བོད་ཀྱི་རོལ་མོ་གཤང་དཔྱད་ཁྲི་ལོ་གནམ་གྲགས་ཞེས་བྱ་བ་བཞུགས་སོ། །

[ཟླ་ཚེས། 2026-05-28 11:50:40][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས] ཞང་ཞུང་སྐད་དུ། གླང་རེ། བོད་སྐད་དུ། གཤང་། ཞེས་པ་ནི་བོན་གྱི་ཕྱག་ཆའམ་རོལ་མོ་གལ་ཆེན་ཞིག་ཡིན། ཞང་བོད་ཀྱི་ཡུལ་ན་དགོན་པ་དང་གྲྭ་སེར་མི་མང་པོ་ཚོགས་པ་དང་འདོན་པ། ཤོན་འཁྲབ་པའི་སྐབས་སོགས་ལས་དོན་དེ་སྟངས་འཛིན་དང་དོ་དམ་བྱེད་པའི་ནུས་པ་གལ་ཆེན་དང་ལྡན་པའི་རོལ་མོ་གཙོ་བོ་ཞིག་ཡིན་པ་མ་ཟད། བོན་གྱི་ཐུན་མོང་མ་ཡིན་པའི་ཁྱད་བོན་དང་ལྡན་པའི་ཕྱག་མཚན་ནམ་ལྷ་ཆས་ཤིག་ཀྱང་ཡིན། མིང་གི་རྣམ་གྲངས་ལ་ཁྲོ་ལོ། གླང་རེ། ཅང་། གནང་ལིང་། རླངས། གཤང་ཆེན་བཅས་འབོད་སྲོལ་ཡོད། ལྷག་པར་དུ་བོན་ལུགས་ལ་ཡོངས་གྲགས་ཀྱི་རོལ་མོ་གཤང་ཁྲི་ལོ་གནམ་གྲགས་ཞེས་པ་ནི་བོན་གྱི་ཁྱད་བོན་དང་ལྡན་པའི་རོལ་མོ་གལ་ཆེ་ཞིག་ཀྱང་ཡིན། སྐབས་འདིར་བོན་གྱི་རོལ་མོ་གཤང་ཞེས་པའི་བྱུང་ཁུངས་དང་། ཁྱད་བོན། དབྱེ་བ། དར་ཚུལ། དགོས་པ་བཅས་ལ་དཔྱད་པ་ཅུང་ཙམ་བསྟན་པའོ། །

  [གནད་ཚིག] ཁྲི་ལོ། གཤང་། གཤང་ཁྲི་ལོ་གནམ་གྲགས། གླང་རེ། གནང་ལིང་། གཤང་ཆེན། སིལ་སྙན།

གཤང་ཞེས་པའི་ཐ་སྙད་ལ་དཔྱད་པ།

སུ་ལ་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་ཕྱག་གཤང་།

  སྤྱིར་གཤང་ཞེས་པ་ནི་ཞང་ཞུང་དང་བོད་ཡུལ་དུ་དར་ཁྱབ་ཆེ་བའི་སྙན་པའི་སྒྲ་དབྱངས་རོལ་མོ་དགུ་དང་།1 རོལ་མོ་བཅུ་བདུན་གྱི་ནང་ཚན་ཞིག་ཡིན།2 དེ་ལ་ནི། བོད་ཀྱི་མཁས་པ་མང་པོས་བོན་གྱི་རོལ་མོ་གཤང་ཞེས་ཟེར། དེ་ལ་གནས་ལུགས་མེད་པ་ཞིག་མ་ཡིན་ཏེ། གཤང་ལ་ཞང་ཞུང་གི་སྐད་དུ“གླང་རེ”ཞེས་བྱ། ཡིན་ནའང་། “གླང་རེ”ཞེས་པ་ནི་རྔ་གཤང་གཉིས་ལའང་གོ་བའི་དུས་ཀྱང་འདུག །དེ་ལྟར་ན། གཤང་ལ་ཞང་ཞུང་སྐད་དུ“རེ”ཞེས་འབོད་དགོས་པ་འདྲ། བོན་གྱི་བརྡ་སྤྲོད་མང་པོ་ནང་དུ། གླང་རེ། 〔ཞང〕 (1)གཤང་། བོན་ལུགས་ཀྱི་རོལ་མོ་སྟེ་གཤང་ངམ་སིལ་སྙན།(2)སྒྲ། (3)རྔ་གཤང་། ཞེས་བཀོད་འདུག །ཡིན་ནའང་། 《རྔ་གཤང་ཨུན་སྦུག་གླིང་རབས》ཞེས་པའི་ནང་དུ། ཕྱག་ཆ་ལ་རིགས་ལྔ་ཕྱེས་པའི་ནང་ཚན་སྐུ་ཡི་ཕྱག་ཆ་གསེར་གཤང་ལ། གཡུང་དྲུང་ལྷ་ཡི་སྐད་དུ་གཤང་། གང་ཟག་མི་ཡི་སྐད་དུ་ན། སྒྲ་དབྱངས་རྒྱལ་མོ།3 ཞེས་གསུངས་སོ། །གཡུང་དྲུང་ལས་དག་ལས། གླང་རེ་ཏྲམ་ཞེས་བྱ་བ་སྟོང་གསུམ་ཀུན་ཏུ་གྲགས་པའི་སྒྲ་བཏང་སྟེ། གཤང་ཁྲི་ལོ་གནམ་གྲགས་ནི་བཀྲོལ།4 ཞེས་པའི་སྐབས་ནས་བསྟན་དོན་ནི་གླང་རེ་ཏྲམ་བྱ་བ་དེ་གཤང་ཁྲི་ལོ་གནམ་གྲགས་ལ་གོ་འདུག །གླང་རེ་ཏྲམ་དེ་ཞང་སྐད་ཡིན་པ་ཤེས་སླའོ། །དེ་ལྟར་ན“གཤང”ཞེས་པ་དེ་ཡང་ཞང་སྐད་ཡིན་འདུག །གང་ལྟར་ཡང་ཞང་ཞུང་གི་སྒྲ་སྐད་ལ་ཕུག་པའི་སྐད། བར་པའི་སྐད། སྒོ་པའི་སྐད། ཕལ་པའི་སྐད་དང་བཞི་ཡོད་པ་ལས། ཕུག་པའི་སྐད་ནི། ཀ་པི་ཏ་ལྷ་ལས་ཆད། བར་པའི་སྐད་ནི་སཾསྐྲྀ་ཏ་ལྷ་ལས་ཆད། སྒོ་པའི་སྐད་ནི། བསྐལ་བཟང་སྒྲ་བླ་ཞེས་བྱ་སྟེ། ཡེ་སྲིད་ལྷ་ལས་ཆད་དེ། ཞང་ཞུང་སྨར་གྱི་སྐད་དོ། །ཕལ་པའི་སྐད་ལ། དར་མའི་སྒྲ་དང་། དིར་མའི་སྒྲ་དང་། དར་མ་དིར་གྱི་སྒྲ་དང་། གུ་གེའི་སྒྲ་དང་། ཕལ་པོ་གླང་གི་སྒྲ་དང་ལྔ་ཡོད། ཞང་ཞུང་གི་པཎྚི་ཏ་རྣམས་ཀྱི་ཞང་ཞུང་སྨར་གྱི་སྒྲ་སྐད་སྟོན་པའི་སྐབས་སུ་ཡང་། ཐང་བབ་དང་། ཐང་ལོག་དང་། ཐང་འཆོལ་དང་། འབྱུང་རྒྱལ་དང་། འབྱུང་ཆེན་དང་། འབྱུང་ཆུང་དང་དྲུག་ཡོད་ཚུལ་ལོགས་སུ་གསལ་ལོ། །གང་ལྟར་ཡང་“གཤང”དེ་ཕུག་པའི་སྐད་དང་། “གླང་རེ”དེ་བར་པའི་སྐད། སྒོ་པའི་སྐད། ཕལ་པའི་སྐད་གང་རུང་ཞིག་ཡིན་ནའང་མི་ཆོག་པ་མེད་དོ། །གཞན་དུ་ཞང་སྐད་དང་བོད་སྐད་གཉིས་མཐུན་ས་ཡང་མང་པོ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ལགས་སོ། །གཤང་ལ་ཁམས་ཕྱོགས་སོགས་ཡུལ་སྐད་དུ“ཁྲོ་ལོ”ཟེར། ཡང་ཡུལ་ཕྱོགས་འགའ་ཞིག་ལ། གཤང་ལ“ཕོ་ལོང”ཟེར་ཡང་། དེ་ནི་གཤང་གི་རིགས་ཤིག་གོ །བོད་རྒྱ་ཚིག་མཛོད་ཆེན་མོ་ནང་དུ་ཅང་ཞེས་པ་དེ་ནི་བོན་པོའི་རོལ་ཆ་གཤང་།5 ཞེས་ཡིན་པར་བཤད་འདུག །བོན་གཞུང་དྲི་མེད་གཟི་བརྗིད་སོགས་ལས་ཅང་ཆེན་སྒྲོག་ཅེས་པ་ནི་གཤང་ཆེན་སྒྲོག་ཅེས་པའི་དོན་ཡིན་པས་ཤེས་སླའོ། །དུང་དཀར་ཚིག་མཛོད་ནང་དུ་གར་གྱི་རོལ་མོའི་བྱེ་བྲག་བསྟན་པའི་སྐབས་སུ། གནང་ལིང་(གཤང)6ཞེས་བསྟན་འདུག །འོན་ཀྱང་གནང་ལིང་ཞེས་པའི་དོན་གང་ཡིན་གསལ་བོར་བསྟན་མེད། ཞང་བོད་ཚིག་མཛོད་ཆེན་མོའི་ནང་དུ། རླངས།(1) བོད་ཀྱི་རུས་རྒྱུད་ཅིག་གི་མིང་། མིའུ་གདུང་དྲུག་ལས་དབྲ་ཡི་རུས་རྒྱུད་ཡིན། (2) བོན་གྱི་རོལ་མོ་གཤང་ཆེན།7 ཞེས་རླངས་ཞེས་པ་དེའང་བོན་གྱི་རོལ་མོ་གཤང་ལ་འཇུག་པར་བཞེད་ཡོད། གཤང་ཆེན་ཞེས་པ་ནི་བོན་ཡོངས་གྲགས་སིལ་སྙན་ཆེན་པོ་དེ་ལ་འབོད་སྟངས་ཤིག་ཆགས་སོང་བར་བཤད། མི་ལ་ལས་གཤང་ཆུང་ཆུང་ལ་སིལ་སྙན་དང་། གཤང་ཅུང་ཙམ་ཆེན་པོ་ལ་གཤང་ཆེན་བཞེད་ཀྱང་། བོན་ལུགས་ཀྱི་ཆོ་ག་མང་པོའི་ནང་དུ་གཤང་ཆེན་དང་གཤང་ཆུང་ཞེས་དམིགས་སུ་བཀར་འདུག་ཚུལ་འོག་ཏུ་བསྟན་ཡོད། གཤང་ཞེས་པའི་སྒྲ་བཤད་ནི་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཤང་ཞེས་བྱ། བོན་པོ་རང་ངོས་ནས་བཤད་ན་གཤང་ཞེས་པ་ནི་གསང་སྔགས་སྒྲུབ་གཤེན་རྣམས་ཀྱི་ཕྱག་ཆ་གལ་ཆེན་ཞིག་སྟེ། དགོན་པའི་ཚོགས་པ་དང་། འདོན་པ། ཤོན་འཁྲབ་པ། འཆམ་རྒྱག་པ་སོགས་ཀྱི་སྐབས་སུ་ལས་དོན་དེ་སྟངས་འཛིན་དང་དོ་དམ་བྱེད་པའི་རོལ་མོ་གལ་ཆེན་ཞིན་ཡིན་པ་མ་ཟད། གསང་སྔགས་རྣལ་འབྱོར་པའི་ཕྱག་ཆ་རུས་ཆེན་རྒྱན་དྲུག་གི་ནང་ཚན་ཞིག་ཀྱང་ཡིན་ནོ། །8 ཡང་བོན་གཞུང་སྲིད་རྒྱལ་སྒྲུབ་སྐོར་སོགས་ལས་གཤང་དེ་རྒྱན་ཆ་ཞིག་ལ་ངོས་འཛིན་གནང་འདུག་སྟེ། གསེར་གྱི་གཤང་ཆུང་འབུམ་ཕྲག་གྲངས་མེད་པས་བརྒྱན་པ། ཞེས་གསུངས་སོ། །

སིལ་སྙན་དང་གཤང་གཉིས་ཀྱི་ཁྱད་པར་ཡོད་ཚུལ་བསྟན་པ།

ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་ཕྱག་སིལ།

  མི་ལ་ལས་སིལ་སྙན་དང་གཤང་གཉིས་ཀྱི་ཁྱད་པར་ནི། གཤང་ཆུང་ཆུང་ལ་སིལ་སྙན་དང་། སིལ་སྙན་ཆེན་པོ་ལ་གཤང་ཟེར་བ་སྣང་ཡང་། མདོ་དྲི་མེད་ལས། ལ་ལ་ཞིག་ནི་ལྷའི་གཤང་དཀྲོལ་ལོ། །ལ་ལ་ཞིག་ནི་ལྷའི་སིལ་སྙན་བསིལ་(སིལ)ལོ། །9 ཞེས་དང་། སིལ་སྙན་སྒྲ་དང་རོལ་མོའི་ཚོགས་རྣམས་དང་། །ཅང་དང་པི་ཝང་གླིང་དང་ཏམ་བུ་ར། །སྒོང་དང་ཤིང་རྟ་ཁྱུང་གར་མཛེས་པ་དང་། །རྔ་གཤང་དུང་དང་སྒྲ་རྒྱལ་གོ་པན་དང་། །10 ཞེས་དང་། སིལ་སྙན་དང་། རྔ་གཤང་དང་། རོལ་མོ་དང་།11 ཞེས་པའི་སྐབས་ནས་གཤང་དང་སིལ་སྙན་སོ་སོ་ཡིན་པར་བསྟན་པ་མ་ཟད། མདོ་གཟེར་མིག་ལས། རྔ་དང་གཤང་དང་དུང་དང་གླིང་བུ་དང༌། ཏམ་བུ་ར་དང༌། པི་ཝང་དང༌། སིལ་སྙན་ཐམས་ཅད་ཀྱིས་སྙན་པའི་སྒྲ་བསྒྲག །དེ་ནི་སྙན་པའི་སྒྲ་དང་ལྡན་པའི་མཆོད་པའོ། །12 ཞེས་པའི་སྐབས་ནས་ཀྱང་དེ་གཉིས་སོ་སོ་བ་ཡིན་ཚུལ་གསལ་བར་བསྟན་འདུག །དེ་བཞིན་དུ་དྲི་མེད་གཟི་བརྗིད་ལས་རོལ་མོ་སོ་སོར་དབྱེ་བའི་སྐབས། རྔ་གཤང་དུང་གླིང་པི་ཝང་དང་། །ཅང་དང་ཅོང་ཆེན་ཅག་པར་དང་། །འཁར་རྔ་གན་དྷེ་རྔེའུ་ཆུང་དང་། །ཐོད་རྔ་རྒྱུད་མང་སིལ་སྙན་དང་། །རྒྱུན་དང་སྦུབ་དང་བིང་ཆེན་སོགས། །13 ཞེས་པའི་སྐབས་ནས་ཀྱང་སིལ་སྙན་དང་གཤང་གཉིས་སོ་སོ་བ་ཡིན་པར་བསྟན་ཡོད། འོན་ཀྱང་། རྔ་གཤང་ཨུན་སྦུག་གླིང་རབས་ལས། དེ་ཡང་སྐུ་ཡི་ཕྱག་ཆས་གཤང་ལ་རིགས་གསུམ་སྟེ། ཆུང་བ་ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས་བྱུང་བའི་ཁོལ་མ་སིལ་སྙན་དང་། འབྲིང་བ་སངས་པོ་འབུམ་ཁྲིའི་ནུ་འབུར་ལས་བྱུང་བའི་ཁྲི་ལོ་གནམ་གྲགས་དང་། ཆེ་བ་གསེར་གྱི་ཉི་མའི་ནུ་འབུར་ལས་བྱུང་བའི་གླང་རེ་གཤང་ཆེན་དང་གསུམ་མོ། །ཞེས་པ་ལས་སིལ་སྙན། ཁྲི་ལོ། གཤང་ཆེན་དང་གསུམ་ནི་གཤང་གི་ཁོངས་སུ་གཏོགས་པར་གསལ་བ་གསུངས་སོ། །སིལ་སྙན་དེ་མཆོད་རྟེན་སོགས་ཀྱི་རྒྱན་དུ་འཇོག་སྲོལ་ཡང་ཡོད། དཔེར་ན། ལོ་པཎ་ཤེལ་གྱི་མཆོད་རྟེན་ལྟ་བུ་ལ་མཚོན་ན། གར་དང་རོལ་མོ་སིལ་སྙན་རྒྱུད་འབྱུང་ཞིང་། །ལྟུང་བའི་སྡུལ་བསྔལ་ལྷ་ཡི་བདུད་འདུལ་པའི། །ལོ་པཎ་ཤེལ་གྱི་མཆོད་རྟེན་ཞེས་བྱ་བ། །ཞེས་ལྟུང་བ་ལྷ་ཡི་སྡུག་བསྔལ་དང་ལྷའི་བདུད་འདུལ་བ་མཚོན་བྱེད་ཀྱང་བསྟན་ཡོད། གཤང་ཆེན་དང་སིལ་སྙན་གྱི་ཁྱད་པར་ནི་ཆེ་ཆུང་ཙམ་མ་ཟད་བྱུང་ཁུངས་དང་། དབྱིབས། དགོས་པ། མདོ་སྔགས་རྫོགས་གསུམ་མི་འདྲ་བའི་ཕྱག་ཆ་ཡིན་ཚུལ་སོགས་ཀྱི་ཁྱད་པར་ཡོད་ཚུལ་ཤེས་ན་ལེགས་སོ། །ས་བདག་འབུམ་ལས། སིལ་སྙན་ཞེས་པ་ནི་སིལ་སྒྲ་གྲགས་ཤིང་སྐད་སྙན་པའི་རོལ་མོ་ཀུན་ལ་གོ་འདུག་སྟེ། སིལ་སྙན་སྒྲ་ཡི་རྣམ་གྲངས་མཆོད་པ་སྟེ། །རྔ་དང་གཤང་དང་དུང་དང་སླང་། །རོལ་མོ་གླུ་དང་གླིང་བུ་གར་དང་ཚོམ་ཚོམ་ལྕམ། །14ཞེས་གསུངས་སོ། །དེ་དག་ནི་གཤང་དང་སིལ་སྙན་ཁྱད་པར་ཡོད་པ་བསྟན་པའོ། །སིལ་སྙན་གྱི་སྒྲ་བཤད་ལ། ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། སིལ་ཞེས་སྲིད་པའི་ཚ་གདུང་སེལ། །སྙན་ཞེས་ཟབ་དོན་སྟོན་པའི་སྒྲ། །15ཞེས་གསུངས་སོ། །


གཤང་གི་བྱུང་ཁུངས་ལ་དཔྱད་པ།

  བོན་གྱི་ཕྱག་ཆས་རོལ་མོ་གཤང་ཞེས་པའི་བྱུང་ཁུངས་སྐོར་ལ་འདོད་སྟངས་མི་འདྲ་བ་མང་ཙམ་འདུག་པ་ཐམས་ཅད་ཕྱོགས་བསྡུས་བྱས་ན་མི་འདྲ་བ་བཞིའི་ཁོངས་སུ་གཏོགས་པ་ལས། དང་པོ། 《གཤང་རབ་(རབས)ཉུང་འདུས་རེས་ཅིག》ཅེས་པ་ལྟར་ན། སྔོན་ཚེ་བསྐལ་པ་དང་པོའམ་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་འཇིག་རྟེན་དུ་བྱོན་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་དུས་ལ་བདུད་རིགས་ལོག་པ་ཅན་མང་པོ་ཞིག་བྱུང་བ་དེ་དག་འདུལ་བའི་ཕྱིར་དུ། སྟོན་པ་གཤེན་རབ་མི་བོའི་གསུང་གི་སློབ་མ་གཤེན་གསང་བ་འདུས་པ་ཞེས་བྱ་བ་བྱུང་བ་དེས་ཕྱི་རབས་གཤེན་དང་སེམས་ཅན་གྱི་དོན་དུ་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པའི་ཕྱག་ཆ་གཤང་ཞེས་པ་ཞིག་བཙལ་བར་དགོངས་ནས། སྐུ་ལ་དར་བེར་རྒྱན་ལྡན་གསོལ། དར་སྣ་ལྔའི་ཐོད་བཅིངས་བྱས། ཕྱག་ཏུ་ཨུད་དཔལ་མེ་ཏོག་སྔོན་པོ་ཞིག་ཐོགས་ཏེ་སྟོན་པ་གཤེན་རབ་མི་བོའི་དྲུང་དུ་ཕེབས་ནས་ཕྱག་མཚན་ཨུད་དཔལ་སྔོན་པོ་སྟོན་པ་ལ་ཕུལ། སྟོན་པ་ལ་འདི་སྐད་ཅེས་གསོལ། ངོ་མཚར་དང་ལྡན་པའི་དགྲ་བཅོམ་པ་སྟོན་པ་གཤེན་རབ་མི་བོ་ལགས། ཉིད་ཀྱིས་གསུངས་པའི་བོན་སྒོ་བཞི་མཛོད་དང་ལྔའི་བོན་དང་། མདོ་སྔགས་ཀུན་ལ་གྲགས་པའི་གསུང་སྙན་གཤང་ཅིག་གནང་རོགས་ཞུ། ཞེས་ཞུས་པའི་ལན་དུ་སྟོན་པ་གཤེན་རབ་མི་བོས། ལེགས་སོ་གསང་བ་འདུས་པས་ཞུ་བའི་དོན། ཞེས་གསུངས་ནས་བཟོ་རྒྱལ་གར་མ་ལི་ཤོ་ལ་བཀའ་བབ་སྟེ། བཟོ་རྒྱལ་གར་མ་ལི་ཤོ་ཁྱེད། རྒྱལ་བསྟན་སྒོ་བཞི་མཛོད་ལྔའི་བོན་དང་མདོ་སྔགས་ཡོངས་ལ་དབྱངས་སུ་གྲགས་པའི་རོལ་མོ་ཞིག་བརྡུང་བར་བྱ། རོལ་མོ་དེ་ཡང་བདག་གི་མགྲིན་པའམ་མགུལ་གསང་བུམ་པ་ནས་བྱུང་བའི་ཚངས་དབྱངས་དྲུག་ཅུའི་སྡེབ་སྦྱོར་ནས་སྒྲ་རྒྱལ་གསེར་གྱི་གཤང་ཆེན་བརྡུང་།16 ཞེས་པ་ལས་གཤང་བཟོ་མཁན་ནི་བཟོ་རྒྱལ་གར་མ་ལི་ཤོ་ཡིན་པར་བསྟན་ཡོད། གཤང་དེའི་རིགས་ལ་ཡུལ་ཕྱོགས་འགའ་ཞིག་ནས་གཤང་ཞང་ཞུང་མ་ཞེས་འབོད་སྲོལ་ཆགས་སོ། །

  གཉིས་པ། གཤང་ཞེས་པའི་རོལ་མོ་དེ་ཚེ་ལོ་འབུམ་པའི་སྐབས་སུ་བྱུང་བ་བསྟན་པ་ནི། སྔོན་ཚེ་མི་རྣམས་ཚེ་ལོ་འབུམ་ཐུབ་པའི་སྐབས་སུ་མ་གཅིག་ཆུ་ལྕམ་རྒྱལ་མོས་འདོད་ཆགས་རྒྱ་མཚོ་སྐེམ་ཕྱིར། གསེར་གྱི་སྤུ་གྲིས་ནུ་འབུར་བཅད་དེ་ཕྱག་ཏུ་བསྣམས་པ་ལས་སིལ་སྙན་བྱུང༌། ཁ་གྱེན་དུ་བསླངས་པ་ནི་བདེ་བ་ཅན་གྱི་ཞིང་ཁམས་བཀོད་པའི་བརྡ་དང་། མུ་ཁྱུད་རིས་གསུམ་ཡོད་པ་དེ་སྟོང་གསུམ་གྱི་བརྡ། སིལ་ཞེས་པ་ནི་འཁོར་བའི་ཚ་གདུང་སེལ་པས་སིལ། སྙན་ཞེས་པ་ནི་བསླབ་གསུམ་སྙན་སྒྲ་སྒྲོགས་པས་སྙན། དགོས་པ་ནི། སྡོམ་གསུམ་བསྟན་པ་དར་བ་དང་། །འདོད་ཆགས་མིང་ཡང་མེད་པའི་ཕྱིར། །རྣམ་དག་ཁྲིམས་ཀྱི་ཕྱག་ཆ་ལགས། །བསླབ་གསུམ་བོན་བསྟན་དར་ཞིང་རྒྱས། ། ཞེས་དང་། སྲིད་པ་སངས་པོ་འབུམ་ཁྲིས་གཏི་མུག་མུན་པ་སེལ་བའི་ཕྱིར་དུ་གསེར་གྱི་སྤུ་གྲིས་ནུ་འབུར་བཅད་པ་དེ་ཕྱག་ཏུ་བསྣམས་པ་ལས་ཁྲི་ལོ་བྱུང༌། ཁྲི་ལོ་ཁ་གྱེར་དུ་བསླངས་པ་ནི་འོག་མིན་ཞིང་ཁམས་ཀྱི་དཔེ་དང་། མུ་ཁྱུད་གསུམ་ལྡན་ནི་སྟོང་གསུམ་གྱི་དཔེ་དང་། ཁྲི་ཞེས་པ་ནི་སེམས་ཉིད་རྣམ་པར་དག་པས་ཁྲི། ལོ་ཞེས་པ་ནི་འོད་གསལ་འཁོར་ལོ་བསྒྱུར་བས་ལོ་ཞེས་བྱ། གསང་སྒོམ་བསྟན་པ་དར་བ་དང་། །གཏི་མུག་མ་རིག་སེལ་བ་ཡི། །གསང་སྒོམ་བསྟན་འཛིན་ཕྱག་ཆ་ཡིན། །གསང་སེམས་བོན་བསྟན་དར་ཞིང་རྒྱས། །ཞེས་དང་། དེ་རྗེས་དབལ་ཆེན་གེ་ཁོད་ཀྱིས་འཁྲུལ་རྟོག་ཞེ་སྡང་འདུལ་ཕྱིར་དུ་གསེར་གྱི་ཉི་མ་ཞལ་དུ་གསོལ། ཞལ་རྒོད་ཙམ་གྱི་ཉི་མ་ཤོར་བའི་ཚེ། ཕྱག་གིས་བརྙབས་པས་ཉི་མའི་ནུ་འབུར་ཟིན་པ་དེ་བཅད་པ་ལས་གཤང་ཆེན་བྱུང༌།17 ཞེས་པ་དང་མཐུན་པ་ནི། ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། དེ་ཡང་སྒྲ་དབྱངས་རྒྱལ་མོ་ཞེས། །གཤང་རབས་ལ་ནི་རིགས་གསུམ་སྟེ། །གཤང་ངམ་ཁྲོ་ལོ་སིལ་སྙན་ནི། །ཆེ་བ་གསེར་ཉིའི་ནུ་འབུར་ལས། །བྱུང་བའི་གླང་རེ་གཤང་ཆེན་དང༌། །འབྲིང་བ་སངས་པོའི་ནུ་འབུར་ལས། །བྱུང་བའི་ཁྲི་ལོ་གནམ་གྲགས་དང༌། །ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས། །བྱུང་བའི་ཁོལ་མོ་སིལ་སྙན་གྲགས།18 ཞེས་སོ། །གཤང་ཁ་གྱེན་དུ་བསླངས་ནས་བཞག་པ་ནི་མི་འགྱུར་དབྱིངས་ཆེན་གཞལ་ཡས་ཀྱི་དཔེ་དང་། མུ་ཁྱུད་གསུམ་ནི་སྟོང་གསུམ་གྱི་བརྡ། གསེར་གཤང་ཞེས་པའི་གསེར་ཞེས་པ་གསེར་གདུགས་ཉི་མ་ལས་བྱུང་བས་གསེར་དང་། གཤང་ཞེས་པ་ནི་ཐམས་ཅད་ཟིལ་གྱིས་གནོན་པས་གཤང་ཞེས་བྱ། བསྐྱེད་རྫོགས་བསྟན་པ་དར་བ་དང་། །ཞེ་སྡང་གདུགས་སེམས་འཇོམས་པའི་ཕྱིར། །གསང་སྔགས་སྒྲུབ་གཤེན་ཕྱག་ཆ་ཡིན། །འདུལ་སྔགས་བོན་བསྟན་དར་ཞིང་རྒྱས། །ཞེས་པའི་སྐབས་ནས་དུག་གསུམ་འདུལ་བའི་ཕྱག་ཆ་ལས་སིལ་སྙན་དེ་འདུལ་བ་མདོ་ཡི་ཕྱག་ཆ་དང་། ཁྲི་ལོ་དེ་བླ་མེད་རྫོགས་པ་ཆེན་པོའི་ཕྱག་ཆ་དང་། གཤང་དེ་གསང་བ་སྔགས་ཀྱི་ཕྱག་ཆ་ཡིན་པ་ཤེས་སླའོ། །


འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས།

  གསུམ་པ། འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་ལྟར་ན། ཁྲོལ་ལོ་གནམས་གྲགས༼ཁྲོ་ལོ་གནམ་གྲགས༽་བཤད་པ་ལ་དང་པོ་སའི་སྙིང་པོ་ནི་རྡོ་ཡིན། རྡོ་ཡི་སྙིང་པོ་ལས་རིན་ཆེན་མཁར་བ་གྲུབ། ཤར་དུ་རིན་ཆེན་དངུལ་རྡོ། ལྷོ་རུ་རིན་ཆེན་སྐད་རྡོ༼གཡུ་རྡོ༽། ནུབ་ཏུ་མཁར་རྡོ༼ཟངས་རྡོ༽། བྱང་དུ་ཁྲོ་ཆུ་སྤུག་རྡོ༼ལྕགས་རྡོ༽། དབུས་ལ་གསེར་རྡོ་བྱུང་། དེ་ལྟར་རིན་ཆེན་སྣ་ལྔ་མངོན་དང་དྲུག་བཞུ་བ་དང་བརྡུང་བ་ལས་ཁྲོལ་ལོ་གནམས་གྲགས་བྱུང་བར་བཞེད།19 གཤང་ཁྲི་ལོ་གནམ་གྲགས་བསྐང་བ་ལས། རིན་ཆེན་དང་མ་དངུལ་དང་ལི། ། མཁྱེན་འགར་རྒྱལ་པོ་འགར་བྱེད་དང་། གཤང་ཁྲི་ལོ་གནམ་གྲགས་སྒྲོན་མ་བཟོ། །20 ཞེས་པའི་མཁྱེན་འགར་རྒྱལ་པོ་དེ་ནི་བཟོ་རྒྱལ་གར་མ་ལི་ཤོ་དང་མགར་ལྷ་ཡུག་པ་གང་རུང་ཞིག་ཨེ་ཡིན་སྙམ། གཤང་ཁྲི་ལོ་གནམ་གྲགས་སྒྲོན་མ་ཞེས་པ་དེ་ནི་སྟོན་པ་གཤེན་རབ་མི་བོའི་སློབ་མ་ཡེ་གཤེན་བཅུ་གསུམ་དང་སློབ་མ་བཅུ་དྲུག་གི་ནང་ཚན་ཡེ་གཤེན་གཡུང་དྲུང་སེམས་དཔའ་གཤང་ཁྲི་ལོ་གནམ་གྲགས་ཅན་ཞེས་པ་དེ་ཡིན་པ་ནི་ཤེས་སླའོ། །གང་ལྟར་ཡང་དེ་ནི་གཤང་ཁྲི་ལོ་གནམ་གྲགས་ཀྱི་བྱུང་ཁུངས་མདོར་ཙམ་བསྟན་ཡོད། གཤང་ཁྲི་ལོ་གནམ་གྲགས་དེ་སྟོན་པ་གཤེན་རབ་མི་བོའི་སྐུ་རིང་ནས་ཡོད་པར་གསལ་བ་མ་ཟད། གཤང་དེ་བཟོ་མཁན་དང་རྒྱུ་རྩ་བཅས་གསལ་བར་རྟོགས་ཐུབ། ཁྲི་ལོ་གནམ་གྲགས་ཞེས་པ་ནི་གཤང་མིང་དང་མིའི་མིང་གཉིས་ཀ་ཡིན་ནའང་། གཤང་མིང་མི་ལ་ཐོགས་པ་དང་མིའི་མིང་གཤང་ལ་ཐོགས་པ་གང་ཡིན་གསལ་བོར་མཐོང་དུ་མེད། ཕལ་ཆེར་གཤང་ཁྲི་ལོ་གནམ་གྲགས་ཕྱག་ཆས་སུ་འཛིན་པས་གཤང་མིང་མི་ལ་ཐོགས་པ་ཡིན་པ་འདྲའོ། །

  བཞི་པ། 《གཤང་རབ་བཞུགས་པ་ལེགས་སྷཱོ》ཞེས་པ་ལྟར་ན། སྔོན་གྱི་བསྐལ་པ་དང་པོ་ལ། ཞི་རྒྱས་དབང་དྲག་གི་གཞལ་ཡས་ན་དྲག་པོའི་ཚུལ་དུ་བཞུགས་ཏེ་དགྲ་བགེགས་བྱད་མ་བསྒྲལ་པ་དང་། ལྷ་སྲིད་སྡེ་བརྒྱད་དབང་དུ་འདུ་བ་དང་། བདེར་གཤེགས་ལྷ་ཚོགས་ཐུགས་དམ་བསྐུལ་བ་སོགས་ཀྱི་ཆེད་དུ་དབལ་གྱི་ཕྱག་ཆ་གཤང་ཅིག་དགོས་པ་དེ་བཙལ་བའི་ཚེ། ནག་པོ་རྒྱའི་ཡུལ་དུ་བོད་ཀྱི་ཚོང་པ་མི་གསུམ་གྱིས་བོད་ཀྱི་དངུལ་དཀར་ཁྱེར་ནས་རྒྱ་ཡུལ་ལ་ཕེབས། རྒྱ་ཡུལ་དུ་གཤང་བཙལ་བ་དེ་བོད་ཡུལ་ལ་ཁྱེར་ནས་ཡོང་། དེ་ནས་བོད་ཀྱི་མགར་བས་དབལ་གྱི་ཕྱག་ཆ་གཤང་ཅིག་བརྡུང་ནས་གཤེན་རབ་མི་བོའི་ཕྱག་ཏུ་ཕུལ། སྟོན་པས་ཐང་གསུམ་དཀྲོལ་བ་སོགས་བསྟན་པ་ལྟར་ན་སྟོན་པ་གཤེན་རབ་མི་བོའི་སྐབས་ནས་རྒྱ་ཡུལ་དུ་བོན་གྱི་གཤང་ཞེས་པ་དེ་བྱུང་བར་བསྟན་ཡོད།21 དེ་དང་འདྲ་བ《རིག་འཛིན་རྣམས་ཀྱི་གཤང་རབ་བཞུགས་པ་ལེགས་སོ》ཞེས་པ་ནས་ཀྱང་བསྟན་ཡོད། འོན་ཀྱང་མི་འདྲ་ས་ནི། ཞི་རྒྱས་དབང་དྲག་གི་གཞལ་ཡས་ན་བཞུགས་མཁན་དེ་དབལ་བོན་སྟག་ལ་མེ་འབར་ཡིན་པ་དང་། སྟག་ལ་མེ་འབར་གྱིས་དགྲ་བགེགས་བྱད་མ་བསྒྲལ་པ་དང་། ལྷ་སྲིད་སྡེ་བརྒྱད་དབང་དུ་འདུ་བ་དང་། བདེར་གཤེགས་ལྷ་ཚོགས་ཐུགས་དམ་བསྐུལ་བ། ཕྱི་ནང་བོན་སྐྱོང་སྲུང་མ་བསྐུལ་བ་སོགས་ཀྱི་ཆེད་དུ་དབལ་གྱི་ཕྱག་ཆ་གཤང་བཙལ་བ་དང་། ནག་པོ་རྒྱའི་ཡུལ་དུ་བོད་ཀྱི་ཚོང་པ་མི་གསུམ་གྱིས་ཁྱེར་འོང་བའི་གཤང་དེ་བོད་ཀྱི་གཤེན་བོན་གྱིས་དབལ་གྱི་ཕྱག་ཆ་གཤང་བརྡུང་། གཤེན་བདག་གིས་དཀྲོལ་ཙམ་ན་དབལ་གྱི་གཤང་སྒྲ་གནམ་ས་བར་སྣང་གང་བ་བསྟན་པ་ལས་གཤང་ཕུལ་ཡུལ་དེ་སྟོན་པ་གཤེན་རབ་མི་བོ་ཡིན་པར་བསྟན་མེད་པ་སོགས་ཁྱད་པར་ཙམ་ལས་ནང་དོན་ཕལ་ཆེར་འདྲ།22 དེ་དང་འདྲ་བ《གཤང་རབ་དུན་རྩེ་(ཙེ)ཟིལ་གནོན་ལོ》ཞེས་པ་ལས་ཀྱང་སྟག་ལ་མེ་འབར་དང་འབྲེལ་བ་ཡོད་པ་དང་། གཤེན་རབ་བདག་གི་ཕྱག་ཆ་ཡིན། ཐང་གསུམ་དཀྲོལ་བ་སོགས་བསྟན་ཡོད། གཞན་དུ《ཁྲོ་བོ་རོལ་བའི་གཤང་རབས》ཞེས་པའི་ནང་དུ་ཡང་གཤང་དེ་རྒྱ་ཡུལ་ནས་བྱུང་བ་བཤད་ཚུལ་དག་འདྲ་བར་སྣང་། གང་ལྟར་ཡང་དཔེ་རྙིང་དེ་དག་གི་ནང་དོན་ཅུང་ཙམ་མི་འདྲ་བ་ལས་གཤང་རྒྱ་ནག་ལས་བྱུང་བ་དང་རི་མོ་བཀོད་ཚུལ་དགོས་པ་བཅས་འདྲ་འདུག །དཔེ་ཆ་དེ་ལ་མཚན་གསོལ་ཚུལ་མི་འདྲ་བ་འགའ་འདུག་པ་ལས་ཁྱུང་པོ་སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་ནང་དུ། 《གཤང་རབ་རྣ་བའི་བཅུད་ལེན་བཞུགས》ཞེས་པ་དེ་དང་གོང་དུ་ལུང་དྲངས་པའི《གཤང་རབ་དུན་རྩེ(ཙེ)ཟིལ་གནོན་ལོ》ནང་དོན་འདྲ་འདྲ་རེད། 《གཤང་རབ་རྣ་བའི་བཅུད་ལེན་བཞུགས》དེ་ལྡེ་བོན་གྱིམ་ཚས་སྦྱར་བའོ། །ཞེས་གསུང་བ་པོ་བསྟན་ཡོད། 《གཤང་རབ་དུན་རྩེ་(ཙེ)ཟིལ་གནོན་ལོ》དེ་གསུང་བ་པོ་མི་གསལ། གཤང་དེའི་རིགས་ལ་རྒྱ་སིལ་གཤང་ཞེས་བཤད། མི་ལ་ལས་རྒྱ་སིལ་གཤང་ཞེས་པའི་ཐ་སྙད་དེ་སྔར་གྲགས་མ་མྱོང་ཟེར་ཡང་གསང་འདུས་ཕྱི་སྒྲུབ་ལས་གསལ་བར་བསྟན་འདུག །23 གང་ལྟར་ཡང་། གཤང་དེ་སྟོན་པ་གཤེན་རབ་མི་བོའི་སྐབས་ནས་ཡོད་པ་ནི་མདོ་དྲི་མེད་གཟི་བརྗིད་དང་མདོ་གཟེར་མིག་སོགས་ལས་སྟོན་པ་གཤེན་རབ་མི་བོ་ཆེ་ས་གནས་དང་ཡུལ་ཕྱོགས་མི་འདྲ་བ་ལ་ཕེབས་པའི་ཚེ། བསུ་མ་བྱེད་སྐབས་ལ་ལས་གཤང་བཀྲོལ་དང་། ལ་ལས་སིལ་སྙན་སིལ་བ་སོགས་བསྟན་ཡོད་པ་དག་ལ་བརྟག་ན་ཤེས་སླའོ། །





གཤང་གི་རྒྱུ་བསྟན་པ།

  གཤང་གི་རྒྱུ་ཡི་སྐོར་ནས་བོན་གཞུང་འགའ་ལས་བཞེད་སྟངས་འགའ་ཡོད་པ་ནི། གཤང་རབས་ལས། རིན་ཆེན་དྭངས་མ་གསེར་དང་དངུལ། །ལི་དང་བསྲེས་པས་སིལ་སྙན་སྒྲ། །ཞེས་པས། ལི་དང་གསེར་བསྲེས་པ་ལ་ཕོ་སྐད་སྦོམ་པོ་ཡིན་ཞིང་། མིང་ལ་གསེར་གཤང་སེར་པོ་ཞེས་བྱ་བ་དང་། ལི་དང་དངུལ་བསྲེས་པས་མོ་སྐད་ཕྲ་བུ་ཡོང་ཞིང་། མིང་ལ་དངུལ་དཀར་གཤང་ཆུང་ཞེས་པ་སོགས་རྒྱུ་ཡི་ཁྱད་པར་རོ། །24 《གཤང་རབ་ཉུང་འདུས་རེས་ཅིག》ལྟར་ན། རྒྱུ་ནི་དྲི་མེད་ལི་དཀར་ལ། །རིན་ཆེན་གསེར་དངུལ་མདངས་ངར་བསྲེས། །གསེར་ལ་གྲུབ་པའི་གསེར་གཤང་དང་། །དངུལ་ལ་གྲུབ་པའི་དངུལ་གཤང་དང་། །25 ཞེས་པའི་གོང་འོག་གཉིས་ཀྱི་དགོངས་དོན་གཅིག་མཚུངས་སོ། ། ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། དེ་ཡང་རྒྱུ་ནི་གཤང་རབས་ལས། །རིན་ཆེན་དང་མ་གསེར་དང་དངུལ། །ལི་དང་བསྲེས་པའི་སིལ་སྙན་སྒྲ། །ཞེས་པ་ལི་དང་གསེར་བསྲེས་པའི། །སྐད་ནི་སྦོམ་ལ་ཕོ་སྐད་འབྱུང༌། །གསེར་གཤང་སེར་པོ་ཞེས་བྱ་ལ། །ལི་དངུལ་བསྲེས་པ་མོ་སྐད་འབྱུང༌། །དངུལ་དཀར་གཤང་ཆུང་དེ་ལ་ཟེར། ། ཞེས་སོགས་ལས་བསྟན་པའི་གཤང་གི་རྒྱུ་གཙོ་བོ་ནི་ལི་ཡིན་ལ། ལི་དང་གསེར་བསྲེས་པ་ལས་བྱུང་བའི་གཤང་ལ་གསེར་གཤང་སེར་པོ་དང་། དངུལ་བསྲེས་པ་ལས་བྱུང་བའི་གཤང་ལ་དངུལ་དཀར་གཤང་ཆུང་། ལྕགས་བསྲེས་པ་ལས་བྱུང་བའི་གཤང་ལ་ལྕགས་གཤང་ནག་པོ། ཟངས་བསྲེས་པ་ལས་བྱུང་བའི་གཤང་ལ་ཟངས་གཤང་དམར་པོ། ཟངས་སེར་རག་བསྲེས་པ་ལས་བྱུང་བའི་གཤང་ལ་རག་གཤང་སེར་ནག །ལི་རྐྱང་པ་ལས་བྱུང་བའི་གཤང་ལ་ལི་གཤང་སྨུག་ནག་ཟེར་བ་དང་། ལི་དང་དུང་བསྲེས་པ་ལས་བྱུང་བའི་གཤང་ལ་དུང་གཤང་དཀར་པོ། ལི་དང་གཡུ་བསྲེས་པ་ལས་བྱུང་བའི་གཤང་ལ་གཡུ་གཤང་ལྗང་ལོ། དེ་བཞིན་རིན་པོ་ཆེ་གཞན་པ་བསྲེས་པ་ལས་བྱུང་བའི་གཤང་གི་རྒྱུ་དང་ཁ་དོག་ལ་བརྟགས་ཏེ་མཚན་གསོལ་བ་སོགས་ཤེས་ན་ལེགས་སོ། །

གཤང་གི་ཆག་ཚད་བསྟན་པ།

  གསང་སྔགས་རྫས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན་ལྟར་ན། ལུང་ལས། ཁྱད་འཕགས་སྒྲ་སྙན་ཕོ་ལོང་ཞེས་བྱ་བ། །སྟོང་པའི་རང་བཞིན་རྣམ་པ་ཀུན་ཏུ་ཟླུམ། །ཆེ་ཆུང་ཅི་བྱེད་ཕོ་བྲང་ཕྱེད་ཀྱི་ཆ། །གཉིས་གཉིས་སྤེལ་ཞིང་སྐུ་གསུམ་འགྲོ་དོན་བརྡ། །ཞེས་གསུངས་པས། སྒྲ་སྙན་ཐམས་ཅད་ཀྱི་ནང་ནས་ཁྱད་པར་འཕགས་པའི་གཤང་ངམ་སིལ་སྙན་ཁྲི་ལོ་ཕོ་ལོང་སོགས་མིང་གི་བྱེ་བྲག་ཡིན་ཏེ། དེ་དག་ཆེ་ཆུང་ཅི་ལྟར་བྱེད་ཀྱང་ཕོ་བྲང་གི་ཕྱི་ཡི་ཕྱེད་ཆ་གཤང་ཁུང་ཚུན་ཆན་དེ་འདྲ་བ་གཉིས་གཉིས་སུ་ཡོད་པར་སྤེལ་དགོས་ཤིང་། ཕོ་བྲང་གི་ཕྱི་རིམ་དུ་མུ་ཁྱུད་ཟླུམ་པོ་ཕྱི་ནང་བར་གསུམ་དུ་བསྐོར་བ་ནི། བོན་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་འགྲོ་དོན་གོང་འཕེལ་དུ་འགྲོ་བའི་བརྡ་ཡིན་ལ། རྒྱན་གྱི་བཀོད་ལུགས་ཀྱང་ཕོ་བྲང་གི་ནང་དུ་འཁོར་ལོ་ལྔ་ལ་རིགས་ལྔའི་ས་བོན་ཨ་ཨཱོྃ་ཧཱུྃ་རཾ་ཛཿ ལྔ་བཀོད། མུ་ཁྱུད་བར་མ་ལ་པདྨ་འདབ་བརྒྱད་ཀྱི་ནང་དུ་བཀྲ་ཤིས་རྟགས་བརྒྱད་བཀོད་པར་བྱའོ། །ཕོ་བྲང་གི་དཀྱིལ་དུ་འཁོར་བའི་སྐྱོན་དང་བྲལ་བའི་པད་སྡོང་གི་སྟེང་དུ་བརྩེ་བ་ཆེན་པོའི་ཨ་ལུང་ལ་ཐུགས་རྗེ་ཆེན་པོའི་ཉག་ཐག་དང་འགྲོ་ལ་བོན་སྒོ་སྟོན་པའི་གཤང་ལྕེ་པདྨའི་ཁ་འབུས་པ་དང་། དུས་གསུམ་མི་ནུབ་བོན་གྱི་འཕན་དར་གྱིས་བརྒྱན་པར་བྱའོ། །26 ཞེས་དང་། ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། ལུང་ལས་སྒྲ་སྙན་ཕོ་ལོང་ཞེས། །སྟོང་པའི་རང་བཞིན་རྣམ་པ་ཟླུམ། །ཆེ་ཆུང་ཅི་བྱེད་ཕོ་བྲང་གི། །ཆ་ཕྱེད་གཉིས་གཉིས་སྤེལ་ཞེས་གསུངས། །27 ཞེས་གསུངས་སོ། །

གཤང་གི་དབྱེ་བ་བསྟན་པ།

  སྤྱིར་གཤང་ལ་དབྱེ་ན། རྔ་གཤང་ཨུན་སྦུག་གླིང་རབས་ལས། དེ་ཡང་སྐུ་ཡི་ཕྱག་ཆས་གཤང་ལ་རིགས་གསུམ་ཞེས་པའི་སྐབས་ནས་གཤང་ཆུང་བ་སིལ་སྙན་དང་། གཤང་འབྲིང་བ་ལ་ཁྲི་ལོ་དང་། གཤང་ཆེ་བ་ལ་གླང་རེའམ་གཤང་ཆེན་དང་གསུམ་དུ་དབྱེ་བར་བསྟན་ཡོད། །28 དྲི་མེད་གཟི་བརྗིད་ལས། ལྷའི་གསེར་གྱི་གཤང་ཆུང་ཞེས་པའི་སྐབས་ནས་གཤང་ལ་གཤང་ཆུང་དང་གཤང་ཆེན་གཉིས་སུ་ཡོད་པ་ཤུགས་ཀྱིས་བསྟན་པ་ལས་དྲི་མེད་གཟི་བརྗིད་ནང་དུ་གཤང་ཆེན་ཞེས་པའི་ཚིག་དངོས་སུ་ཐོན་མེད། འོན་ཀྱང་བོན་གཞུང་རྣམས་སུ། ཕྱག་གཡས་གསེར་གྱི་གཤང་ཆུང་སྒྲོག ། ཅེས་དང་། གཡས་པས་གླང་རེ་གཤང་ཆེན་བསྣམས། ཞེས་སོགས་སྐབས་ནས་བོན་གྱི་རོལ་མོ་གཤང་ལ་གཤང་ཆེན་དང་གཤང་ཆུང་གཉིས་སུ་དབྱེ་རུ་ཡོད་པ་ཤེས་སླའོ། ། གཡུང་དྲུང་ལས་དག་ལས། དེ་བཞིན་འཁོར་ལོ་དུང་གཤང་སྒྲ་བསྒྲགས་པས། །ལོག་བྱེད་བར་ཆོད་ཐལ་བ་རྡུལ་དུ་རློགས། ། ཞེས་པའི་དུང་གཤང་ཡོད་པར་བསྟན། དེ་ལས་གཞན་པའི་བོན་གཞུང་གསེར་ལོ་ལྗོན་ཤིང་བདུད་རྩི་འཁྱིལ་བའི་རྒྱུད་ལས། གཡས་པས་བྱུ་རུའི་རྔ་གཤང་འཁྲོལ། ཞེས་བྱུ་རུའི་གཤང་དང་། གཡུ་ཡི་གཤང་སོགས་རིགས་མི་འདྲ་དུ་མ་ཡོད་དོ། །སངས་རྒྱས་ཀྱི་མཚན་དཔེ་བསྟན་པའི་སྐབས་སུ། པུས་མོ་དངུལ་གྱི་གཤང་ཆུང་སྦུབས་འདྲའི་མཚན། ཞེས་པའི་སྐབས་ནས་དབྱེ་བའི་གཞི་བསྟན་ཡོད། ཕྱིས་སུ་བཟོ་མཁན་མང་པོས་ཟངས་ལ་གྲུབ་པའི་ཟངས་གཤང་དང་། རག་ལ་གྲུབ་པའི་རག་གཤང་། ལྕགས་ལ་གྲུབ་པའི་ལྕགས་གཤང་ལ་སོགས་པའི་རིགས་མང་པོ་ཡོད་པ་ནི་ཤེས་སླའོ། །གཞན་དུ་གཤང་ལ་རྒྱ་ནག་ནས་དར་བ་དེ་ལ་རྒྱ་སིལ་གཤང་ཆུང་དང་རྒྱ་སིལ་གཤང་ཆེན་ཏེ་རིགས་གཉིས་ཡོད་པ་ཤེས་སླ། ཁྲོ་སྐྱབས་རབ་བརྟན་ནམ་མཁའ་རྒྱལ་པོའི་སྐུ་རིང་ལའང་གཤང་དང་སིལ་སྙན་མང་པོ་བཟོས་པ་ལ་གཤང་རབ་བརྟན་མ་དང་སིལ་སྙན་རབ་བརྟན་མ་ཞེས་སུ་གྲགས་སོ། ། དེ་བཞིན་གོང་དུ་གཤང་གི་རྒྱུ་མི་འདྲ་བ་ལས་བྱུང་བའི་གཤང་ལ་རིགས་ཀྱི་སྒོ་ནས་དབྱེ་ན། གསེར་གཤང་། དངུལ་གཤང་། ལྕགས་གཤང་། ཟངས་གཤང་། རག་གཤང་། ལི་གཤང་སོགས་མང་ངོ་། ། གཞན་གཤང་ལ་རྒྱུན་སྤྱོད་ཀྱི་སྒོ་ནས་དབྱེ་ན་གསུམ་སྟེ། གསེར་གཤང་སེར་པོ། དངུལ་དཀར་གཤང་ཆུང་། སྒྲ་སྙན་ཕོ་ལོང་དང་གསུམ། གསེར་གཤང་སེར་པོ་དང་། དངུལ་དཀར་གཤང་ཆུང་དེ་གཉིས་ལ་རིགས་ལྔའི་ས་བོན་སོགས་མེད་པའི་གཤང་གི་རིགས་སོ། །སྒྲ་སྙན་ཕོ་ལོང་ནི་གཤང་ནང་ཕྱི་རིམ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་ཞིང་རིགས་ལྔའི་ས་བོན་འབྲུ་ལྔ་བཀོད་པ་དང་། ནང་དུ་བཀྲ་ཤིས་རྟགས་བརྒྱད་ཡོད་པའི་གཤང་ཞིག་གོ །


པར་རིས་ནི་དགེན་འཇམ་དབྱངས་བརྩོན་འགྲུས་ཀྱིས་མཁོ་སྤྲད་གནང་།

གཤང་བཟོ་སྟངས་སྐོར་བསྟན་པ།

  གཤང་གི་དབྱིབས་ནི་ལྷ་རྫས་མཆོག་གྱུར་པའི་ཆུ་སྐྱེས་ཨུཏྤལ་མེ་ཏོག་གི་དབྱིབས་དང་འདྲ་བ་ཀོར་ཀོར། གཤང་ཆེ་ཆུང་གི་ཚད་ནི་མུ་ཁྱུད་མཐོ་གང་ནས་གྲུ་གང་གི་བར་ཆེ་ཆུང་རོལ་མོའི་སྒྲ་དང་སྦྱར་བར་བྱ། སྤྱིར་ན་གཤང་ལ་གྲུ་གང་ལས་ཆེ་བ་དང་མཐོ་གང་ལས་ཆུང་བ་སོགས་ཀྱང་ཡོད། དེ་ལྟར་གཤང་ཆེ་ཆུང་རིགས་མི་འདྲ་བ་དུ་མ་ཡོད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་གསུང་དབྱངས་དྲུག་ཅུའི་སྒྲ་དང་ལྡན་པའི་ཆེད་དུ་རིན་པོ་ཆེ་བསྲེས་ཏེ་སྒྲ་སྙན་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ། །གཤང་ལ་ཞི་རྒྱས་དབང་དྲག་སོགས་ཀྱི་ཡོན་ཏན་ཡོད་པ་ནི། ཞི་བའི་ངང་ལ་གྲུབ་པའི་ཕྱིར་དུ་ཨུཏྤལ་མེ་ཏོག་གི་དབྱིབས་དང་ལྡན་པ་དང་། རྒྱས་པའི་ངང་ལ་གྲུབ་པའི་ཕྱིར་འཁོར་ལོ་ལྟ་བུའི་རྩིབས་དང་ལྡན་པ་དང་། དབང་གི་ངང་ལ་གྲུབ་པའི་ཕྱིར་ནོར་བུ་ལྟ་བུའི་འོད་དང་ལྡན་པ་དང་། དྲག་པོའི་ངང་ལ་གྲུབ་པའི་ཕྱིར་ཤིང་ཆེན་ཙན་དན་ལྕེ་ཡང་བཏགས་པ་དང་། མངོན་སྤྱོད་ལྷུན་གྱིས་གྲུབ་པའི་ཕྱིར་དུ་ལྟ་བ་རིན་ཆེན་ཟེ་འབྲུ་བཀོད་པ་དང་། ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྱིར་སྣ་ཚོགས་དར་དཀར་ལུང་ཐག་བྱས་པ་དང་། སྒོ་བཞི་མཛོད་ལྔའི་བོན་འཆད་པའི་ཕྱིར་དུ་རིན་ཆེན་སྣ་ལྔའི་ཟར་ཚག་གིས་བརྒྱན་པ་དང་། ཚད་མེད་ཐུགས་རྗེ་བཞི་ཡིས་འགྲོ་བ་འདྲེན་པའི་ཕྱིར་དུ་སྣ་ཚོགས་དར་གྱིས་འཕན་དར་བརྒྱན་པ་སོགས་དགོས་པ་ཡོད་ཚུལ་བསྟན་ཏོ། །29









གཤང་གི་བརྒྱུད་རིམ་བསྟན་པ།

  གནའ་ཡིག《གཤང་རབས་དུན་རྩེ་(ཙེ)ཟིལ་གནོན》ཞེས་པ་ལས། ཐོག་མ་སྔོན་ཚེ་སྟོན་པ་གཤེན་རབ་མི་བོས་གཤང་ཆེན་ལན་གསུམ་དཀྲོལ། བདུད་སྲིན་ལོག་ལྟ་ཅན་ཚོགས་འདུལ་ཞིང་ཕྱྭ་གཡང་མི་ཉམས་པར་བྱས། དེ་ནས་མ་ཅིག་སྲིད་པ་རྒྱལ་མོས་ལྷ་དབང་ཟིལ་ཆེན་གྱི་གཤང་ལན་གསུམ་བཀྲོལ་བས་དམ་ཉམས་རུ་ཏྲ་ཟིལ་གྱིས་གནོན་ཅིང་ཕྱྭ་གཡང་མི་ཉམས་པར་བྱས། དེ་བཞིན་དུ་ལྷ་མོ་ཐུགས་རྗེ་བྱམས་མ། གསང་བ་འདུས་པ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་གཤང་ཆེན་བཀྲོལ་བས་དུན་ཙེ་དགྲ་བགེགས་བདུད་སྲིན་ལོག་ལྟ་ཅན་ཚོགས་འདུལ་བ་དང་། ཕྱྭ་གཡང་ཚེ་དཔལ་སོགས་མི་ཉམས་འཕེལ་བར་བྱས་པའི་ལོ་རྒྱུས་ཀྱང་ཡོད།30 སྤྱིར་གོང་དུ་བསྟན་པའི་གཤང་དེ་དག་ལ་དཔེ་བླང་ནས་རིན་ཆེན་བཀྲ་ཤིས་ལི་དཀར་ལ། རིག་ཅན་བཟོ་བོ་རྣམས་ཀྱིས་དབྱིབས་གཟུགས་མི་འདྲ་བ་དུ་མ་བཟོས་ནས་སྟོང་གསུམ་འཇིག་རྟེན་ཀུན་དུ་དར་རོ། །31 ལྷག་པར་དུ་སྔོན་བྱོན་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་གཤང་ཁྲི་ལོ་གནམ་གྲགས་ཅན་སོགས་ཀྱི་རྒྱལ་སྲས་གཡུང་དྲུང་སེམས་དཔའ་རྣམས་དང་མཁས་གྲུབ་གོང་མ་གཏེར་སྟོན་བརྒྱ་རྩ་བརྒྱད། གྲུབ་ཆེན་བརྒྱད་ཅུ། སྨན་རི་མཁན་རབས་སོ་གསུམ་སོགས་ཀྱིས་ཕྱག་ཏུ་བསྣམས་ཤིང་བེད་སྤྱོད་བཏང་སྟེ་སྟག་གཟིག །ཞང་ཞུང་། རྒྱ་གར། རྒྱ་ནག ། ཕྲོམ། གེ་སར། བོད་ལ་སོགས་ཡུལ་གྲུ་མང་པོ་ལ་དར་རོ། །ལྷག་པར་དུ་ཡུན་ནན་འཇང་གི་ཡུལ་དུ་ཡོད་པའི་ནཱ་ཞི་མི་རིགས་ཀྱི་གྲོང་ཆོག་པ་དང་སྟོན་པ་ཆོས་ལུགས་པ(东巴教)དག་གིས་བེད་སྤྱོད་བྱེད་པ་དང་། རྒྱལ་རོང་སོགས་ཡུལ་གྲུ་མང་པོ་ལ་ཤོན་འཁྲབ་པའམ་བྲོ་འཁྲབ་བའི་ཚེ་བེད་སྤྱོད་བྱེད་པ་དང་། ལྷ་ས་སོགས་རེབ་པ(热巴)དང་ཤར་པ་མི་རིགས་གོ་འཁྲབ་སྐབས་ཀྱང་གཤང་ཆེན་དེ་བེད་སྤྱོད་གཏོང་བཞིན་མི་རིགས་མང་པོ་ཞིག་གིས་བེད་སྤྱོད་བཏང་བཞིན་ནོ། །



ལྷ་སའི་རེབ་པ་དང་ཤར་པའི་མི་རིགས་ཀྱི་འཆམ་རྒྱག་སྐབས།

གཤང་གི་བརྡ་རྟགས་བསྟན་པ།

  《གཤང་རབས་དུན་རྩེ་ཟིལ་གནོན》ཞེས་པའི་གཞུང་ལྟར་ན། གཤང་ཆེན་ཡོན་ཏན་འདི་ལྟར་ཆེ། །གཤང་ཞལ་ཡར་ལ་གཟིགས་པ་ནི། །བོན་གཤེན་ཁ་ལོ་གྱེན་དུ་བསྒྱུར། །32 ཞེས་དང་། རྔ་གཤང་ཨུན་སྦུག་གླིང་རབས་ལྟར་ན། སིལ་སྙན། ཁྲོ་ལོ། གཤང་གསུམ་ཁ་གྱེན་དུ་བསླངས་པ་ནི་ཞིང་ཁམས་མི་འདྲ་བ་གསུམ་གྱི་བརྡ་རྟགས་དང་། མུ་ཁྱུད་གསུམ་ཡོད་པ་ནི་སྟོང་གསུམ་གྱི་བརྡ་རྟགས་ཞེས་གོང་དུ་བསྟན་ཟིན་ཏོ། །དེ་གསུམ་གྱི་རྒྱུ་ལི་དཀར་སོགས་ནི་ཡོད་ཁམས་དཀར་པོའི་ཆགས་ཚུལ་གྱི་བརྡ་རྟགས་དང་། མེ་ཏོག་གི་དབྱིབས་ནི་འོག་མིན་ལྷ་གནས་ཀྱི་ཆགས་ཚུལ་གྱི་བརྡ་རྟགས། མུ་ཁྱུད་རིམ་པ་གསུམ་བསྐོར་བ་ནི་སྟོང་གསུམ་གྱི་འཇིག་རྟེན་ཆགས་ཚུལ་གྱི་བརྡ་རྟགས། རིན་པོ་ཆེ་གསུམ་མམ་བཞིའི་ཁྲི་མཁར་བཙུགས་པ་ནི་རི་རྒྱལ་ལྷུན་པོའི་ཆགས་ཚུལ་གྱི་བརྡ་རྟགས། དེའི་སྟེང་དངུལ་དཀར་མེ་ཏོག་ནི་ལྷ་ཡི་ཁང་བཟང༌ཆགས་ཚུལ་གྱི་བརྡ་རྟགས། ཁྲི་ཐག་གླ་མགྲིན་བྱས་པ་ནི་འགྲོ་དྲུག་བླ་ནས་བླ་ནས་སམ་གོང་ནས་གོང་དུ་འདྲེན་པའི་བརྡ་རྟགས། དེ་ལ་ཨ་ལུང་བཏབ་པ་ནི་དད་པའི་ཨ་ལུང་གི་བརྡ་རྟགས། དར་སྐུད་ལྕེ་ཐག་བྱས་པ་ནི་ཐུགས་རྗེའི་ཉག་ཐག་ཚུལ་གྱི་བརྡ་རྟགས། རིན་ཆེན་སྣ་ཚོགས་བརྒྱན་པ་ནི་ས་བཅུ་ལམ་ལྔར་བགྲོད་ཚུལ་བསྟན་པའི་བརྡ་རྟགས། གཙུག་སྐྱེས་རྭ་ཡི་གཤང་ལྕེ་ནི་རིག་པ་བོན་སྐུར་ཐིམ་པའི་བརྡ་རྟགས། ནང་དུ་ཨ་ཨཱོྃ་ཧཱུྃ་རྃ་ཛ་བཅས་རིགས་ལྔའི་ས་བོན་བཀོད་པ་ནི་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་བརྡ་རྟགས། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀྲ་བ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀུན་བདེ་སྐྱིད་ལྡན་པའི་བརྡ་རྟགས། གཤང་དང་སིལ་སྙན་སོགས་ཀྱི་ཕྱི་རུ་ཉི་ཟེར་བཀྲ་བ་ནི་འཁོར་བའི་མུན་པ་སེལ་བའི་བརྡ་རྟགས། དབུས་སུ་བུག་པ་ཡོད་པ་ནི་འགྲོ་ཀུན་རྩ་དབུས་མཐིང་ནས་བདེ་བ་ཆེན་པོའི་གནས་སུ་འདྲེན་པའི་བརྡ་རྟགས། གཤང་གི་འཆང་གཟུང་ཕྱི་ནང་དཀར་ཕྱེས་པ་ནི་འགྲོ་ཀུན་དགེ་ལ་འཇུག་པའི་ཚུལ་བསྟན་པའི་བརྡ་རྟགས། ཕྱི་གཡོག་ཀོ་བས་བྱེད་པ་ནི་ཕྱི་པ་མུ་སྟེགས་པ་ཐམས་ཅད་ནང་པའི་དགེ་སྤྱོད་ཚུལ་ལ་འཇུག་པའི་བརྡ་རྟགས། གཤང་འཕན་དར་ལྕེ་བྱེད་པ་ནི་འགྲོ་བ་ཀུན་ལ་ཕན་པའི་རྒྱལ་བའི་བསྟན་པ་དར་བའི་བརྡ་རྟགས། གཤང་འཕན་ལ་བྱུ་རུ་སོགས་རིན་པོ་ཆེས་བརྒྱན་པ་ནི་སེམས་ཅན་གྱི་འདོད་དགུ་ཐམས་ཅད་འཕེལ་བ་འགྱུར་བའི་བརྡ་རྟགས། འཕན་རྩེ་ལ་མུ་ཏིག་སོགས་བརྒྱན་པ་ནི་མུ་སྟེགས་པ་འདུལ་ཞིང་བོན་བསྟན་རྗེས་སུ་འཇུག་པའི་བརྡ་རྟགས་བཅས་བརྡ་རྟགས་ཉེར་གཅིག་བསྟན་ཡོད་དོ། །33 དེ་དང་མཐུན་པ་ནི། ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། ཕོ་བྲང་ཕྱི་རིམ་མུ་ཁྱུད་ནི། །རིམ་པ་གསུམ་དུ་བསྐོར་བར་བྱ། །སྐུ་གསུམ་འགྲོ་བའི་དོན་མཛད་བརྡ། །ཕོ་བྲང་ནང་གི་འཁོར་ལོ་ལྔར། །རིགས་ལྔས་ས་བོན་འབྲུ་ལྔ་བཀོད། །རྒྱལ་བ་རྒྱ་མཚོ་འདུས་པའི་བརྡ། །མུ་ཁྱུད་བར་མར་འདབ་བརྒྱད་ཀྱི། །ནང་དུ་བཀྲ་ཤིས་རྟགས་བརྒྱད་བཀོད། །ཕྱོགས་རྣམས་ཀུན་ལས་རྒྱལ་བའི་བརྡ། །པད་སྡོང་སྦུ་གུ་དོད་པ་དེ། །བློ་ཕུག་བོན་ལ་གཏད་པའི་བརྡ། །དེ་ལ་འོད་འདུ་ཡོད་པ་དེ། །བོན་ཕུགས་སེམས་སུ་འདུས་པའི་བརྡ། །དཀྱིལ་དུ་གསང་ཁུང་ཡོད་པ་དེ། །གཤིས་ལུགས་གསལ་སྟོང་ཡིན་པའི་བརྡ། །ལྟེ་བར་སྐྱོན་བྲལ་པད་སྡོང་རྩེར། །བརྩེ་བ་ཆེན་པོའི་ཨ་ལོང་ལས། །ཐུགས་རྗེའི་ཉག་ཐག་སྐྱོང་བའི་རྒྱུད། །ཁྲི་ཐག་གླ་མགྲིན་བྱས་པ་ནི། །འགྲོ་དྲུག་བླ་རུ་འདྲེན་པའི་བརྡ། །རིན་ཆེན་སྣ་ཚོགས་བརྒྱན་པ་ནི། །ས་བཅུའི་ལམ་ལྔར་བགྲོད་ཚུལ་ཡིན། །གཤང་ལྕེ་པད་མ་ཁ་འབུས་ནི། །བརྒྱད་ཁྲི་བོན་གྱི་སྒོ་ཀུན་ནས། །རིས་མེད་ཡོངས་ལ་སྟོན་པའི་བརྡ། །གཙུག་སྐྱེས་རྭ་ལས་བྱས་པ་ནི། །རིག་པ་བོན་སྐུར་ཐིམ་པར་གྱུར། །འཕན་དར་བརྒྱན་པས་དུས་གསུམ་དུ། །མི་ནུབ་བོན་གྱི་རྒྱལ་མཚན་ཆེ། །ཉོན་མོངས་བདུད་ལས་རྒྱལ་བའི་བརྡ། །34 ཞེས་གསུངས་སོ། །

གཤང་གི་དཀྲོལ་ཚུལ་བསྟན་པ།

  གཤང་གི་དཀྲོལ་ཚུལ་ནི། གཤང་རབས་ལས། དང་པོ་ཡར་ལ་བཀྱག་ཙམ་ན། །མེ་ཏོག་པདྨ་རྒྱས་པ་འདྲ། །སྒྲུབ་གཤེན་ཕྱག་ཏུ་བསྣམས་ཙམ་ན། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ཞེས་གསུངས་པས། ཁྲི་ལོ་གཤང་སིལ་སྙན་སོགས་གཅིག་པུར་དཀྲོལ་བའི་དུས། ཕྱག་གཡས་ཀྱིས་དཀྲོལ་བར་བཤད། རྔ་དང་དྷ་(ཌ)རུ་ཡི་གྲོགས་སུ་འོས་ཚེ་གཡོན་དུ་བཟུང་ནས་དཀྲོལ་བ་ཡིན་ཏེ། ལུང་ལས། ཁྲི་ལོ་གནམ་གྲགས་སིལ་སྙན་འདི། །ཕར་དཀྲོལ་རྐྱེན་དང་བར་ཆད་བཟློག ། །ཚུར་དཀྲོལ་བདག་འཁོར་ཡོན་བདག་སྲུང་། །གསེར་གྱི་གཤང་ཆེན་ཤ་ལ་ལ། །དངུལ་གྱི་གཤང་ཆུང་སི་ལི་ལི། །ལི་མཁར་སྒྲ་སྙན་ཁྲོ་ལོ་ལོ། །35 ཞེས་པ་དང་མཐུན་པ་ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ་ལས། གཤང་གི་དཀྲོལ་ཚུལ་གཤང་རབས་ལས། །དང་པོ་ཡར་ལ་བཀྱགས་ཙམ་ན། །མེ་ཏོག་པད་མ་རྒྱས་པ་འདྲ། །སྒྲུབ་གཤེན་ཕྱག་ཏུ་བསྣམས་ཙམ་ན། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ཕོ་ལོང་གཅིག་པུར་དཀྲོལ་བའི་དུས། །གཡས་ཀྱིས་དཀྲོལ་ལ་རྔའི་གྲོགས་དུས། །གཡོན་དུ་བཟུང་ནས་དཀྲོལ་བར་བྱ། །ཕར་དཀྲོལ་རྐྱེན་ངན་གང་ཡང་བཟློག །ཚུར་དཀྲོལ་ཡོན་མཆོད་འཁོར་བཅས་བསྲུང༌། །36 ཞེས་གཤང་ཅི་ལྟར་དཀྲོལ་བའི་ཚུལ་མདོ་ཙམ་བཤད་ཟིན་ཏོ། །

གཤང་བཀྲོལ་བའི་དགོས་པ་བསྟན་པ།

  སྤྱིར་གཤང་བཀྲོལ་བའི་དགོས་པ་ནི། གཤང་ལྕེ་ཕར་གཡུག་ཙམ་ན་ནད་གདོན་དགྲ་བགེགས་ཐམས་ཅད་ཐལ་བ་བཞིན་དུ་བརླག་པར་འགྱུར། གཤང་ལྕེ་ཚུར་ལ་གཡུག་ཙམ་ན་ཡོན་བདག་དང་མཆོད་གནས་བླ་མ་ཡི་དམ་མཁའ་འགྲོ་སྲུང་མ་བཅས་ལྷ་ཚོགས་རྣམས་ཀྱི་ངོ་སོ་མཐོ། ཚོམ་ཚོམ་དྲག་ཏུ་ཕབས་ཙམ་ན་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དབང་དུ་སྡུད་པ་དང་། གཤང་སྐད་དབྱངས་སྙན་སྒྲོག་ཙམ་ན། །སྲིད་ཞུའི་མགྲོན་རྣམས་མཉེས་པར་གྱུར། །ཡོན་ཏན་མགྲོན་རྣམས་ཐུགས་དམ་བསྐང་། །ལན་ཆགས་མགྲོན་རྣམས་གདུག་རྩུབ་ཞི། །སྙིང་རྗེ་མགྲོན་རྣམས་འདོད་པས་ཚིམ། །ཞི་རྒྱས་དབང་དྲག་བཞིའི་ཕྲིན་ལས་ཐམས་ཅད་འགྲུབ་ཅིང་། བོན་སྐྱོང་སྲུང་མའི་མཐུ་རྩལ་བསྐྱེད། འཇིག་རྟེན་དཔལ་མགོན་བཀའ་ལ་ཉན། རིགས་དྲུག་སེམས་ཅན་ཐར་པར་འདྲེན་ཞིང༌། མི་མཐུན་སེལ་ལ་ཚེ་བསོད་དབང་ཐང་རླུང་རྟ་རྒྱས་པ་དང་། མི་མཐུན་རྐྱེན་ངན་ཐམས་ཅད་བཟློག་ཅིང་བསམ་དོན་མ་ལུས་འགྲུབ་པ་སོགས་ཀྱི་དགོས་པ་ཡོད་ཚུལ་གསུངས་སོ། །37 ཡང་《གཤང་རབས་དུན་རྩེ(ཙེ)ཟིལ་གནོན》ལྟར་ན། གཤང་ཆེན་དཀྲོལ་བའི་དུས་ལ་བབ། །གཡས་སུ་བཀྲོལ་བས་ཕོ་གདོན་འདུལ། །གཡོན་དུ་བཀྲོལ་བས་མོ་གདོན་འདུལ། །ཐད་དུ་བཀྲོལ་བས་ཆུང་གདོན་འདུལ། །རྔ་དང་མཉམ་བཀྲོལ་འདྲེ་སྲིན་འདུལ། །གཉིས་བརྡུང་བྱས་པས་དམ་སྲི་འདུལ། །སུམ་བརྡུང་བྱས་པས་གདོན་བགེགས་འདུལ། །གཤང་ལ་གཤང་ལྕེ་བཏགས་པ་འདི། །དིག་ལྐུགས་མྱ་ངན་སངས་པའི་བརྡ། །གཤང་ལ་དར་འཕན་སྦྱར་བ་ཡི། །ལྷུབ་ལྷུབ་དགོས་འདོད་ཕུན་སུམ་ཚོགས། །གཤང་ཆེན་བཀྲོལ་བ་དེ་ལྟར་རོ། །གཤང་ཆེན་ཡོན་ཏན་དེ་ལྟར་ཆེ། །གཤང་ཆེན་དཀྲོལ་བའི་བྱིན་རླབས་ཀྱིས། །བགེགས་རྣམས་མ་ལུས་འདུལ་དུ་གསོལ། །ནད་དང་གནོད་པ་རྐྱེན་འགལ་བཟློག །བར་ཆོད་གློ་བུར་དལ་ཡམ་བཟློག །མི་མཐུན་ཕྱོགས་རྣམས་དགྲ་ལ་བསྒྱུར། །བསྟན་པ་གཉན་པོ་སྲུང་དུ་གསོལ། །38 ཞེས་གསུངས་སོ། །རྔ་དར་གཤང་གསུམ་གྱི་བསྐང་བ་ལྟར་ན། གཤང་ནི་གཤེན་རབ་རྣམས་ཀྱི་ཕྱག་ཆ་ཡིན་པ་དང་། གཤང་དེ་དཀྲོལ་ན་ལྷ་དང་སྲུང་མ་སྒྲ་བླ་ཅང་སེང་སོགས་རང་བཞིན་གྱིས་འཁོར་བ། ལྷ་སྲུང་དམ་ཅན་བྱོན་ནས་སྡོང་གྲོགས་མཛད་པ་སོགས་བསྟན་ཡོད།39

གཤང་ཁྲི་ལོ་གནམ་གྲགས་ཀྱི་བརྡ་དོན་བསྟན་པ།

  འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་ལྟར་ན། ཁྲོལ(ཁྲོ)ལོ་གནམ་གྲགས་ལ་རྩེ་ལྔ་དང་རྩེ་བརྒྱད། སྙིང་པོ་འབྲུ་ལྔ་སོགས་ཡོད་པ་ནི་ཅི་ཡི་དོན་ཡིན་དྲི་བ་དང་དེ་ལ་ལན་འདེབས་པའི་ཚུལ་དུ་བཀོད་ཡོད་པའི་མདོ་དོན་བསྡུས་ཏེ་བཀོད་ན། རྩེ་ལྔ་དང་རྩེ་བརྒྱད་ཡོད་པ་ནི་རྒྱུ་སྦྱོར་བ་ཡོན་གྱི་བདག་པོ་ཚོགས་ཆེན་ཡོད་པའི་དོན་དང་དགྲ་བགེགས་བསྒྲལ་པའི་རྟགས། དབང་བསྒྱུར་འཁོར་ལོ་རྒྱན(རྒྱུན)ཐག་ཡོད་པའི་དོན་བསྟན་མེད། རི་མོ་ལྔ་ལ་ཨ་ཨཱོྃ་ཧཱུྃརཾ་ཛ་ཡི་ཡིག་འབྲུ་བཀོད་པ་དེ་ནི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ་དོན་ལྔ་རང་ལ་འདུས་པའི་དོན། མུ་ཁྱུད་ཕྱི་ནང་ལྔ་རུ་བསྐོར་བ་ནི། སྒོ་བཞི་མཛོད་ལྔ་ཡང་གསང་བོན་གྱི་རྟགས། བཀྲ་ཤིས་རྩེ་བརྒྱད་བཀོད་པ་དེ། འདོད་དགུ་ཡིད་བཞིན་ལྷུན་གྱིས་གྲུབ་པའི་རྟགས། ཁ་ཁྱེར་གནམ་དུ་བཀུགས་པ་ནི། བོན་ཉིད་དར་བ་རྒྱ་མཚོ་ཡིན་པའི་རྟགས། སིལ་བཤུག་ཐུར་དུ་རྒྱུས་པ་ནི། དམྱལ་བའི་དུཿ ཁ་ཐུར་དུ་གཅོད་པའི་རྟགས། ཁ་ལོ་གྱེར་དུ་བསྒྱུར་བ་ནི། གཡུང་དྲུང་བོན་བསྟན་རྒྱས་པའི་རྟགས། དར་ཚོན་སྣ་ལྔ་བཏགས་པ་ནི། །དབང་བསྒྱུར་འཁོར་འདབ་རྒྱས་པའི་རྟགས། །40ཞེས་གསལ་བར་བསྟན་ཡོད། དེ་ལས་གཞན་པའི་གཤང་ཁྲི་ལོ་གནམ་གྲགས་བསྐང་བ་ལྟར་ན། དབུས་སུ་དཔའ་བོ་འབྲུ་ལྔ་བཀོད་པ་ནི་དབྱིངས་ཀྱི་རྒྱལ་བ་རིགས་ལྔའི་རྟགས། འཁོར་ལོ་རྩིབས་བཅུ་ཡོད་པ་ནི་ཁྲོ་རྒྱལ་ཡབ་ཡུམ་བཅུའི་རྟགས། ལྟེ་བ་བམ་རིམ་ཟླུམ་པོས་བསྐོར་བ་ནི་བོན་སྐུ་ཀུན་ཏུ་བཟང་པོའི་རྟགས། བར་མ་མུ་ཁྱུད་ཟླུམ་པོས་བསྐོར་བ་ནི་ལོངས་སྤྱོད་རྫོགས་སྐུ་མཚན་ལྡན་གྱི་རྟགས། མཐའ་མ་ཞི་བ་ཟླུམ་པོས་བསྐོར་བ་ནི་སྤྲུལ་སྐུ་འགྲོ་དོན་མཛད་པའི་རྟགས། རིན་ཆེན་ནོར་བདུན་སྣ་ཚོགས་བཀོད་པ་ནི་མགོན་མཛད་ལྷ་སྲུང་འཁོར་བའི་རྟགས། བཀྲ་ཤིས་རྫས་བརྒྱད་པད་འཁོར་བསྐོར་བ་ནི་དུས་གསུམ་བདེ་བར་གཤེགས་པའི་རྟགས། ལྟེ་བ་རིན་ཆེན་སྣ་ལྔ་བརྩེགས་པ་ནི་གསས་ཀྱི་རྒྱལ་པོ་རིགས་ལྔའི་རྟགས། གསེར་དངུལ་ཟངས་ལྕགས་ཕོ་ལོང་བརྒྱན་པ་ནི་དྲག་པོ་མཐུ་སྟོབས་ལྷ་ཚོགས་ཀྱི་རྟགས། ལྗོན་ཤིང་དྭངས་མ་ལྗང་ཀར་ཏོག་བུ་ནི་བསྟན་པའི་བྱ་ར་ལྷ་སྲུང་གི་རྟགས། བདེ་འཇམ་ཡུ་བ་མཛེས་རྒྱན་རྒོད་ལྡན་ལྔ་ནི་བོན་སྐྱོང་སྲུང་མ་རྣམས་ཀྱི་རྟགས། དར་བཟའ་དཀར་སེར་དམར་ལྗང་བརྒྱན་པ་ནི་དབལ་མོ་མ་ཚོགས་རྣམས་ཀྱི་རྟགས། འདོད་རྫས་ལྷབ་ལྷུབ་སྣ་ཚོགས་བརྒྱན་པ་ནི་མ་རྒྱུད་མཁའ་འགྲོ་ལྷ་ཚོགས་ཀྱི་རྟགས། གསེར་དངུལ་སོགས་རིན་ཆེན་སྣ་ཚོགས་བརྒྱན་པ་ནི་དཔོན་གསས་རིག་འཛིན་ལྷ་ཚོགས་རྣམས་ཀྱི་རྟགས་སམ་ཐུགས་དམ་བསྐང་བའི་རྟགས་བཅས་བསྟན་ཡོད།41

གཤང་ཁྲི་ལོ་གནམ་གྲགས་དཀྲོལ་ཚུལ་དགོས་དོན་བསྟན་པ།

  གཤང་ཁྲི་ལོ་གནམ་གྲགས་བསྐང་བ་ལྟར་ན། གཤང་ཁྲི་ལོ་གནམ་གྲགས་ཡར་བཀྱགས་ན་མེ་ཏོག་པད་མ་འདབ་བརྒྱད་དང་འདྲ། ཕྱག་ཏུ་བསྣམས་ནམ་མཁའ་ལ་ཉི་ཟླ་འཆར་བ་འདྲ། སྐད་སྙན་པོ་ལ་ཡེ་ཤེས་ལྷ་ཚོགས། འོད་ཟེར་གསལ་བ་ལ་རྫུ་འཕྲུལ་ལྷ་ཚོགས། སྒྲ་སྙན་ལ་མཐུ་སྟོབས་ལྷ་ཚོགས་གང་བ་དང་། ཕར་ལ་དཀྲོལ་ན་བགེགས་དང་བར་ཆད་བཟློག །ཚུར་ལ་དཀྲོལ་ན་བདག་དང་འཁོར་བཅས་བསྲུང་། འཕྲེད་དུ་དཀྲོལ་ན་སྒྲུབ་གཤེན་སྐུ་ཚེ་བསྲིང་། གཤང་དེ་མཆོད་ན་རྩ་གསུམ་བོན་སྐྱོང་སྲུང་མས་སྡོང་གྲོགས་མཛད། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །དམ་ཚིག་ཆག་ཉམས་བྱང་ཞིང་དག་པ་དང་། ཚེ་རིང་ནད་མེད་བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་ཀྱི་དགོས་དོན་བསྟན་ཡོད།42

གཤང་དང་འབྲེལ་བའི་ལྷ་དང་བོན་པོ་མི་སྣ་འགའ་བསྟན་པ།

  བོན་པོའི་བཀའ་སྲུང་སྲིད་རྒྱལ་དཀར་མོ་རྣམ་གསུམ་ནང་ཚན། སྲིད་རྒྱལ་དཀར་མོ་གཤང་ཐོགས་ཅན་ནི་བོན་བསྟན་པ་སྐྱོང་བའི་དམ་ཅན་མོ་རྒྱུད་ཀྱི་སྲུང་མ་སྟེ་སྐུ་མདོག་དཀར་པོ་མཁའ་འགྲོའི་ཆས་ཅན་དང་། བོན་གྱི་གཏེར་བདག་ཡུམ་སྲས་སྡེ་ལྔའི་ནང་ཚན། ལྷ་རྒོད་སྙིམ་ཕྲོམ་དཀར་གསལ་གངས་མདོག་སྐུ་ལ་དར་དཀར་ལའུ་གསོལ་བ། ཕྱག་ན་རྔ་གཤང་འཛིན་ཞིང་དཀར་པོ་སྤང་ལེན་ཆིབས་སུ་བཅིབས་པ་དང་། ཞི་ལྷ་བཞི་བཅུ་རྩ་གཉིས་ཀྱི་ནང་ཚན་སྒྲ་སྙན་ཤོལ་མོ་སྐུ་མདོག་དམར་མོ་གཡས་ན་དུང་གི་ཨང་(ཨུན)གྲག་དང་གཡོན་ན་འཕྲུལ་གྱི་རྔ་གཤང་བསྣམས་པ་ཞིག་ཡིན་པ་དང་། དབང་ལྡན་དུས་འཁོར་གྱི་སྒོ་མ་བཞི་ལས་ལྷ་མོ་གླང་རེ་གཤང་ཐོགས་མ།


གྲ་བྱིན་དོན་སྤུངས།                                                       བླ་མ་ཨ་གཡུང་ཚང་གི་གྲུབ་ཆེན་བརྒྱད་ཅུའི་གྲས།

  གྲྭ་བྱིན་དོན་སྤུངས། འདུལ་བ་གཤེན་དྲུག་གི་ནང་ཚན་མི་རྣམས་འདུལ་བའི་གསང་བ་འདུས་པའམ་གྲྭ་བྱིན་དོན་སྤུངས་ནི། སྐུ་མདོག་མཐིང་ག་དབུ་ལ་རིན་ཆེན་གྱི་པྲོག་ཞུ་དང་སྐུ་ལ་མེ་དར་གྱི་སླག་པ་ལ་མེ་རིའི་ཤམ་ཐབས་གསོལ་བ། ཕྱག་གཡས་གསེར་གཤང་གནམ་གྲགས་དང་གཡོན་པས་ཕོ་ལོང་གཡག་སྙིང་བསྣམས་པ་དྲན་རིག་སྙིང་པོ་གསུང་ལ་སྦས་ཏེ་འཕོ་འགྱུར་སྡུག་བསྔལ་བསལ་ཞིང་ཐུགས་རྗེས་མི་རྣམས་འདུལ་བར་མཛད་པའོ། ། དེ་བཞིན་དུ་གྲ་བྱིན་དོན་སྤུངས་ནི་བོན་གྱི་འདུལ་གཤེན་དྲུག་གི་ནང་གསེས་མི་རྣམས་འདྲེན་མཛད་ཐུབ་པ་སྟེ། སྐུ་མདོག་སེར་པོ་གསེར་གྱི་རྔ་གཤང་བསྣམས་པའི་ལྷ་ཞིག་གོ །བོན་གཞུང་མང་པོའི་ནང་དུ་ལྷ་དེ་མཇལ་དུ་ཡོད་ཀྱང་སྐུ་མདོག་ཕྱག་མཚན་མ་ངེས་པ་སྣ་ཚོགས་བསྣམས་པ་ཞིག་གོ །དེ་བཞིན་དུ་ལྷ་ཀླུ་མི་ཡི་གཤེན་གསུམ་གྱི་ནང་ཚན་ཀླུ་བོན་ཡེ་ཤེས་སྙིང་པོ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ། ཕྱག་མཚན་རྔ་གཤང་དང་ཤང་ཤང་པད་མའི་གདན་ལ་བཞུགས་པ་དང་།

ཡེ་གཤེན་གཡུང་དྲུང་སེམས་དཔའ་གཤང་ཁྲི་ལོ་གནམ་གྲགས་ཅན།

  གཤང་ཁྲི་ལོ་གནམ་གྲགས་ཅན་གྱི་ཡབ་ཡུམ་དང་སྐུ་འཁྲུངས་འདས་སོགས་ཀྱི་ལོ་རྒྱུས་མི་གསལ་ཡང་། ཁོང་ནི་སྟོན་པ་གཤེན་རབ་མི་བོ་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་པའི་སྐབས་ནས་ཡོད་པ་མ་ཟད། བར་ལྷ་འོད་གསལ་གྱི་གནས་སུ་གཡུང་དྲུང་ལྷ་རྩེ་གསང་བའི་སྐུ་མཁར་གྱི་ནང་དུ་བྱོན་ནས་བཞུགས་པའི་ཡེ་གཤེན་བཅུ་གསུམ་གྱི་ནང་ཚན་ཞིག་ཡིན། སྟོན་པ་གཤེན་རབ་མི་བོ་གཤེན་ལོ་གཅིག་གི་སྟེང་དུ་ཕྱྭ་གཤེན་ཐེག་པའི་བོན་གསུངས་སྐབས་ཁོང་ཡང་འཁོར་གྱི་ཚུལ་དུ་བཞུགས། སྟོན་པ་གཤེན་རབ་མི་བོས་པེའུ་ཙེ་རྣམ་པ་གསུམ་གྱི་བོན་བསྟན་པའི་མདོ་གསུངས་པའི་སྐབས་སུ་ཡང་རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་ཤར་ཕྱོགས་དགའ་ལྡན་མེ་ཏོག་མཛེས་པའི་གླིང་གི་དབུས་དཀྱིལ། གསས་མཁར་ཤམ་པོ་ལྷ་རྩེའི་གནས་སུ་བྱོན་ནས་འཁོར་གྱི་ཚུལ་དུ་བཞུགས་ཏེ་བོན་ཞུས། ཕྱིས་སུ་གཤེན་ནི་ཁྲི་ལོ་གནམ་གྲགས་ཅན་ཞེས་སུ་གྲགས་པ་ཙམ་ལས་ལོ་རྒྱུས་ཁ་གསལ་མ་མཐོང་། ། ཡེ་གཤེན་གཤང་ཁྲི་ལོ་གནམ་གྲགས་ཅན་སྐུ་མདོག་སྔོ་སྐྱ་གཤང་ཁྲི་ལོ་གནམ་གྲགས་འཛིན་པ་ཞིག་འབྲི་སྲོལ་འདུག །


བོན་པོའི་གནས་བརྟན་བཅུ་དྲུག ཐང་ཁའི་གཡས་ཕྱོགས་སྟེང་གི་གཤེན་དེ་གནས་བརྟན་དྲང་སྲོང་རྒྱལ་བའི་སྐུ་རེད།

  བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་ལས། གནས་བརྟན་སེམས་དཔའ་དྲང་སྲོང་རྒྱལ་བ་ལ། མཚན་གཞན་འཕགས་པ་ཝེར་ཡ་ཟེར། ནུབ་ཕྱོགས་བ་གླང་སྤྱོད་ཅེས་བྱ་བའི་གླིང་ན། རི་བོ་བྱང་ནུབ་རྩིབ་ཅེས་བྱ་བའི་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་རུ་གྱུར་པའི་སེམས་དཔའ་དྲང་སྲོང་རྒྱལ་བ་ནི། སྐུ་ལ་འདུལ་གོས་གསེར་གྱི་མེ་ཏོག་གཡུ་ཡི་པད་ལོ་རིས་སུ་གསོལ། ཞབས་གཉིས་བྱང་ཆུབ་ཆེན་པོར་ས་གནོན་བཞུགས་པ། ཕྱག་གཡས་གསེར་གྱི་གཤང་ཆུང་དཀྲོལ་པ། གཡོན་པ་ནེའུ་ལེའི་རྐྱལ་བ་བསྣམས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་དུ་མས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  གཞན་ཡང་ལྷ་བུ་གསེར་ཡག་ཅེས་པ་ལ་ལྷ་རུ་གསེར་ཡག་ཡང་འབྲི་བར་སྣང་། བོད་ཀྱི་རྒྱལ་པོ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས་ཁོང་གིས་རྒྱལ་པོའི་བཀའ་ལ་གྱེར་བཟློག་མཛད་པས་རྒྱལ་བློན་གྱིས་ཀོ་ཐུམ་བརྒྱབ་ནས་གཙང་པོའི་ཆུར་བསྐྱུར་ཡང་ཡར་ཆབ་གཙང་པོ་གྱེན་དུ་ལོག །ལྷ་བུ་གསེར་ཡག་རྔ་གཤང་ཐོགས་ཏེ་ནམ་མཁའ་ལ་འཕུར་ཏེ་ཡུལ་གཡའ་གང་ཁྱིམ་ཞུར་བྱ་བར་བབས་ནས་དབེན་པའི་རི་ལ་ཏིང་འཛིན་སྒོམ་དུ་གཤེགས་པའི་བོན་གཤེན་ཞིག །དེ་བཞིན་དུ། རྔ་གཤང་ཐོགས་པའི་བོན་བཞི་ཞེས་པའི་སྤེ་ནེ་གུ་དང་། བྷེ་ཤོད་ཀྲམ། ལྷ་བུ་གསེར་ཡག །ཁུ་བོན་ལྷ་འཛིན་བཅས་ཏེ་བོད་ཀྱི་རྒྱལ་པོ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས་ཁོང་གིས་རྒྱལ་པོའི་བཀའ་ལ་གྱེར་བཟློག་མཛད་པས་གཙང་ཆུར་བསྐྱུར་སྐབས་ཁོང་བཞི་རྫུ་འཕྲུལ་མངའ་བརྙེས་པས་ཆུས་འཁྱེར་མ་ནུས། དེར་བོན་པོ་བཞིས་རྔ་གཤང་ཐོགས་ཏེ་ནམ་མཁའ་ལ་འཕུར་བས་རྔ་གཤང་ཐོགས་པའི་བོན་བཞི་ཞེས་གྲགས་སོ། །

  ཨུ་གོ་གཡུང་དྲུང་འབུམ་ནི་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བཞི་ཡས་མས་སུ་བྱོན་པའི་བོན་གྱི་གཏེར་སྟོན་ཞིག །ཁོང་གིས་མདོ་སྨད་མ་རྒྱུད་གནས་རི་མདོ་ཁམས་གནས་ཆེན་མ་ལྔའི་ནང་ཚན་མཁའ་འགྲོ་སྨན་གདོང་མའི་གནས་ཁ་ཤུ་རི་འདེབས་མཁའ་འགྲོ་མ་ཞེས་དེང་ཨ་མདོ་རྔ་བ་ཁུལ་རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཁོངས་སུ་ཡོད་པའི་གནས་མཆོག་ཁ་ཤུ་རི་ནས་གཏེར་དྲངས་པ་བོན་སྡེ་ཁྲོ་བོ་དབང་དྲག །གསང་གཅོད། གསང་བ་འབུམ་ཆེན། ཁམས་ཆེན་བྱ་བྲིས་མ་སོགས་དང་། རྫས་གཏེར་ལ། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་གཤང་ཆེན་རག་ཤུབ་མ་དང་། མཁར་རྔ་དགུ་འཕར་མ། དུང་དཀར་སེན་རྗེས་མ་བཅས་གཏེར་བཞེས་པར་གྲགས་ལ་གཏེར་རྫས་དེ་དག་རྔ་བའི་སྣང་ཞིག་དགོན་དང་རྟོགས་ལྡན་དགོན་ལ་ཡོད་པར་གྲགས་སོ། །


ཡེ་གཤེན་གཤང་ཁྲི་ལོ་གནམ་གྲགས་ཅན།                                      འདོད་ཡོན་ལྷ་མོ་བཅུ་དྲུག་གི་ནང་ཚན་ཌར་སིལ་ཅན། 

  འདོད་ཡོན་ལྷ་མོ་བཅུ་དྲུག་གི་རྒྱན་མཆོད་ལས། རྒྱུན་གྱི་ཐིག་ལེ་མི་འགག་གསལ། །ནན་ཏན་ཡེ་ཤེས་མངོན་པར་གྲོལ་བའི་ཡུམ། །ཐུགས་རྗེས་སྤྲིན་དཔུང་གསེར་མདོག་རབ་འབར་མ། རུས་ཆེན་རྒྱན་དྲུག་དྲིལ་བུ་འཁྲོལ་བས་བརྒྱན། །དངུལ་དཀར་གཤང་དང་སེང་ལྡིང་ཌར་རྔ་དང༌། །ཡེ་ཤེས་དཀྱིལ་འཁོར་རྣམ་དག་རབ་སྒྲོག་པ། །གཏུམ་མ་ཆེན་མོ་བྱེ་བ་ས་ཡ་ཡིས། །ངེས་པའི་མཆོག་ཆེན་ཡེ་ཤེས་མཆོད་པ་འབུལ། །

མཇུག་བསྡུ་བ།

  དེང་སང་དྲ་ཐོག་ཏུ་མི་ལ་ལས། གཤང་ལ་འཁྲུ་ལོར་གྲགས་པ་འདི་སྤྱིར་རྒྱ་གར་སོགས་སུ་ཁུངས་ཅི་འདྲ་ཡོད་པར་མ་ཤེས་ལ་བལ་པོའི་སྤྲང་པོ་རྣམས་ཀྱི་ཐོགས་སྲོལ་ཡོད་པར་འདུག །བོད་དུ་ནི་འཁར་རྔ་དང་འདི་གཉིས་བོན་པོའི་ཕྱག་ཆ་ཉིད་དུ་འདོད་ཀྱང་། གཞན་གྲྭ་ས་འགའ་རེའི་སེར་ཕྲེང་སྐབས་རོལ་མོ་སྣ་ཚོགས་ཀྱི་གྲལ་དུའང་ཡོད་འདུག་ལ་རྙིང་མའི་མ་དགོན་སོགས་ཀྱི་ཆོ་ག་རེ་གཉིས་ཙམ་ལ་ཡོད་པ་ཙམ་ལས་མ་མཐོང་ཡང་། མཆོད་པ་སོགས་ཀྱི་སྐབས་སྒྲ་སྣ་ཚོགས་ཀྱི་གྲལ་ལ་དཀྲོལ་ན་ལེགས་པའི་ཡོན་ཏན་ཆེན་པོ་ཡོད་ལ། དེར་མ་ཟད་འཇིག་རྟེན་གྱི་ཁམས་ན་སྒྲ་སྙན་གྱི་རིགས་དབུལ་ཆོག་པ་ནི་ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི་ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མ་མཆིས་སོགས་གསུངས་པའི་ཕྱིར་རོ། །ཞེས་རྒྱུ་མཚན་བཀོད་འདུག ། དེ་ལ་དཔྱད་པ་ཅུང་ཙམ་བཀོད་ན། གཤང་ལ་འཁྲུ་ལོར་གྲགས་པ་ཞེས་དཔེ་ཆ་རྒྱལ་གཞུང་གང་དུ་བཀོད་ཡོད་དམ། གཤང་ལ་ཁྲི་ལོ་ཟེར་ཚུལ་གོང་དུ་བཀོད་ཡོད་པས་འདི་སླར་ཡང་འགོད་པ་ལ་དགོས་པ་མེད་དོ། །རྒྱ་གར་སོགས་སུ་གཤང་གི་ཁུངས་ཅི་འདྲ་ཡོད་པར་མ་ཤེས་ནའང་དེ་ལ་ཡིད་མུག་དགོས་དོན་ཅི་ཡང་མེད། རྒྱ་གར་ལ་མེད་ཀྱང་བོད་དུ་ཡོད་པའི་རིགས་ཧ་ཅང་མང་། བོད་ལ་ཡོད་པའི་རིགས་ཀྱི་ཁུངས་འཚོལ་ཐུབ་ན་ང་ཚོ་བོད་པ་ལ་མཚོན་ན་དགོས་པ་དེ་ཆེའོ། །གོང་དུ་བྱུང་ཁུངས་བསྟན་ཚུལ་ལ་བརྟག་ཙམ་གྱིས་གཤང་དེ་བོད་རང་གི་རོལ་ཆས་ཤིག་ཡིན་པར་རྟོགས་ཐུབ། བལ་པོའི་སྤྲང་པོ་རྣམས་ཀྱིས་གཤང་ཐོགས་སྲོལ་ཡོད་པར་བཤད་ཀྱང་། དེ་ནི་བྱ་བ་གང་འདྲ་ཞིག་གི་ཆེད་དུ་སྤྲང་པོ་རྣམས་ཀྱིས་གཤང་ཐོགས་པའི་རྒྱུ་མཚན་ཡོད་ན་ཧ་ལས་ཀྱང་དེ་ཡང་བཀོད་མེད། དེ་ནི་ཕལ་ཆེར་བཤད་སྒྲོས་ཙམ་དང་སྐུར་འདེབས་ཙམ་ཡིན་ན་མ་གཏོགས། བོད་དུ་ནི་འཁར་རྔ་དང་གཤང་གཉིས་བོན་པོའི་ཕྱག་ཆ་ཉིད་དུ་འདོད་པ་ཞེས་པའི་གཤང་ནི་བོད་ཀྱི་མཁས་པ་མང་པོས་བསྒྲིགས་པའི་ཚིག་མཛོད་ནང་དུ་བོན་གྱི་རོལ་མོ་ཞིག་ལ་ངོས་འཛིན་ཚུལ་བཀོད་འདུག་པས། གཤང་དེ་བོན་པོ་གཅིག་པུས་བེད་སྤྱོད་པའི་རོལ་ཆས་ཤིག་ཡིན་པར་འདོད་པ་ནི་ལྟ་རྒྱ་མཐོང་རྒྱ་ཆུང་བ་ཡིན་པ་མཚོན་ཏེ། གཞན་སྡེའི་འཇམ་དཔལ་རྩ་རྒྱུད་བདེ་མཆོག་སོགས་ལས། གཤང་རང་སྒྲ་ནི་ཟབ་མོ་སྟོང་བ་ཉིད། །ཤེས་རབ་སིལ་སྙན་ཡང་དག་པ། །སྦྱོར་བའི་སྒྲ་ཞེས་དེ་འདྲ་མང༌། །43 ཞེས་འཇམ་དཔལ་རྩ་རྒྱུད་སོགས་ལས་གཤང་ཞེས་པ་མངོན་སུམ་བསྟན་ཡོད་ཚུལ་གླེང་ཡོད། འོན་ཀྱང་ཆོས་པ་འགའ་རེས་མི་ཤེས་བཞིན་དུ་ཤེས་མདོག་བྱས་ཏེ། འཇམ་དཔལ་རྩ་རྒྱུད་སོགས་ལས་བསྟན་པའི་གཤང་ཞེས་པ་ནི་འཁར་རྔ་དང༌། སིལ་སྙན་ཞེས་པ་ནི་སིལ་ཆོས་ཀྱི་མིང་ཡིན་བཤད་ནས་ཕྱག་ཆ་རུ་མི་འཛིན་པ་མ་ཟད། བན་དེའི་ལུང་ལ་གཤང་དང་སིལ་སྙན་མེད་ཚུལ་བསྟན་པ་ནི་མཐོང་རྒྱ་མེད་པའི་རྟགས་སོ། །གཞན་གྲྭ་ས་འགའ་རེའི་སེར་ཕྲེང་སྐབས་རོལ་མོ་སྣ་ཚོགས་ཀྱི་གྲལ་དུའང་གཤང་ཡོད་འདུག་ལ་རྙིང་མའི་མ་དགོན་སོགས་ཀྱི་ཆོ་ག་རེ་གཉིས་ཙམ་ལ་ཡོད་པ་ཙམ་ལས་མ་མཐོང་། ཞེས་པའི་དོན་དེ་ལ་རྒྱུ་མཚན་ཡོད་དེ། ཁམས་ཕྱོགས་བན་དེའི་དགོན་པ་འགའ་སེར་ཕྲེང་སྐབས་ངེས་ཅན་དུ་གཤང་ངམ་སིལ་སྙན་དགོས་པ་ནི་དགོན་པ་དེ་སྔ་མོ་བོན་དགོན་ཡིན་པ་དེ་གྲུབ་མཐའ་གཞན་ལ་བསྒྱུར་བས་བོན་ལྷ་ལ་འཕྲིན་བཅོལ་གྱི་ཆེད་དང་། ཡང་ན་དགོན་པ་དེ་ཡོད་སའི་མདུན་རྒྱབ་ཀྱི་གཞི་བདག་དེ་བོན་པོའི་གཞི་བདག་ཡིན་པས་གཞི་བདག་གིས་ཕྲག་དོག་སེལ་བའི་ཆེད་དུ་སེར་ཕྲེང་སྐབས་གཤང་ཆེན་ནམ་སིལ་སྙན་མ་ཁུར་རང་ཁུར་གྱི་དཀའ་ཚེགས་ཆེན་པོ་ཞིག་ཡོད་པ་ལས་མཆོད་པ་སོགས་ཀྱི་སྐབས་སྒྲ་སྣ་ཚོགས་ཀྱི་གྲལ་ལ་དཀྲོལ་ན་ལེགས་པའི་ཡོན་ཏན་ཆེན་པོ་ཡོད་པ་དང་འཇིག་རྟེན་གྱི་ཁམས་ན་སྒྲ་སྙན་གྱི་རིགས་དབུལ་ཆོག་པ་ནི་ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི་ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མ་མཆིས་ཞེས་པའི་དོན་དེ་འདྲ་ཞིག་མིན་པ་ནི་དགོན་པ་དེ་དག་གི་དགེ་འདུན་པ་ལ་དྲི་བ་ཐོངས་དང་གསལ་བོ་ཤེས་སོ། །

  སྤྱིར་གཤང་སོགས་རོལ་མོའི་རིགས་གང་ཞིག་ཡིན་ཡང་གྲུབ་མཐའ་ག་གེ་མོ་དང་ཆོས་ལུགས་ག་གེ་མོ། མི་རིགས་ག་གེ་མོ་ཞིག་ལས་གཞན་གྱིས་བེད་སྤྱད་མི་ཆོག་པ་ཞིག་གཏན་ནས་མིན་ཡང་། བྱུང་ཁུངས་དང་། དེ་དང་འབྲེལ་བའི་ཁྱད་ཆོས་དེ་ཁ་གསལ་བོ་རེ་གོང་གསལ་གཤང་གི་བྱུང་ཁུངས་མི་འདྲ་བ་བསྟན་ཡང་དོན་དུ་ཐོག་མ་ཞང་ཞུང་ནས་དར། དེ་ནས་རྒྱ་ནག་ཏུ་དར། རྒྱལ་རོང་ཕྱོགས་ནས་གཤང་རབ་བརྟན་མ་སོགས་དར་ཚུལ་དང་དེའི་ཁྱད་བོན། བོན་གྱི་རོལ་མོ་ཡིན་པའི་དགེ་མཚན་སོགས་བཀོད་པ་ལྟར་བོད་རང་ས་ན་ཡོད་པའི་རོལ་མོ་སོགས་ཀྱི་ལོ་རྒྱུས་བཀོད་ཐུབ་ན་དགེ་མཚན་ཆེན་པོ་ཞིག་ཡོད་པར་མཐོང་ངོ་། །ཞེས་པ་འདི་ནི་ཉག་ཨ་འཛི་རོང་དཔལ་ལྡན་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་གི་གཡའ་དྲུག་ཚང་སེང་སྤྲུལ་རིག་འཛིན་ཉི་མས་སྤྱི་ལོ༢༠༢༦ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་རྒྱ་ནག་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་སྦྱར་བའོ། །

  དཔྱད་མཆན།

  1 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་གཅིག་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཨ་དཀར་ཐེག་པ་གཏན་ལ་ཕབས་པའི་མདོ》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༥༢

  2 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་གཅིག་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཨ་དཀར་ཐེག་པ་གཏན་ལ་ཕབས་པའི་མདོ》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༥༢ རྔ་གཤང་དུང་གླིང་པི་ཝང་དང་། །ཅིང་དང་ཅོང་ཆེན་གཅག་(ཅག)པར་དང་། །འཁར་རྔ་གནྜེ་རྔེའུ་ཆུང་དང་། །ཐོད་རྔ་རྒྱུད་མངས་སིལ་སྙན་དང་། །རྒྱུན་དང་སྦུག་དང་བིང་ཆེན་སོགས། །ཞེས་སོ། །

  3 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༠༩

  4 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་དང་པོ། 《སྲིད་པའི་མཛོད་ཀྱི་མདོ་འཁོར་འདས་ཁམས་ཀྱི་རྩ་བ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》 སྟོན་པ་གཤེན་རབ་མི་བོས་གསུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས། ༨

  5 《བོད་རྒྱ་ཚིག་མཛོད་ཆེན་མོ》དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས། སྟོད་ཆ། ༢༠༠༠ལོའི་ཟླ༢པར་པར་གཞི༥པ་བསྒྲིགས། ཤོག་ངོས། ༧༢༤

  6 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ།

  7 《ཞང་བོད་ཚིག་མཛོད་ཆེན་མོ》 སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༡༠པར་པར་གཞི་གཉིས་པ་བསྒྲིགས། ཤོག་ངོས༥༠༨

  8 ཐོད་ཆེན། ཌར་སིལ། རྔ། གཤང་། དྲིལ་བུ། རྐང་གླིང་དང་དྲུག་ཅེས་རྣལ་འབྱོར་རོལ་པའི་དགའ་སྟོན་ལས་བཏུས།

  9 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་ཀྱི་སྲིད་གཤེན་ཐེག་པ་གཏན་ལ་ཕབས་པའི་མདོ》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༤༨

  10 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་གསུམ་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་གུ་ཝེར་ར་ཙའི་སྒྲིབ་པ་སྦྱོང་པའི་མདོ》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༣༠༣

  11 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཀུན་དབྱིངས་སྐུ་ལྔའི་དཀྱིལ་ཆོག》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༩༡

  12 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་ཉི་ཤུ་པ། 《འདུས་པ་རིན་པོ་ཆེའི་རྒྱུད་མདོ་གཟེར་དམིག་ལེའུ་སྟེ་བཅོ་བརྒྱད་པ》 དྲང་རྗེ་བཙུན་པའི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༢༢༨

  13 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་བཅུ་གཅིག་པ། 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་ཨ་དཀར་ཐེག་པ་གཏན་ལ་ཕབས་པའི་མདོ》 སྟོན་པ་གཤེན་རབ་མི་བོས་གསུངས། བློ་ལྡན་སྙིང་པོའི་སྙན་རྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༥༢

  14 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༠༩

  15 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་གྱ་བརྒྱད་པ། 《རྣམ་པར་དག་པའི་འབུམ་བཞི་ལས་ས་བདག་དབང་ཆེན་གྱི་སྒྱུར་བཅོས་ཏེ་བམ་པོ་གཉིས་པ》སྟོན་པ་གཤེན་རབ་མི་བོས་གསུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས། ༢༩༩

  16 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༡-༢

  17 《གཤང་རབ་(རབས)ཉུང་འདུས་རེས་ཅིག》ཞུང་ཞག་སོ་སྤུངས་མུ་ཝེར་ཨུན་ཞིན་གྱིས་བྲིས། དཔེ་རྙིང་། མ་ཕྱི་དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༢-༤

  18 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༡༠

  19 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༡

  20 བློ་གསལ་སོགས་ཀྱིས་བསྒྲིགས་པའི།《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》 དེབ་ཕྲེང་དང་པོ། དེབ༡༤ 《བསྟོན་པ་གཤིན་རབ་ཀྱི་ལུང་གི་དབང་བསྐུར་བཞུགས་སོ།》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་༣༢༨༢-༣༢༨༥

  21 《གཤང་ཁྲི་ལོ་གནམ་གྲགས་ཀྱི་བསྐང་བ》རྩོམ་པ་པོ་མི་གསལ། དཔེ་རྙིང་། རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་མཁོ་སྤྲོད་གནང་། ཤོག་ངོས༡སྲིབ།

  22 《གཤང་རབ་བཞུགས་པ་ལེགས་སྷཱོ》རྩོམ་པ་པོ་མི་གསལ། དཔེ་རྙིང་། དཔེ་ཆ་དེ་དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༢-༥

  23 《རིག་འཛིན་རྣམས་ཀྱི་གཤང་རབ་བཞུགས་པ་ལེགས་སོ》རྩོམ་པ་པོ་མི་གསལ། དཔེ་རྙིང་། དཔེ་ཆ་དེ་དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༢-༣

  24 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༡༣པ། 《གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དབལ་གསང་བ་འདུས་པའི་ཕྱི་སྒྲུབ་སྙིང་གི་ཐིག་ལེ》 རིག་འཛིན་ཀུན་གྲོལ་གསང་བ་རྩལ་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤོག་ངོས༨༤-༨༥

  25 《གསང་སྔགས་རྫས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན>ཀུན་གྲོལ་གྲགས་པས་བརྩམས། སྒེར་གཉེར་པར་སྐྲུན་དེབ། ༢༠༢༣ལོར་རུས་པའི་རྐང་ཚང་གིས་དཔར་དུ་བསྐྲུན་པའི་སྒེར་དེབ། ཤོག་ངོས། ༦༦ གཤང་རབས་ལས། རིན་ཆེན་དྭངས་མ་གསེར་དང་དངུལ། ལི་དང་བསྲེས་པས་སིལ་སྙན་སྒྲ། ཞེས་ལུང་འདྲེན་དྲངས་སོ། །

  26 《གཤང་རབ་ཉུང་འདུས་རེས་ཅིག》ཞུང་ཞག་སོ་སྤུངས་མུ་ཝེར་ཨུན་ཞིན་གྱིས་བྲིས། དཔེ་རྙིང་། དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༤-༥

  27 《གསང་སྔགས་རྫས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན>ཀུན་གྲོལ་གྲགས་པས་བརྩམས། སྒེར་གཉེར་དཔར་བསྐྲུན་དེབ། ༢༠༢༣ལོར་རུས་པའི་རྐང་ཚང་གིས་དཔར་དུ་བསྐྲུན་པའི་སྒེར་དེབ། ཤོག་ངོས། ༦༦ ལུང་ལས། ཁྱད་འཕགས་སྒྲ་སྙན་ཕོ་ལོང་ཞེས་བྱ་བ། །སྟོང་པའི་རང་བཞིན་རྣམ་པ་ཀུན་ཏུ་ཟླུམ། །ཆེ་ཆུང་ཅི་བྱེད་ཕོ་བྲང་ཕྱེད་ཀའི་ཆ། །གཉིས་གཉིས་སྤེལ་ཞིང་སྐུ་གསུམ་འགྲོ་དོན་བརྡ། ། ཞེས་ལུང་འདྲེན་དེ་ཅི་ཡིན་མ་ཤེས་པས་དཔྱད་དགོས།

  28 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༡

  29 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༠༩

  30 《གཤང་རབ་ཉུང་འདུས་རེས་ཅིག》ཞུང་ཞག་སོ་སྤུངས་མུ་ཝེར་ཨུན་ཞིན་གྱིས་བྲིས། དཔེ་རྙིང་། དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༥-༦

  31 《གཤང་རབས་དུན་རྩེ་ཟིལ་གནོན》སྤྲུལ་སྐུ་དྲུང་མུ་ཏྲི་ཝེར་གྱི་སྙན་རྒྱུད། དཔེ་རྙིང་། དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༡-༣

  32 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༡༣

  33 《གཤང་རབས་དུན་རྩེ་ཟིལ་གནོན》སྤྲུལ་སྐུ་དྲུང་མུ་ཏྲི་ཝེར་གྱི་སྙན་རྒྱུད། དཔེ་རྙིང་། དཔེ་ཆ་དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༣-༤

  34 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༡༢-༦༡༣

  35 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༡-༢

  36 《གསང་སྔགས་རྫས་ཀྱི་རྣམ་བཤད་རྣལ་འབྱོར་རོལ་པའི་དགའ་སྟོན>ཀུན་གྲོལ་གྲགས་པས་བརྩམས། སྒེར་གཉེར་དཔར་བསྐྲུན་དེབ། ༢༠༢༣ལོར་རུས་པའི་རྐང་ཚང་གིས་དཔར་དུ་བསྐྲུན་པའི་སྒེར་དེབ། ཤོག་ངོས། ༦༦

  37 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༢

  38 《རྔ་གཤང་ཨུན་སྦུག་གླིང་རབས》དབྲ་བཙུན་ཤེས་རབ་དགོངས་རྒྱལ་གྱི་སྙན་བརྒྱུད། སྟེང་ཆེན་དགོན་པའི་དཔར་བསྐྲུན་བྱས་པའི་བཀའ་བརྟེན་པོད་སོ་གཅིག་པའི་ནང་དུ་ཡོད། ཤོས་ངོས། ༦༡༤

  39 《གཤང་རབས་དུན་རྩེ་(ཙེ)ཟིལ་གནོན》སྤྲུལ་སྐུ་དྲུང་མུ་ཏྲི་ཝེར་གྱི་སྙན་རྒྱུད། དཔེ་རྙིང་། དཔེ་ཆ་དེ་དཔྱད་རྩོམ་འབྲི་བ་པོའི་ལག་ཏུ་ཡོད། ཤོག་ངོས༣-༤

  40 《རྔ་དར་གཤང་གསུམ་གྱི་བསྐང་བ》རྩོམ་པ་པོ་མི་གསལ། དཔེ་རྙིང་། རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་མཁོ་སྤྲོད་གནང་། ཤོག་ངོས༡༣སྲིབ།

  41 བློ་གསལ་སོགས་ཀྱིས་བསྒྲིགས་པའི《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》 དེབ་ཕྲེང་དང་པོ། དེབ༡༤ 《བསྟོན་པ་གཤིན་རབ་ཀྱི་ལུང་གི་དབང་བསྐུར་བཞུགས་སོ།》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་༣༢༨༣-༣༢༨༥

  42 《གཤང་ཁྲི་ལོ་གནམ་གྲགས་ཀྱི་བསྐང་བ》རྩོམ་པ་པོ་མི་གསལ། དཔེ་རྙིང་། རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་མཁོ་སྤྲོད་གནང་། ཤོག་ངོས༢-༣

  43 《གཤང་ཁྲི་ལོ་གནམ་གྲགས་ཀྱི་བསྐང་བ》རྩོམ་པ་པོ་མི་གསལ། དཔེ་རྙིང་། རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་མཁོ་སྤྲོད་གནང་། ཤོག་ངོས༣-༤

  44 《ལུང་རྟོགས་བོན་གྱི་ཆ་རྐྱེན་འདོད་འབྱུང་དབྱིག་གི་གབ་ཙེ》སྐྱང་ནམ་གྱིས་བགྱིས་པ། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་བརྩམས། དཔར་མ། ཤོས་ངོས། ༢

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།