབས་པའི་ཁ་བ་གངས་ཅན་པའི་བསྟན་སྲིད་དང་ལྷག་པར་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་སོགས་ལ་མཛད་རྗེས་ཆེ་བའི་བླ་སྤྲུལ་དགེ་བཤེས་མཁན་པོ་གྲྭ་བཙུན་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

བདག་པོ་རང་ཉིད་ལ་མཚོན་ན་ཁྱེད་མཁས་དབང་རྣམ་པའི་མདུན་སར་རྒྱ་ཆེ་བ་དང་གོ་རྒྱུ་ཡོད་པ་གང་བཤད་མི་ཤེས་ཀྱང་རང་ཉིད་སྐབས་འདིའི་ཚོགས་ཞུགས་མི་སྣ་ཞིག་ཡིན་པའི་ཆ་ནས་གོ་སྐབས་འཕྲོ་བརླག་མི་བྱེད་པར་ཚིག་ཀ་ཁ་ཤས་ཤིག་ཞུ་འདོད་བྱུང་།

ཞུ་འདོད་པའི་སྐད་ཆ་དང་པོ་དེ་གང་ཡིན་ཟེར་ན་ཁམས་བྲག་འགོ་དགེ་འདུན་མཐུན་ཚོགས་ཟེར་ན་འདྲ། ཁམས་ཁུལ་གྱི་ནང་བསྟན་རིས་མེད་དར་སྤེལ་གྲོས་ཚོགས་ཟེར་ན་འདྲ་གང་ལྟར་ཡང་དགེ་བཅུའི་སྲོལ་ལུགས་དེ་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་ཁྱབ་སྤེལ་གཏོང་དགོས་རྒྱུ་དེ་རེད་མོད། དེ་ཡིན་དུས་ཐོག་མར་ང་ཚོས་དགེ་བཅུའི་སྲོལ་ལུགས་འདི་དུས་ནམ་ཞིག་ལ་བྱུང་བ་དང་མི་སུ་ཞིག་གིས་སྲོལ་བཙུགས་པ་བཅས་ལ་ཤེས་རྟོགས་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་དྲན་གྱིན་ཡོད།

ཁྱེད་མཁས་དབང་དུ་མ་ཞིག་གིས་རིས་མེད་དང་རིས་མེད་ཟེར་ཏེ་བཀའ་སློབ་རབ་དང་རིམ་པར་གསུང་སོང་ཡང་དུས་རབས་བདུན་པའི་གོང་དུ་དགེ་བཅུའི་སྲོལ་ལུགས་མེད་པ་གཞི་བཞག་རེད་འདུག རྒྱུ་མཚན། ཁྱེད་མཁན་སྤྲུལ་དགེ་བཤེས་རྣམ་པས་གསུང་སྟངས་ལ་བལྟས་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་ནས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཙུགས་ཏེ་བོད་གངས་ཅན་ལྗོངས་སུ་དགེ་བཅུ་གསར་དུ་དར་བའི་སྐོར་རྐྱང་རྐྱང་གསུངས་སོང་མོད། བདག་པོ་རང་ཉིད་ཀྱིས་བསམ་ན་བཤད་ཚུལ་དང་ལས་སྟངས་འདི་རིས་མེད་ཞིག་གཏན་ནས་རེད་མི་འདུག་ང་ཚོ་ཁམས་བྲག་འགོ་རྫོང་ཁོངས་སུ་དགོན་སྡེ་ཉི་ཤུ་རྩ་བཞི་དང་བོན་པོ་དང་རྙིང་མ་ས་སྐྱ་དགེ་ལུགས་བཅས་གྲུབ་མཐའ་བཞི་ཡོད། མདོར་ན་བན་དྷེ་དང་བོན་པོའི་གྲུབ་མཐའ་གཉིས་འདུག་གྲུབ་མཐའ་གཉིས་པོའི་འདོད་ཚུལ་གང་ཡོད་པ་དེ་གསལ་བཤད་བྱས་ན་ངོ་མ་རིས་མེད་ཆགས་ས་རེད། གཅིག་བྱས་ན་ཁྱེད་རྣམ་པ་ལ་ཐུགས་ཁག་མི་འདུག་བོན་གྱི་ལོ་རྒྱུས་དང་གཞུང་ལུགས་སོགས་ལ་བལྟ་འདོད་མེད་པ་ཡིན་ན་འདྲ་བལྟ་མོས་མེད་པ་ཡིན་ན་འདྲ་བལྟ་བའི་གོ་སྐབས་མ་རགས་པར་གང་ཡིན་ཡང་གནས་ཚུལ་འདི་ལྟ་བུའི་འོག་ཏུ་རིས་མེད་ཡང་དག་པ་ཞིག་བྱེད་མ་ཐུབ་པ་རེད་དྲན་གྱིན་ཡོད།

དེང་སྐབས་རྒྱལ་ཕྱི་ནང་གི་མཁས་དབང་གང་མང་ཞིག་གིས་མི་ལོ་སུམ་སྟོང་གོང་ནས་དགེ་བཅུའི་ཁྲིམས་ཀྱི་སྲོལ་ལུགས་བྱུང་ཡོད་པར་འདོད་ཀྱིན་ཡོད་ལ་ཕྲན་རང་གིས་ཀྱང་དེ་བཞིན་ཡིན། རྒྱུ་མཚན། བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་དགུང་ལོ་ཉི་ཤུའི་ཐོག་བསིལ་ལྡན་གངས་རིའི་ཞིང་དུ་ཞབས་བཅགས་སྟེ་བོད་ཡུལ་གྱི་སེམས་ཅན་ཚེ་སྲོག་ལ་གནོད་འཚེ་བྱེད་དེ་དམར་མཆོད་བྱེད་མཁན་དག་ལ་ཐོག་མར་དགེ་བ་བཅུ་ལས་སྲོག་གཅོད་བྱེད་མི་རུང་བའི་བསྡོམ་ཚིག་འདི་འདྲ་ཞིག་བཞག་པ་རེད། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་།།ཞེས་གསུངས་འདུག རྣམ་པ་ལྷན་རྒྱས་ཚང་མས་འདི་དག་ལ་དོ་སྣང་དགོས་པ་གལ་ཆེན་རེད་དྲན་གྱིན་ཡོད་ལ་རིས་མེད་དང་མཐུན་སྒྲིལ་སོགས་ལའང་ཧ་ཅང་ཕན་ཐོག་ཆེ་ས་རེད།
ཞུ་འདོད་པའི་སྐད་ཆ་གཉིས་པ་གང་ཡིན་ཟེར་ན་བླ་ཆེན་དང་མི་ཆེན་རྣམ་པས་རིས་མེད་དང་མཐུན་སྒྲིལ་ལ་ཐུགས་ཁུར་ཆེར་བཞེས་གནང་སྟེ། གྲུབ་མཐའི་ཆགས་སྡང་གི་སྐད་ཆ་གཏན་ནས་མི་བཤད་རྒྱུ་དང་ལྷག་པར་དུ་མི་དམངས་དང་མི་རིགས་གཞན་པ་ལ་གྲུབ་མཐའ་ཕན་ཚུན་འགལ་བའི་སྐད་ཆ་མཚམས་འཇོག་དགོས་པ་དེ་བས་ཀྱང་གལ་ཆེན་རེད་འདུག
རྗེ་མཉམ་མེད་ཆེན་པོས་ང་ཚོ་ལ་ཞལ་གདམས་འདི་ལྟ་བུ་གནང་ཡོད་རེད། རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་གྲུབ་མཐའི་རྣམ་བཞག་བྱེད་པ་ནི་ཤེས་རབ་བསྐྱེད་བའི་རྒྱུ་དང་། དག་སྣང་སྦྱང་བའི་ཐབས་ཁྱད་པར་ཅན་ཡིན་པས་དམ་པའི་ལུགས་སུ་འདོད་དོ།། གསུངས་བཞག་འདུག་འདི་ལྟ་བུའི་ལམ་ལུགས་སུ་འགྲོ་ཐུབ་ན་ངོ་མ་དགེ་མཚན་ཆེ་ས་རེད།
ཕྲན་རང་ཉིད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཁོངས་སུ་སླེབས་ནས་ད་བར་ལོ་གསུམ་རེད་སོང་འདིར་སླེབས་ཚར་བའི་རྗེས་སུ་ཡང་རྒྱལ་རོང་དགོན་པའི་ལྷ་སྡེ་མི་དམངས་རྣམས་ལ་རང་གིས་གང་ཤེས་ཚོད་ཀྱིས་སློབ་གསོ་གང་ལ་གང་མཚམས་སྤྲད་པའི་སྐབས་སུ་གཙོ་བོར་གྲུབ་མཐའི་ཆགས་སྡང་གཏན་ནས་བྱེད་མི་རུང་བའི་འབོད་སྐུལ་བྱེད་ཀྱི་ཡོད་ལ་ལྷག་པར་དུ་བན་གྱི་སྟོན་པ་ཤཀྱ་ཐུབ་པ་དང་ཁོང་གི་ཆོས་རྒྱུད་སོགས་ལ་སྐུར་འདེབས་དང་ཟུར་ཟ་དམའ་འབེབས་གང་ཡང་བྱེད་ཆོག་གི་མ་རེད།
རྒྱུ་མཚན་གང་ཡིན་ཟེར་ན། མཉམ་མེད་ཤཀྱའི་སྲས་པོ་ནི་སྟོན་པ་གཤེན་རབ་མི་བོ་ལ་འཇིག་རྟེན་ཁམས་སུ་མཆོག་ཏུ་གྱུར་པའི་སློབ་མ་གཙུག་ལག་སྲིད་པའི་བུ་བཞི་ལས་ལྷ་ཡི་བུ་དམ་པ་ཏོག་དཀར་ཟེར་བའི་སྐུ་སྐྱེ་ཡིན་ལ་སྟོན་པ་ཁོང་གི་གསུང་གི་བསྟན་པའི་ཟུར་སྡོང་དུ་བྱོན་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་རེད་ཟེར་གྱིན་ཡོད།
ཡིན་པ་དེ་ཡང་སྟོན་པ་ཁོང་གི་རྣམ་ཐར་ནང་དུ་གསལ་རེད་སོགས་ལོ་རྒྱུས་ཡིག་ཆ་འབྲེལ་བའི་གནས་ཚུལ་གསལ་བཤད་གང་ཐུབ་ཐུབ་བྱེད་ཀྱི་ཡོད།
ང་ཚོ་བླ་སྤྲུལ་དགེ་བཤེས་མཁན་པོ་རྣམ་པ་སུ་ཡིན་རུང་འདི་ཚོའི་ཐོག་ཏུ་ཐུགས་སྣང་དགོས་པར་གལ་ཆེན་རེད་དྲན་གྱིན་ཡོད། ཕྲན་རང་གིས་ཤཀྱ་ཐུབ་པའི་རྣམ་ཐར་ལ་ཞིབ་འཇུག་དང་བལྟ་རྟོགས་མ་མྱངས་ཀྱང་བདག་གི་གྲོགས་པོ་གསེར་རྟའི་མཁན་པོ་མགོ་ལོག་རབ་ལྡན་དང་ལྷན་ལྟ་གྲུབ་སྐོར་གླེང་མོལ་བྱེད་སྐབས་ཁོང་གིས་སྟོན་པ་ཤཀྱ་ཐུབ་པའི་རྣམ་ཐར་ནང་དུ་སྐུ་སྐྱེ་སྔོན་མ་ཞིག་ལ་དམ་པ་ཏོག་དཀར་པོ་ཟེར་བ་འཁོད་ཡོད་རེད་གསུངས་སོང་།
ད་ཕལ་ཆེར་རྣམ་ཐར་གཉིས་པོ་ཁ་འགྲིག་འགྲོ་བའི་བཟོ་འདྲ་ཟིག་རེད་འདུག་དཔང་རྟགས་འདི་ཚོ་ལ་བརྟེན་ནས་ང་ཚོ་ཕན་ཚུན་བར་དོགས་པ་སོགས་དགོས་དོན་གང་ཡང་མི་འདུག་པས་ཚང་མས་ཡིད་འཇོག་དང་ཐུགས་སྣང་གནང་རོགས་ཞུ་བ་ཡིན།
དེ་མ་ཡིན་པར་ཕན་ཚུན་གཞུང་ལུགས་ལ་བལྟ་རྟོགས་གང་མེད་པ་གཅིག་གིས་གཅིག་ལ་དམའ་འབེབས་དང་ཟུར་ཟ་སོགས་ཆགས་སྡང་གི་སྐད་ཆ་རྐྱང་རྐྱང་བཤད་བསྡད་པ་ཡིན་ན་ཕན་ཚུན་འགལ་བར་འགྲོ་བྱེད་ལས་ཕན་ཐོག་གང་ཡང་འབྱུང་མི་ཐུབ་ལ་མི་དམངས་ཀྱི་རྒྱུད་ལ་བག་ཆགས་ངན་པ་འཇོག་སྟེ་ཆོས་ལུགས་བར་ལ་རྩོག་འཛིན་དགོས་པ་རང་བཞིན་གྱིས་ཆགས་འགྲོ་གི་ཡོད་རེད།
ང་ལ་དེ་ལྟར་ཆགས་པའི་གཏམ་རྒྱུད་ཅིག་ཁྱེད་རྣམས་ལ་ཞུ་རྒྱུ་ཡོད་ཨ་མདོ་རྔ་པ་ནས་ཡིན་པའི་བོན་པོའི་མི་ཞིག་མགོ་ལོག་ཏུ་སོང་སྐབས་སུ་མགོ་ལོག་གི་ཡུལ་མི་ཞིག་དང་ཕན་ཚུན་ཁ་བརྡ་བྱུང་བས་མགོ་ལོག་གི་མི་དེས་ཁྱོད་ཀྱི་ཆོས་ལུགས་གང་ཡིན་སྐོར་དྲིས་པས་ང་བོན་པོ་ཡིན་ཞེས་ལན་བཏབས་ཚེ་མགོ་ལོག་བ་དེས་ཨོ་ཧོ་བོན་པོ་ཟེར་བ་དེ་མི་ཞིག་ཡོད་ཟིག་ཟེར་ནས་ཧ་ལས་སོང་བ་རེད་ཟེར། གནས་ཚུལ་འདི་གཞན་གང་ཡང་མ་ཡིན་པར་དེར་ཡོད་པའི་ཆགས་སྡང་ཅན་གྱི་བླ་མ་འགས་དུས་དང་རྣམ་པ་ཀུན་དུ་མི་དམངས་ཀྱི་རྣ་ལམ་དུ་དགོས་མེད་ཆགས་སྡང་གི་སྐད་ཆ་བཤད་བཤད་ཀྱིས་ཁོ་ཚོའི་ལྟ་ཚུལ་དང་འཛིན་ཚུལ་ཐབས་སྡུག་འདི་འདྲ་བཟོས་པ་དངོས་ཡོད་རེད། རྣམ་པ་ལྷན་རྒྱས་ཚང་མས་འདི་ལྟ་བུའི་གནས་ཚུལ་རིགས་མི་འབྱུང་བའི་ཆེད་དུ་སྔ་ཙམ་ནས་ཐུགས་གཟབ་གནང་རོགས་ཞུ་བ་ཡིན། གོང་དུ་འདི་ལྟར་འབྲི་དགོས།
ད་ངའི་གཏམ་བཤད་ཀྱི་དུས་ཚོད་ཚང་ཡོད་ས་རེད་ཚང་མར་བཀྲ་ཤིས་བདེ་ལེགས།

དྲི་བ་དྲི་ལན་སྐོར།

དྲི་བ་འདོན་མཁན་གསེར་རྟའི་མཁན་པོ་ཆོས་ཐོ།
དྲི་བ། སྟོན་པ་གཤེན་རབ་དང་སྟོན་པ་ཤཀྱ་ཐུབ་པ་རྣམ་གཉིས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་ཡོད་པ་ཡིན་དུས་ཤཀྱ་ཐུབ་པས་བདེན་བཞིའི་ཆོས་འཁོར་རང་སྟོབས་ཀྱིས་བསྐོར་བ་འདོད་དམ།
ལན། ཤཀྱ་ཐུབ་པ་ནི་སྟོན་པ་གཤེན་རབ་ཀྱི་གསུང་གི་བསྟན་པའི་ཟུར་སྡོང་དུ་བྱོན་པའི་ཁོང་གི་སྐུ་གསུང་ཐུགས་ཀྱི་བསྟན་པ་གང་རུང་དར་སྤེལ་བཏོང་མཁན་ཞིག་ཡིན་པའི་ཆ་ནས་རང་སྟོབས་ཀྱིས་མ་གསུང་བ་རེད།

དྲི་བ། སྟོན་པ་ཤཀྱ་ཐུབ་པ་ཚད་མའི་སྐྱེས་བུ་ཡིན་པ་ཁས་ཨེ་ལེན།
ལན།གཤེན་རབ་ཀྱི་གསུང་གི་བསྟན་པའི་ཟུར་སྡོང་དུ་བྱོན་པའི་ཚད་མའི་སྐྱེས་བུ་དང་སངས་རྒྱས་ཡིན་པར་ཁས་ལེན་འོན་ཀྱང་བསྐལ་ཆེན་གྱི་སྟོན་པ་ཡིན་པ་ཁས་མི་ལེན།

དྲི་བ། སྟོན་པ་གཤེན་རབ་དང་ཤཀྱ་ཐུབ་པ་གཉིས་ལ་བཀའ་དང་གསུང་བའི་ཆོས་སོགས་ལ་མི་འདྲ་ས་དང་ཁྱད་པར་གང་ཡོད།
ལན། ཤཀྱ་ཐུབ་པས་བྱེ་མདོ་དབུ་སེམས་བཞི་མ་གཏོགས་གསུང་ཡོད་ས་མ་རེད། གང་ཡིན་ཟེར་ན། ཁོང་གིས་སངས་རྒྱས་པ་ལ་བཞི་ངེས་ཕྱིར།། ལྔ་པ་ཐུབ་པའི་དགོངས་པ་མིན་གསུངས་འདུག་བ།
གཤེན་རབ་ཀྱིས་རྫོགས་ཆེན་གྱི་བོན་གསུངས་པ་རེད།

དྲི་བ། དེས་ན་ཁྱེད་ཀྱིས་རྙིང་མའི་ཆོས་འདི་སྟོན་པ་ཤཀྱ་ཐུབ་པའི་བསྟན་པའི་ཆ་ཤས་ཤིག་ཡིན་པ་ཨེ་འདོད་འདོད་ན་དེ་ལ་རྫོགས་ཆེན་སོགས་ཐེག་པ་རིམ་དགུ་ཡོད་པས་དེ་ལ་བསམ་ཚུལ་གང་འདྲ་ཡིན།
ལན། རྙིང་མའི་ཆོས་དེ་སྟོན་པ་ཤཀྱ་ཐུབ་པའི་བསྟན་པའི་ཆ་ཤས་ལོས་ཡིན་ཡང་རྙིང་མའི་རྫོགས་ཆེན་གྱི་ཕུགས་ནི་ངས་གསལ་བཤད་མི་དགོས་པར་སྔ་འགྱུར་རྙིང་མའི་བླ་མ་འམ་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུས་བོན་གཞུང་རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་བརྒྱུད་སྐོར་བཞི་ལ་གཏུགས་འདུག་བ་རང་ཉིད་ཀྱིས་འདོད་ཚུལ་ཡང་དེ་ལྟར་ཡིན།

ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་དྲུང་ཡིག་ཚན་པས་བཤུས།
སྤྱི་ལོ༢༠༡༥/༧/༡༣ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།