རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་ལ་དཔྱད་པ།

[ཟླ་ཚེས། 2016-12-05 17:05:29][རྩོམ་པ་པོ། མཁན་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༡༡༢.jpg

 དེང་དུས་ཞིབ་འཇུག་པའི་ཁྲོད་དུ་བཞུགས་པའི་མཁས་པ་འགས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་རྣམས་རྗེ་ཙོང་ཁ་པའི་གསུང་ལ་དཔེར་བཤུས་པ་རེད་ཅེས་གཏམ་བཤད་སྤེལ་མཁན་འདུག སྤྱིར་མཁས་པ་སོ་སོས་ཕན་ཚུན་གཅིག་གིས་གཅིག་ལ་བསམ་བློ་བརྗེ་རེས་སྒོས་ཤན་ཞུགས་ཐེབས་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཡིན་གཤིས་དེ་ལ་ཡ་མཚན་དགོས་པ་ཞིག་གཏན་ནས་མ་རེད། ལྷག་པར་དུ་རྗེ་མཉམ་མེད་པ་དང་རྗེ་ཙོང་ཁ་པ་རྣམ་གཉིས་ནི་དུས་རབས་གཅིག་གི་མི་ཡིན་པར་མ་ཟད་སློབ་སྦྱོང་མཉམ་བྱེད་ཀྱི་ཕྱག་ལས་ཀྱང་གནང་མྱོང་བས་ཕན་ཚུན་བསམ་བློ་བརྗེ་རེས་དང་བསྟོད་ཚིག་ཕུལ་རེས་སོགས་བྱེད་མྱོང་བ་སྨོས་ཀྱང་ཅི་དགོས། ལྷག་པར་དུ་བོན་གྱི་ལོ་རྒྱུས་ཡིག་ཆའི་ནང་དུ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་རྗེ་རིན་པོ་ཆེ་ཞེས་འབོད་ཀྱིན་ཡོད་པ་དང་དེ་བཞིན་ཏུ་དགེ་ལུགས་པའི་ཡིག་ཆ་རྣམས་སུ་ཙོང་ཁ་པ་ལའང་རྗེ་རིན་པོ་ཆེ་ཞེས་འབོད་པ་མ་ཟད་ཁོང་གཉིས་གཅིག་གིས་གཅིག་ལ་གསོལ་འདེབས་སོགས་ཕུལ་རེས་བྱེད་ཡོད་པར་བཤད་མོད། འོན་ཀྱང་དེ་ཙམ་གྱིས་ཡིག་ཆ་སོགས་ཕན་ཚུན་རྐུས་པ་དང་དཔེར་བཤུས་པ་རེད་ཅེས་དང་ཡང་ན་དཔེ་ཆའི་ཁུངས་དེ་དེ་འདྲ་ཞིག་ནས་ཡོང་བ་རེད་ཅེ་ན་མ་བརྟགས་མ་དཔྱད་པའི་གཏམ་ཞིག་ཡིན་པས་དེ་ལ་ཕྲན་རང་གིས་ལན་ཞིག་འདེབས་མོས་སྐྱེས་སོང་།

༢༡.jpg

   སྤྱིར་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་སྤྱི་ལོ་1356——1415པའི་མི་ཞིག་ཡིན་པ་དང་ཁོང་གི་གསུངས་འབུམ་ཕྱོགས་བསྒྲིགས་བྱས་ཡོད་པ་ལ་ཁྱོན་པོ་ཏི་བཅུ་ཡོད་པ་དང་།ད་དུང་དེའི་ནང་དུ་མ་ཐེབས་པའི་དཔེ་ཆ་མང་པོ་ཞིག་ཡོད་པའང་ཤེས་དགོས། གསུངས་འབུམ་ནང་ནས་རྩ་ཆེན་ཤོས་ནི་བྱང་སེམས་གབ་པའི་འགྲེལ་ཀུན་བཟང་གི་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་དང་། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ། གསང་དོན་རྣམ་འབྱེད། ས་ལམ་འཕྲུལ་གྱི་སྒྲོན་མེ། འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ། ཐེག་རིམ་རྩ་འགྲེལ། དབུ་མའི་རྩ་འགྲེལ་སོགས་ཡིན།དེ་ལས་བྱང་སེམས་གབ་པའི་འགྲེལ་བ་ཀུན་བཟང་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་པ་ནི་སྤྱི་ལོ་1017་པར་གཤེན་ཆེན་ཀླུ་དགས་འབྲིག་མཚམས་མཐའ་དཀར་ནས་གཏེར་དུ་དྲངས་པའི་སེམས་སྡེ་བྱང་སེམས་གབ་པ་ཟེར་བའི་འགྲེལ་ཡིན། དེ་བརྒྱུད་རིམ་ནང་དུ་གཤེན་ཀླུ་དགས་ཞུ་གཡས་ལེགས་པོ་ལ་བརྒྱུད། དེ་ནས་ཞུ་སྒྲོལ་བ་གཤེན་རྒྱལ་དགོངས་མཛོད་རི་ཁྲོད་ནས་མཉམ་མེད་ཤེས་རྒྱལ་མཚན་བར་དུ་བརྒྱུད་པའི་ཟམ་མ་ཆད་པ་བཤད་དུ་ཡོད་པས་ཙོང་ཁ་པའི་གསུངས་དང་འབྲེལ་བ་མེད། མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེའང་གཤེན་ཀླུ་དགས་སྤྱི་ལོ་1017པར་འབྲི་མཚམས་ནས་གཏེར་དྲངས་བའི་གྲས་སུ་ཡོད་པ་དང་། གཤེན་ཀླུ་དགས་བྲུ་རྗེ་ཡབ་སྲས་ལ་བརྒྱུད། དེ་ནས་བཟུང་སྟེ་མཉམ་མེད་ཤེས་རབ་རྒྱལ་མཚན་བར་དུ་རྒྱུན་མ་ཆད་པར་དར་ཡོད་པ་དང་།

༣༢.jpg

   གཞན་ཡང་གསང་དོན་རྣམ་འབྱེད་ཅེས་པ་ནི་གཤེན་ཀླུ་དགས་གཏེར་ནས་དྲངས་བའི་ཁྲོ་བོ་རྒྱུད་དྲུག་དང་རྩ་རྒྱུད་གསང་བ་བསེན་ཐུབ་(འདི་ལ་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་ཞིག་ཀྱང་ཡོད།)སོགས་ཀྱི་བསྡུས་དོན་ཡིན། ས་ལམ་འཕྲུལ་གྱི་སྒྲོན་མེ་དང་ཕར་ཕྱིན་སྐོར་ནི་གཤེན་ཀླུ་དགས་གཏེར་ནས་དྲངས་བའི་ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་དང་ཁམས་འབུམ་དུམ་བུ་དྲུག་ཅན་སོགས་ཀྱི་དགོངས་འགྲེལ་ཡིན་པ་དང་། དེའང་གཤེན་ཆེན་པོ་ནས་ལྕོག་ལ་གཡུ་སྐྱིད། རྨེའུ་སྟོན་སྒོམ་ནས་མཁས་པ་དཔལ་ཆེན་མེ་སྟོན་ཤེས་རབ་འོད་ཟེར་སོགས་ནས་མཉམ་མེད་རིན་པོ་ཆེའི་བར་དུ་བརྒྱུད་པའི་ཟམ་མ་ཆད་པ་དེ་ལྟ་བུ་རེད། ཐེག་རིམ་རྩ་འགྲེལ་ནི་ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་བ་མེ་ལོང་དགུ་སྐོར་གཉིས་ཀྱི་ཡང་འགྲེལ་བ་ཡིན། དེའང་དུས་རབས་བཅུ་པའི་འགོ་ཙམ་ལ་གཏེར་སྟོན་བན་དེ་སུམ་འཛོམ་མམ་བན་དེ་མི་གསུམ་གྱིས་ལྷ་ས་ཡར་བའི་ཕྱོགས་ནས་གཏེར་དུ་དྲངས་ཤིང་ཁོང་གསུམ་གྱིས་བླ་མ་་ལུང་སྟོན་འོད་འབར་རམ་གཉན་སྟོན་གཟི་བརྗིད་ཟེར་བའི་སྔགས་པ་ཞིག་ཡོད་པའི་ཕྱག་ཏུ་ཕུལ། ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་འགྲེལ་བ་མེ་ལོང་དགུ་སྐོར་ནི་དེ་ནས་ཐོན་པའི་དཔེ་ཆ་ཡིན། བླ་མ་གཉན་སྟོན་འོད་འབར་གྱིས་གྱེར་སྟོན་ཁྲོ་གསས་ལ་བརྒྱུད། དེས་མི་ལ་རས་པ་དང་སྤྲུལ་སྐུ་ལུང་བོན་ལྷ་གཉེན་(1088)གཉིས་ལ་ཅིག་ཅར་དུ་བརྒྱུད་དེ་དར་བར་བཤད། དེ་ནས་བཟུང་མཉམ་མེད་ཤེས་རབ་རྒྱལ་མཚན་བར་དུ་རྒྱུད་པའི་ཟམ་མ་ཆད། གཞན་ཡང་དབུ་མ་བདེན་གཉིས་ཀྱི་རྩ་འགྲེལ་དང་འདུལ་འགྲེལ་སོགས་ནི་སྤྱི་ལོ་1058_1132་ལོརི་བྱོན་པའི་མེ་སྟོན་ཤེས་རབ་འོད་ཟེར་གྱིས་མཛད་པའི་དབུ་མ་བདེན་གཉིས་དང་འདུལ་བ་ཀུན་བཏུས་གཉིས་ཀྱི་འགྲེལ་ཡིན། གོང་ཞུས་ཀྱི་དཔེ་ཆ་རྣམས་ཁོང་གི་གསུང་གི་ནང་ནས་ཆ་ཤས་ཙམ་ཡིན།རྒྱས་པར་ཤེས་འདོད་ན་ཁོང་གི་གསུངས་རྣམས་སུ་གཟིགས་པར་འཚལ།

ཞེས་པ་འདི་ནི་མཁན་ཚེ་རིང་ནོར་བུས་ཁྲིན་ཏུའུ་སྤོས་ལྡན་གྲོང་ཁྱེར་ནསབྲིས་པ་དགེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།