གཡུང་དྲུང་བོན་གྱི་རི་ཆུའི་རིག་གནས་དེང་རབས་སྤྱི་ཚོགས་དང་མཐུན་པའི་འཁོར་ཡུག་སྲུང་སྐྱོབས་སྐོར་གླེང་བ།

[ཟླ་ཚེས། 2023-08-05 21:39:14][རྩོམ་པ་པོ། དགེ་བཤེས་ཤེས་རབ་མཐར་ཐུག །][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །གཡུང་དྲུང་བོན་གྱི་རི་ཆུའི་རིག་གནས་དེང་རབས་སྤྱི་ཚོགས་དང་མཐུན་པའི་འཁོར་ཡུག་སྲུང་སྐྱོབས་སྐོར་གླེང་བ།
[ནང་དོན་གནད་བསྡུས།] ལྷ་སྲིན་སྡེ་བརྒྱད་གཙོས་པའི་མི་མ་ཡིན་གྱི་རིགས་དུ་མ་ཞིག་གིས་བོད་ཀྱི་རི་ཆུ་ནགས་གསུམ་སོགས་རང་བྱུང་གི་ཁམས་ཆེན་པོར་འཚོ་གནས་བྱ་སྟེ་བདག་བཟུང་བྱས་པའི་ལྟ་བ་འདི། མི་ལོ་ཁྲི་སྟོང་དུ་མ་ནས་བོད་མི་ཚོའི་ཤ་གསེང་རུས་ལ་ཐིམ་པའི་བག་ཆགས་ཞིག་ཡིན་གཤིས། དེ་ནི་རྨོངས་དད་ཁོ་ནར་མི་སེམས་པར། མངའ་མཛད་བཅུ་གཉིས་སྐབས་ནས་མི་དང་ལྷ་མ་སྲིན་སྡེ་བརྒྱད་མཉམ་དུ་གནས་ཤིང་ཕན་ཚུན་འགྲོ་འོང་བྱས་པའི་ཉམས་མྱོང་ལས་ཁོ་ཚོའི་སེམས་ལ་དགའ་ཞིང་མགུ་ན་སྡོང་གྲོགས་བྱེད་པ་དང་། འགལ་འཛོལ་བྱུང་ན་ནད་དང་གནོད་པ་སྐྱེལ་བའི་ཚུལ་གསལ་བོར་རྟོགས་ཏེ། བསང་དང་གསེར་སྐྱེམས་འབུལ་བ་དང་། དམར་མཆོད་ཁྲག་སྦྱིན་བྱ་བ་སོགས་གདོད་མའི་དད་མོས་མཆོད་པ་འབུལ་བའི་སྲོལ་བཅས་བཤད་ཡོད་ལ། ལྷག་ཏུ་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་ཏེ་གཏན་ཚིག་རིག་པའི་ལམ་ནས་བོད་ཀྱི་དད་མོས་འགྱུར་ལྡོག་གལ་ཆེན་བཏང་ནས་འབྱུང་བའི་ཁམས་ཆེན་པོར་སྲུང་སྐྱོབས་ཀྱི་ལྟ་བ་བརྟན་པོར་འཛུགས་པའི་རི་ཆུའི་རིག་གནས་སྐོར་བཀོད་ཡོད། །
[བརྡ་ཆད་གཙོ་བོ།] ལྷ་སྲིན་སྡེ་བརྒྱད། གདོད་མའི་དད་མོས།  གཤེན་རབ་མི་བོ། ས་བདག་འཁྲུགས་བཅོས
སྔོན་གླེང་གཏམ་གྱི་བསུ་མ།
དེ་ཡང་སྤྱི་ལོ་༢༠༡༩་ལོར་“ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང”་ནས་ཆོས་དོན་དགོངས་འགྲེལ་རྩོམ་ཡིག་ཅིག་འབྲི་བར་སྐུལ་བའི་རྨང་གཞིའི་སྟེང་། གུས་པས་སྐྱེ་ཁམས་ཤེས་དཔལ་སྐོར་ནས་ཉམས་ཞིབ་བྱས་ཏེ་དཔྱད་བརྗོད་རེ་ཐུབ་ན་འགྲོ་བ་མི་ཙམ་མ་ཟད། སྣོད་བཅུད་གཉིས་ཀར་ཕན་ན་སྙམ་པའི་ཀུན་སློང་དཀར་པོས། རྩོམ་ཡིག་འདི་ཡི་རྨང་གཞི་ཡིག་འབྲུ་གཉིས་སྟོང་ལྷག་ཙམ་དང་། དོན་ཚན་གསུམ་གྱི་བདག་ཉིད་ཅན་དུ་བྲིས་པ་ཡིན་ལ། དེ་ནི་པེ་ཅིང་དུ་ཆོས་དོན་དགོངས་འགྲེལ་བགྲོ་གླེང་དངོས་སུ་ཚོགས་ཏེ་རང་སོ་སོའི་རྩོམ་ཡིག་སྒྲོག་སྦྱོང་བྱེད་སྐབས་སུ། འབྲེལ་ཡོད་ཞིང་ལྗོངས་ལྔ་ཡི་རྩོམ་ཡིག་དཀྱིལ་ནས་“རིམ་པ་དང་པོའི”་བྱ་དགའ་ཐོབ་བྱུང་ལ།  དེར་མ་ཚད་རྩོམ་ཡིག་དཔྱད་བརྗོད་བྱེད་མཁན་གདན་ཞུས་ཆེད་མཁས་པས།  རྩོམ་ཡིག་འདི་ལ་བོད་ས་ཐོག་ས་སྐྱེས་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་།  སྲིད་པའི་བོན་དང་གཡུང་དྲུང་བོན་གྱི་རི་ཆུའི་རིག་གནས་གལ་ཆེའི་རྒྱབ་ལྗོངས་དང་།   མི་རིགས་གཞན་དང་མི་འདྲ་བར་བོད་མི་རིགས་ཀྱི་བླ་རི་དང་། བླ་མཚོ། བླ་ཤིང་སོགས་རང་བྱུང་གི་ཁམས་ཆེན་པོར་མཆོག་འཛིན་འདུ་ཤེས་ཟབ་མོའི་ལྟ་བ་དང་།  ལྷག་ཏུ་“དེང་རབས་སྤྱི་ཚོགས་དང་མཐུན་པའི་འཁོར་ཡུག་སྲུང་སྐྱོབས་སྐོར་གླེང་བ”་འདི་ལ་ཕན་པ་རྨད་དུ་བྱུང་བའི་གདེང་འཇོག་ཆེན་པོར་གནང་ཞིང་།  འབྱུང་གྱུར་རྩོམ་ཡིག་འདི་ལ་ད་དུང་ཉམས་ཞིབ་དང་། ཁ་གསལ་གོ་བདེའི་སྒོ་ནས་ཅུང་མང་རུ་གཏོང་སྟེ་དར་སྤེལ་དགོས་པའི་སྐུལ་མ་གཏོང་བར་བརྟེན། ན་ནིང་བོད་ལྗོང་ནང་བསྟན་སློབ་གླིང་ནས་ཆོས་དོན་དགོངས་འགྲེལ་རྩོམ་ཡིག་འབྲི་བའི་རྩོམ་བརྡ་སྤེལ་བར་བསྟུན།  སླར་ཡང་བོན་གཞུང་མང་པོ་ཞིག་ལ་ལྟ་ཀློག་དང་བསམ་གཞིག་བགྱིས་འབྲས་སུ་ཡིག་འབྲུ་ལྔ་སྟོང་ལྷག་དང་། དོན་ཚན་བདུན་དུ་གྲུབ་པའི་རྩོམ་ཡིག་འདི་ཉིད་བསྐྱར་འབྲི་བགྱི་བའི་ངལ་བ་བརྩོན། ཉེ་ལམ་སྤྱི་ཟླ་༧་ཚེས་༩་ཉིན་བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཐེངས་དྲུག་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་ཨང་༢་གཟེངས་བསྟོད་ཐོབ་ཡོད།  དེ་ཡང་“ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ”རླབས་པོ་ཆེ་དང་། སྔ་ནས་ད་བར་རྒྱུན་འབྱམས་སོང་བའི་བོན་གྱི་རིག་གཞུང་རྙིང་པའི་སློབ་གསོའི་ཤུགས་རྐྱེན་གྱིས་བོད་མི་བྱིངས་གི་ཤ་གསེང་རུས་ལ་ཐིམ་པའི་ལྟ་བ་སྟེ། མི་རིགས་གཞན་དང་མི་འདྲ་བར་འབྱུང་བའི་ཁམས་ཆེན་པོ་ལ་མཆོག་འཛིན་གྱི་འདུ་ཤེས་མཁྲེགས་པོ་ཞིག་ཡོད་པ་དེ་དག་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབས་ཟེར་ནས་དམིགས་བསལ་འབོད་དུ་མི་དགོས་པར་གཏོར་སྐྱོན་མི་གཏོང་བའི་བག་ཆགས་སྟུག་པོ་ཞིག་ཡོད་པའི་རིག་གནས་རྣམས་རྩལ་དུ་བཏོན་ནས་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཕུལ་བའི་ལེགས་སྐྱེས་དང་། ཆོས་ལུགས་ཀྱིས་སྣོད་བཅུད་འཇིག་རྟེན་ལ་ཞབས་འདེགས་ཆེན་པོ་ཕུལ་བའི་ཁྱད་ཆོས་མཚོན་ཏེ་བཤད་རྒྱུ་བཅས་ཡིན། །
དང་པོ། ལྷ་སྲིན་སྡེ་བརྒྱད་ཅི་ལྟར་བྱུང་བའི་ཁུངས།
གནའ་སྔ་མོ་སྔ་མོ་མི་ལོ་ཁྲི་འབུམ་གྱི་ཡར་སྔོན་ནས་ནང་བཅུད་སྲིད་པ་གྲོལ་བའི་ཚེ་ལྷ་སྲིན་སྡེ་བརྒྱད་རིགས་འདི་ལྟར་གྲོལ་བ་དེ། 《སྲིད་པའི་མཛོད་ཕུམག》ལས། “འབྱུང་ལྔའི་བཅུད་ལས་སྒོང་གཉིས་སྲིད། དཀར་ནི་འོད་དང་ཟེར་ལས་བརྡོལ། ཡོད་ཁམས་སྲིད་པའི་རྒྱལ་པོ་སྲིད། ཅེས་པ་ནས། ནག་ནི་མུན་དང་འཐིབ་པ་བརྡོལ། མེད་ཁམས་སྟོན་པའི་རྒྱལ་པོ་སྲིད། མེད་ཁམས་སྟོང་པའི་རྒྱལ་པ་དང་། མུན་ནག་འཐིབ་ཀྱི་བཙུན་མོར་བཤོས།  ལྷ་སྲིན་མིང་སྲིང་བཅུ་དྲུག་བྱུང་།”ཞེས་སོགས་གསུངས་པའི་ལུང་ཚིག་མང་པོར་འདྲེན་པའི་ངལ་བ་མ་བྱས་ནའང། མདོར་ན་ནང་བཅུད་སྲིད་པ་གྲོལ་ཚེ་ལྷ་སྲིན་སྡེ་བརྒྱད་བྱུང་བའི་ཡིག་ཆ་མང་པོར་མཆིས། 《བསྟན་འབྱུང་བསྐལ་བཟང་མགྲིན་རྒྱན》ལས། “གནམ་ལ་ལྷ་གར་རྟེན་དང་གསུམ་དུ་སྲིད། ལྷ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། གར་ནི་དབལ་གསས་མཐོར་གསས་གདར་གསས་གསུམ། རྟེན་ནི་ཕྱྭ་སྲིད་སྐོས་དང་གསུམ་དུ་སྲིད། བར་དུ་མི་སྨྲ་གཤེན་དང་གསུམ་དུ་སྲིད། མི་ནི་རི་བདུན་མི་དང་གླིང་བཞིའི་མི། སྨྲ་ནི་མི་འམ་ཅི་སྟེ་གླིང་ཕྲན་སྡེ། གཤེན་ནི་འགྲོ་བ་འདྲེན་པའི་སྟོན་པའོ། ས་ལ་འདྲེ་སྲིན་བྱུར་དང་གསུམ་དུ་སྲིད། འདྲེ་ནི་ལྷ་ལ་འགྲན་དུ་བཙལ་བ་དང་། སྲིན་ནི་མི་ལ་བདུད་དུ་འབེབ་པ་དང་། བྱུར་ནི་གཤེན་ལ་བར་ཆོད་རྩོམ་པའོ།”ཞེས་གསུངས་ཏེ་ཐོག་མར་ནང་བཅུད་སྲིད་པ་གྲོལ་ཚེ་སྟེང་དུ་གནམ་ལ་ལྷ་གར་རྟེན་གསུམ་དང་། བར་དུ་མི་སྨྲ་གཤེན་གསུམ།  ས་ལ་འདྲེ་སྲིན་བྱུར་གསུམ་སོགས་ཕན་འདོགས་གནོད་སྐྱེལ་བྱེད་མཁན་གནོད་སྦྱིན་རིགས་སུ་གཏོགས་པའི་གདོད་མའི་སྤྱི་ཚོགས་ཀྱི་དད་མོས་ཀྱི་མཆོད་ཡུལ་བྱུང་ཞིང་། བོད་ཀྱི་ཡ་ཐོག་གདོད་མའི་སྤྱི་ཚོགས་རིག་གནས་འཛམ་གླིང་ཡུལ་གྲུ་གཞན་ན་དར་མྱོང་བའི་གདོད་མའི་རིག་གནས་ཆ་འདྲ་བ་གཅིག་མཚུངས་སུ་གྲུབ་པ་ཤིན་ཏུ་མང་པོར་བྱུང་སྟེ། གནའ་རྫས་དང་ཡིག་ཚང་གོ་བསྡུར་ཞིང་།  དེང་རབས་ཞིབ་འཇུག་མཁས་པའི་ལྟ་བས་ཟུར་བརྒྱན་ཏེ་དཔྱད་ན་བོད་བཙན་པོའི་རྒྱལ་རབས་ཡར་སྔོན་ནས་བོད་མི་སྤྱི་ལ་འགོ་འཛིན་བྱེད་པའི་ལྷ་སྲིན་སྡེ་བརྒྱད་སོགས་མངའ་མཛད་དུ་མར་བྱུང་བར་གདོན་མི་ཟའོ། །
གཉིས་པ། འབྱུང་ཁམས་དང་ལྷ་སྲིན་སྡེ་བརྒྱད་བར་གྱི་འབྲེལ་བ་བཤད་པ།
ས་བདག་ཀླུ་གཉན་ཞེས་ད་སྐབས་ང་ཚོས་མཐོང་མི་ཐུབ་པའི་མི་མ་ཡིན་གྱི་རིགས་དུ་མ་ཞིག་ཡོད་པ་དང་། དེས་རི་ཆུ་ནགས་གསུམ་སོགས་རང་བྱུང་ཁམས་ཆེན་པོའི་དབར་རྟེན་དང་བརྟེན་པའི་འབྲེལ་བ་སྟེ་རང་རང་འཚོ་གནས་བྱ་སའི་ཁོར་ཡུག་ཡིན་པའི་ལྟ་གྲུབ་གཏན་ལ་ཕབས་ཏེ། 《ཀླུ་ཡི་སྙིང་བཅོས་འབུམ་ནག》ལས་གསལ་བ་ལྟར་ན། “ཉོན་ཅིག་གཉན་བོན་ཐང་ཐང་ཁྲོལ།  གཉན་ཞེས་བྱ་བ་ནམ་མཁར་གནས་སོ། ས་བདག་ཅེས་བྱ་བ་ནི་ས་གཞི་ལ་གནས་སོ། ཀླུ་ཞེས་བྱ་བ་ནི་ཆུ་ལ་གནས་སོ། གཏོད་ཅེས་བྱ་བ་ལུང་དང་བྲ་མ་ལ་གནས་སོ།”།ཞེས་སངས་རྒྱས་གཤེན་རབ་མི་བོ་མཆོག་རི་རབ་ཁ་ཁྱེར་ལ་ཕེབས་ཏེ་ཀླུ་ཡི་སྙིང་བཅོས་འབུམ་ནག་གསུང་པའི་སྐབས་སུ་ས་བདག་ཀླུ་གཉན་སོ་སོའི་གནས་ཡུལ་མི་འདྲ་བར་གང་ཞིག་ཡིན་པར་ངོས་འཛིན་གསལ་པོར་གསུངས་ཡོད་པར་མ་ཟད། གཡའ་རི་གངས་བྲག་དང་མཚོ་དང་མཚེའུ་སོགས་ལ་ཡུལ་ས་གཞི་བདག་ལྷ་ཀླུ་དགེ་གཉན་གནས་པ་ཙམ་དུ་མ་ཚད་བདག་ཏུ་བཟུང་བ་དང་དབང་བསྒྱུར་བྱ་བར་ཡང་བཤད་ཡོད།  《ཀླུ་འབུམ་དཀར་པོ།》ལས། “ས་བདག་ཅེས་བྱ་བ་ནི་ས་གཞི་ལ་གནས་ཤིང་མེ་ཏོག་དང་རྩི་ཤིང་གངས་བྲག་ལ་བདག་པོ་བྱེད་པ། ས་བདག་བརྟན་མ་གསེར་མདོག་གསེར་གྱི་བུམ་པ་ཅན་ཞེས་བྱ་བས་ས་རྣམས་དག་ལ་དབང་བསྒྱུར་བར་དང་།”ཞེས་གསུངས་པ་ལྟར་ད་སྐབས་འགྲོ་བ་མིའི་རིགས་ལ་ལྐོག་ཏུ་གྱུར་བའི་མི་མ་ཡིན་དག་གིས་ས་དང་ཆུ་སོགས་འབྱུང་བ་ལྔ་ལ་དབང་བསྒྱུར་བྱེད་དེ་བདག་ཏུ་བཟུང་བ་ཙམ་མ་ཚད་ས་རྡོ་རི་བྲག་ལ་ཁོ་པ་ཚོའི་ཤ་ཁྲག་གི་འབྲེལ་བ་ལྟ་བུའི་ཚུལ་ཡང་བཤད་ཡོད། 《ཀླུ་གཉན་ས་བདག་གི་པང་ཀོང་》ལས། “ཀླུ་གཉན་ས་བདག་གི་རིམ་པ་ཐམས་ཅད་ཆུ་ཤིང་བྲག་དང་ས་རྟེན་འཆའོ། དེ་ཅི་ཏེ་ས་གཞི་ཐམས་ཅད་ནི། ཀླུ་གཉན་ས་བདག་གི་ཤ་ཡིན། ཆུ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་ཁྲག་ཡིན། ཤིང་ཐམས་ཅད་ནི་ཀླུ་གཉན་ས་བདག་རྩ་རྒྱུས་ཡིན། རྡོ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དྲོད་ཡིན། རླུང་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དབུགས་ཡིན། མེ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དྲོད་ཡིན། རིན་པོ་ཆེ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དོན་སྙིང་དང་དབང་པོ་ཡིན། ཉི་ཟླ་གཟའ་སྐར་ནི་ཀླུ་གཉན་ས་བདག་གི་སྤྱན་ཡིན། དུད་འགྲོ་ཐམས་ཅད་ནི་ཀླུ་གཉན་ས་བདག་གི་དཀོར་ནོར་ཡིན། ས་གཉན་སར་ལས་བྱས་པ་ནི། ཀླུ་གཉན་ཟུག་གཟེར་ཆེ།”ཞེས་གསུངས་སོ། །ས་བདག་ཀླུ་གཉན་དང་རང་བྱུང་ཁམས་དབར་ཤ་ཁྲག་གི་འབྲེལ་བའི་ཚུལ་གྱི་ལྟ་བ་གསལ་པོར་བསྟན་པའི་སློབ་གསོའི་ཤུགས་རྐྱེན་གྱིས་བོད་ཡུལ་མདོ་དབུས་མཐོ་སྒང་དུ་སྟོད་སྨད་ཁག་ཏུ་རི་ཆུ་ནགས་གསུམ་བཅས་གང་བྱུང་གཏོར་སྐྱོན་མི་གཏོང་བའི་བག་ཆགས་ཟབ་མོ་ཞིག་ཡོད་པར་ཀུན་གྱིས་ཤེས་གསལ་དུ་ངེས་སོ། །
གསུམ་པ། ལྷ་སྲིན་སྡེ་བརྒྱད་ཀྱིས་མི་ལ་དབང་འཛིན་བྱས་ཏེ་མཉམ་དུ་འཚོ་གནས་བྱེད་ཚུལ།
དེ་ནི་ཡ་ཐོག་གདོད་མའི་སྤྱི་ཚོགས་དུས་རབས་མཇུག་རྫོགས་ཏེ་མི་དང་ནུས་སྟོབས་མི་འདྲ་བར་ཁྱད་པར་ཆེ་བའི་དབང་གིས་དབང་བསྒྱུར་གྲལ་རིམ་ལམ་ལུགས་ཐོག་མར་ཆགས་པའི་འགོ་བརྩམས་པ་སྟེ། མངའ་མཛད་བཅུ་གཉིས་ཞེས་ལྷ་སྲིན་སྡེ་བརྒྱད་རེ་རེ་ནས་བོད་ཀྱི་མིའི་རིགས་ལ་དབང་དུ་བསྒྱུར་ཞིང་བདག་བཟུང་བྱས་པའི་དུས་རིམ་ཞིག་བྱུང་མྱུང་ཡོད་པ་སྟེ། 《གླིང་གཞི་བསྟན་པའི་འབྱུང་ཁུངས》ལས། “དེ་ལ་འོ་སྐོལ་བོད་ཀྱི་རྒྱལ་ཁམས་འདི་ཡང་། དང་པོ་གནོད་སྦྱིན་གྱིས་དབང་བགྱིས་ཏེ། ཡུལ་གྱི་མིང་དུ་ཁ་རག་སྒོ་དགུ་བཏགས་སོ།”ཞེས་དང་།《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “འདི་ཡན་ལྷ་སྲིན་མི་དང་མ་བྱེའི་དུས། བསྐལ་པའི་དུས་རབས་ཆེན་པོ་དྲུག་ཙམ་བྱུང་། མི་ལོ་འབུམ་ཕྲག་མང་པོའི་ཡུན་དུ་གནས། མི་ཡི་ཁྱིམ་ཡང་ས་ཁུལ་བྲག་ཕུག་དང་།”ཞེས་གསུངས་པ་ནས་མངའ་མཛད་བཅུ་གཉིས་དུས་རབས་ཆེན་པོ་དྲུག་ཅེས་གྲངས་ཀ་བགྲང་སྟངས་ཁ་འཆམས་མིན་མི་འདྲ་བར་ཡོད། འོན་ཏང་བོད་བཙན་པོའི་རྒྱལ་རབས་འགོ་མ་ཚུགས་པའི་ཡར་སྔོན་ནས་མི་རིགས་འདི་ཉིད་ལ་ལྷ་ཀླུ་དགེ་གཉེན་གྱིས་དབང་ཆས་བདག་བཟུང་བྱས་ཚུལ་རང་གཞུང་དུ་ཁ་གསལ་པོར་བསྟན་ཡོད། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “དེ་ལྟར་ཁ་བ་ཅན་གྱི་བོད་ཁམས་འདི། སྲིད་པ་དང་པོ་ནམ་མཁའི་ལྷས་བཟུང་ཏེ། ཐུགས་དཀར་གེ་ཁོད་གཙང་མའི་ལྷ་རིགས་རྣམས། གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང་།  སྨྲ་དང་མི་ཡི་མགོན་བྱེད་བོན་བསྟན་སྲུང་།  དེ་དུས་སྨྲ་དང་མི་གཉིས་གཅིག་ཏུ་གནས།  ཡུལ་མིང་སྨྲ་འམ་ལྷ་ཡུལ་གུང་ཐང་ཞེས།”ཞེས་གསུངས་སོ། །མཁས་དབང་དཔལ་ཚུལ་གྱིས་གདོད་མའི་སྤྱི་ཚོགས་མཇུག་སྒྲིལ་བའི་རྗེས་སུ་མི་ལ་དབང་བསྒྱུར་བྱེད་པའི་གྲལ་རིམ་གྱི་དུས་རབས་དང་པོ་འགོ་འཛིན་ལྷ་ཡིས་བྱས་ཞིང་མི་དང་ལྷ་གཉིས་འགྲོ་འདུག་སྤྱོད་གསུམ་མཉམ་དུ་གཡའ་རི་གངས་དཀར་རྩེ་ལ་གནས་བཅས་པ་དང་། ཡང་དེ་ཉིད་ལས། “དེ་རྗེས་འཕྱེ་བོ་ཀླུ་ཡི་དབང་བྱས་ཏེ། མཚོ་རྫིང་ཆུ་ཀླུང་ནེའུ་གསེང་ལ་གནས་བཅས་ཤིང་། འགྲོ་བ་མི་དང་གྲོགས་བསྡེབས་དཔལ་ཁ་བསྐྱེད། སྤྲིན་སྡུད་ཆར་འབེབས་རྩི་ཤིང་ལོ་འབྲས་བསྐྱེད། མི་རྣམས་མནོལ་བཙོག་བྱས་ཚེ་ཀླུས་གནོད་བྱེད། དེ་བཅོས་ཀླུ་འབུམ་ཀླུ་ཆོག་ལ་སོགས་དར། ཡུལ་མིང་ཀླུ་ཡུལ་ན་ར་གསེང་སྔོན་ཞེས།”ཞེས་གསུངས་པའི་དུས་རིམ་དང་པོ་ལྷ་དང་། གཉིས་པ་གཉན། དེ་བཞིན་ཀླུ་བཙན་སྲིན་བདུད་བཅས་རིམ་པས་དབང་སྒྱུར་བདག་དུ་བཟུང་བའི་གཏན་ཚིག་ཆེ་བར་མ་ཚད། དུས་རབས་འདི་ན་དམར་མཆོད་སྲོལ་ཡང་རྒྱ་ཆེར་དར་ཡོད། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ།  མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོའང་མང་། འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ།”ཞེས་བཙན་པོའི་རྒྱལ་རབས་གོང་ནས་དུས་རབས་ཆེན་པོ་བཅུ་གཉིས་བྱུང་ཞིང་།  དུས་རབས་རེ་རེའི་དབང་བསྒྱུར་བྱེད་མཁན་དཔང་པོ་ནི་དེང་དུས་རྒྱལ་ཁབ་ཁག་གི་འགོ་འཛིན་བརྗེ་ལེན་བྱེད་པ་ལྟ་བུ་མ་ཡིན། དུས་རབས་རེ་རེའི་ཡུན་ཚད་ལ་མི་ཁྲི་ཕྲག་དུ་མའི་ཡུན་ཚད་ཡོད་པ་དང་།   དང་པོ་གནོད་སྦྱིན་ནག་པོ་སོགས་མངའ་མཛད་བྱས་ཤིང་།  དེ་ནི་མི་དང་ནུས་སྟོབས་ཆེ་ཆུང་མ་འདྲ་ཞིང་རྫུ་འཕྲུལ་རྩལ་གྱིས་མངའ་མཛད་བྱས་པར་མངོན། ཞིབ་པར་མཁྱེན་འདོད་ན་མཁས་དབང་༧ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་ར་གའི་ལྡེ་མིག་ཏུ་གཟིགས་པར་འཚལ་ལོ། །
བཞི་པ། ལྷ་སྲིན་སྡེ་བརྒྱད་ཀྱིས་མི་ལ་གནོད་པ་སྐྱེལ་བའི་ཚུལ།
མ་གཞི་དེང་གི་ཆར་ལྟ་གྲུབ་མི་འདྲ་བ་དང་། དམིགས་ཡུལ་མི་འདྲ་བའི་དབང་གིས་ཚང་མར་ཁས་ལེན་ཐུབ་པ་ཞིག་མ་ཡིན་མོད། འོན་ཏེ་འགྲོ་བ་མི་ཡི་འཆལ་ཡན་བྱས་སྤྱོད་མང་པོས་ནང་པའི་གཞུང་ལུགས་སྤྱི་དང་བོན་གཞུང་དུ་མའི་ནང་དུ་ས་བདག་ཀླུ་གཉན་རྣམས་དང་འགལ་འདུ་བྱུང་བའི་ཚུལ་ཁ་གསལ་གོ་བདེ་རུ་བཀོད་པ་སྟེ། 《ཀླུ་ཡི་སྙིང་བཅོས་འབུམ་ནག》ལས། “དེ་ལྟར་གནས་པར་གྱུར་བའི་ས་དེ་རུ། ས་གཉན་བརྐོས་སམ། རྡོ་གཉན་སློག་གམ། ཤིང་གཉན་གཅད་དམ། ཆུ་གཉན་བཅུས་སམ། རྩི་གཉན་བྲེག་གམ། ས་ལ་མེ་བཙའ་བ། ས་ལ་གཏར་ག་དང་། ས་ལ་སྐར་ཁུང་། ས་ལ་གསེང་བ་དང་། ས་ལ་ཚ་ཐུར་དང་། གྲང་ཐུར། རྒྱ་མཚོ་གོས་བཤུས་པ་དང་། རི་རབ་ལྟེ་བ་ཕུག་པ་དང་། ཕྱོགས་མཚམས་འཁྲུགས་པའི་མཁལ་སྣ་དང་། དྲག་པོའི་ལས་བྱས་ན། ལུས་ཞ་བ་དང་། རེངས་པ་དང་། ལོངས་སྤྱོད་དབང་ཐང་ཚེ་ལ་གནོད་པར་བྱེད་དོ།”ཞེས་གསལ་བར་གསུངས་པའི་རང་བྱུང་འབྱུང་ཁམས་ཁོར་མོ་ཡུག་འདིར་འཚོ་བའི་ལོ་ཟླ་རིང་མོའི་ཁྲོད་ཉིན་ལྟར་རིང་ས་བརྐོ་རྡོ་སློག་དང་རི་བོར་ཨི་ཁུང་འཕེག་པ་རྩི་ཤིང་བྲེག་པ་ནགས་ཚལ་གཅོད་པ་ལས་སོགས་གོ་ལའི་ཁྱོན་ལ་གནོད་ཚབ་ཆེ་བའི་བྱས་སྤྱོད་མང་པོར་སྤེལ་བར་བརྟེན་ས་བདག་ཀླུ་གཉན་ལ་ཕོག་ཐུག་ཤོར་ཏེ་འཁོན་འགྲས་འབྱུང་བ་ཡིན་ཏེ། 《ཀླུ་ཡི་སྙིང་བཅོས་འབུམ་ནག》ལས་གསལ་བ་ལྟར་ན། “ས་གཉན་ཏོག་གིས་བརྐོས་ནས་ས་ལ་མཁར་དུ་བརྩིགས་པས། ས་བདག་ས་ཡི་བདག་པོ་འགྲས་སོ།  ས་རི་རྐེད་དུ་བཅད་ཅིང་བསྐྱེལ་བས། ས་བདག་སྟག་སྐྱ་བོ་དང་འགྲས་སོ། ཆུ་གཉན་སྐྱོགས་ཀྱིས་བཅུས་པས་གཡུ་འབྲུག་སྔོན་པོ་དང་འགྲས་སོ། རྩི་ཤིང་བན་བུན་བཅད་ནས་ཁྱིམ་དུ་བྱས་པས་རྩི་འབྲོང་རོགས་པོ་དང་འགྲས་སོ།”ཞེས་དང་། “ས་ཡི་ལྟེ་བ་བཅད་ནས་རི་ཆུ་ལ་རྡོ་བཅད་པས། བྱི་གླང་ཕག་མགོ་དང་འགྲས་སོ། ས་ལ་གཏར་ཁ་ཕྱེས་ནས་གཏིང་ནས་གཏིང་དུ་ཆུ་བཏོན་པས། གཙང་ཀུན་འཕྱེ་བོ་དང་འགྲས་སོ། ས་ལ་རྫིང་དུ་བསྐྱེལ་ཞིང་ཡུལ་དུ་དྲངས་བས། གཉན་སྡེ་བཞི་དང་འགྲས་སོ།”ཞེས་གསུངས་སོ། །འགྲོ་བ་མི་རིགས་ཀྱི་མ་ཡུམ་ས་ཡི་གོ་ལ་དག་ལ་བསམ་ཤེས་མ་བཟུང་བར་གཏོར་སྐྱོན་ཚད་མེད་བགྱིད་དེ་ཤིང་བཅད་པས་ཤིང་ལ་གནས་པའི་གཉན་འཁྲུགས། རྡོ་བཅག་པས་རྡོ་ལ་གནས་པའི་གཏོད་འཁྲུགས། ས་བསྔོགས་པས་ས་ལ་གནས་པའི་ས་བདག་འཁྲུགས། ཆུ་ཉོག་པས་ཆུ་ལ་གནས་པའི་ཀླུ་འགྲས་ཤིང་། ས་བདག་ཀླུ་གཉན་དང་འཁོན་འགྲས་བྱུང་བ་ཡིན་ན་ཀོ་ལོང་ཕྲག་དོག་གདུག་རྩུབ་བྱ་སྟེ་འགྲོ་བ་མི་ཡི་རིགས་ལ་གནོད་པ་སྐྱེལ་བ་དང་། འབྱུང་བའི་གཡོ་འཁྲུགས་གཏོང་ཞིང་འཇིག་རྟེན་ཁམས་འདིར་མི་བདེ་བར་ས་འགུལ་རྒྱག་པ་དང་། ཆུ་ལོག་རྒྱུགས་པ་དང་། མེ་རི་འཕྱུར་བ་དང་། རླུང་རླབས་རྒྱབ་པ་ལས་སོགས་སྡུག་བསྔལ་སྣ་ཚོགས་འབྱུང་བར་ཐེ་ཚོམ་མི་དགོས་ཏེ། 《ཀླུ་ཡི་སྙིང་བཅོས་འབུམ་ནག》ལས། “ཕན་གནོད་ནི་ཕར་ལ་གནོད་འགལ་མ་བྱས་ན། ཚུལ་ལ་གནོད་འགལ་ག་ལ་ཡོད། ཕན་ན་འཇིག་རྟེན་བདེ་བར་ནུས། གནོད་ན་འཇིག་རྟེན་བརླག་པར་ནུས། བཙའ་མུག་སད་དང་སེར་བ་དང་། ཐོག་དང་ས་རི་ཞིག་པ་དང་། མཛེ་རིགས་བྲུམ་བུ་དཀར་ནག་དང་། སྐྱི་ངོ་ཤུ་བ་བས་ལྡག་དང་། དྲིག་གྲུམ་གླེན་པ་དིག་པ་དང་། མ་ཞུ་གླང་ཐབ་སྦོད་ནད་དང་། རྩི་དུག་རིགས་དུག་བསམ་དུག་སྦྱར་དུག་དང་། དུག་ནད་དང་ཕོ་བའི་ནད། ལྷོག་པའི་རིགས་ཀྱི་ནད་རྣམས་འབྱུང་། ཀོ་ལོང་རུ་འཐུར་རྩུབ་པ་དང་།  ཤིན་ཏུ་གླེན་ལ་གདུག་རྩུབ་ཆེ།”ཞེས་གསུངས་སོ། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་གསལ་བ་བཞིན་ས་བདག་ཀླུ་གཉན་ན་ཚ་གཏོང་བ་སོགས་མིའི་རིགས་ཀྱིས་ས་བདག་ཀླུ་གཉན་དང་ལྷ་སྲིན་སྡེ་བརྒྱད་གནས་མལ་འཚོ་གཞིས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་གཏོར་སྐྱོན་ཆེན་པོར་ཐེབས་ནས་ཡུལ་ཁམས་མི་བདེ་བར་མང་པོར་བྱུང་བའོ། །
ལྔ་པ། ས་བདག་ཀླུ་གཉན་རྣམས་འཁྲུགས་པ་བཅོས་པའི་ཚུལ།
གོང་དུ་བསྙད་པའི་གདོད་མའི་བོན་གྱི་རིག་གནས་དེ་དག་ལ་སྙིག་དོར་བཅུད་ལེན་ཚ་རླབས་གསར་པ་ཞིག་འཕྱུར་བ་སྟེ་འདི་ནས་ཡར་བརྩིས་པའི་མི་ལོ་བཞི་སྟོང་ལྔ་བརྒྱའི་གོང་དུ་གངས་རིན་པོ་ཆེའི་མདུན། མཚོ་མ་ཕམ་འགྲམ། ཆུ་རྒྱལ་བཞི་འདུས་ཀྱི་འགོ། སྤོས་རི་ངད་ལྡན་ཉེ་བའི་ས་རུ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་ཞེས་སྐུ་འཁྲུངས་ཤིང་མཁྱེན་བརྩེ་ནུས་གསུམ་གྱིས་སྔར་གྱི་དམངས་ཁྲོད་དད་མོས་ལ་བཅོས་བསྒྱུར་ཆེན་པོར་མཛད་ཅིང་། གཡུང་དྲུང་བོན་ཞེས་རིག་པའི་གཞུང་ལུགས་ཀྱི་གྲུབ་མཐའ་ཞིག་གསར་གཏོད་མཛད་དེ་དར་རྒྱས་ཆེན་པོར་བྱུང་ཞིང་། གདུལ་བྱའི་དབང་པོ་རྣོ་རྟུལ་བློ་རབ་འབྲིང་ཐ་གསུམ་ལྟོས་པའི་ཐེག་པ་རིམ་དགུ་གསུངས་པ་དང་།  ཁྱད་པར་དུ་ཕྱྭ་སྣང་འཕྲུལ་སྲིད་རྒྱུ་ཐེག་བཞི་ཞེས་སྔར་གྱི་གདོད་མའི་བོན་གྱི་ལུགས་སྲོལ་རྨང་གཞི་བཏིང་པའི་དཔྱད་བརྗོད་ཟབ་མོས་ལེགས་ཉེས་བླང་དོར་ཞིབ་ཕྲ་ཕྱེས་ཏེ། བྱམས་དང་བརྩེ་བ་སྙིང་རྗེ་ཆེན་པོ་གཞན་ཕན་སེམས་སྐྱེད་བཟང་པོའི་ཀུན་ན་སློང་པའི་གཏན་ཚིགས་རིག་པའི་གཞུང་ལུགས་གཏན་ལ་ཕབས་ཞིང་། འཚེ་བ་ཆོས་སུ་རློམ་པའི་དམར་མཆོད་ཁྲག་སྦྱིན་ལག་ལེན་བཀག་འགོག་ནན་པོར་གནང་བ་སྟེ། 《སྲིད་པ་སྤྱི་མདོས་》ལས། “བདུད་བོན་གྱི་དམར་ཐབ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་ཀར་གྱི་གཏོར་མ་བཀང་། དམར་ཐག་གི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོན་བོན་གྱི་ཤེ་ཆུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་ཀར་ནི་ཡུ་ཏིས་བཀང་། ཤེ་ཆུ་ཡི་འདྲེ་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ།”ཞེས་གསུངས་སོ། །ཤེ་ཆུ་དང་ཡུ་ཏི་ནི་ཞང་ཞུང་སྐད་དུ་ཁྲག་དང་ཆང་ལ་ཟེར། སྔར་གྱི་སྲིད་པའི་བོན་གྱི་དམར་མཆོད་ཁྲག་སྦྱིན་གྱི་ལམ་སྲོལ་བསྒྱུར་བཅོས་ཟབ་མོ་གནང་སྟེ་ཤ་མཆོད་པའི་ཚབ་དུ་ནས་དཀར་རྩམ་པའི་གཏོར་མ་འབུལ་བ་དང་ཁྲག་མཆོད་པའི་དོད་དུ་འབྲུ་ཡི་ཆང་ཕུད་མཆོད་དེ་ཐུགས་དམ་མཉེས་ཤིང་དགྱེས་པའི་བཀའ་བསྒོ་དམ་དུ་བདར། དེ་ཙམ་མ་ཟད་སྡིག་ཅན་མི་དགུ་ཞེས་བྲན་ཕྲུག་སྲོག་གླུད་འབུལ་བའི་ཞུ་བ་མ་གནང་པའི་བཀག་འགོག་ནན་མོར་བགྱིས་པའི་གསུང་གདམས་ཟིལ་པ་ཕྲོམ་མེར་བཞུགས་ཡོད་པ་སྟེ། 《མདོ་གཟེར་མིག》ལས། “ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། གཅིག་བསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ། གསུངས་ནས་མ་གནང་ངོ་།”།ཞེས་གཤེན་རབ་མི་བོའི་མཛད་རྣམ་དུ་ཞིབ་གསལ་ཡོད། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་བླ་རི་གངས་དཀར་ཏི་ཙེར་ཞབས་སུ་བཀྱག་སྟེ། ཡུལ་ས་གཞི་བདག་མ་རུང་དྲེག་པའི་ནག་་ཚོགས་དམ་བཏགས་དབང་སྐོར་བཀའ་བསྒོ་མཛད་དེ་ཡོད་ཚད་དཀར་ཚོགས་བསྟན་པ་སྐྱོང་བའི་ལྷ་དང་སྲུང་མར་བསྐོས་པ་སྟེ། 《གཡུ་འཕྲུའི་བསང་ཡིག》ལས། “སྔོན་ཚེ་སྟོན་པ་གཤེན་རབ་མཆོག གངས་དཀར་ཏི་ཙེ་ཞབས་སུ་བཀྱག  འཛམ་གླིང་ཡུལ་ས་དམ་ལ་བཏགས། ཁས་བླངས་སྲོག་སྙིང་ཕུལ་ནས་སུ། དཀར་ཕྱོགས་སྐྱོང་བར་ཞལ་གྱིས་བཞེས།”ཞེས་གསུངས་སོ། ཚིག་དོན་དེ་ལྟར་ཡུལ་ས་གཞི་བདག་བསྟོད་པ་ཕལ་ནས་གསལ་དུ་ཡོད། ཡ་ཐོག་གདོད་མའི་དམངས་ཁྲོད་ཀྱིས་ལྷ་སྲིན་སྡེ་བརྒྱད་བསྟོད་ཐབས་དེ་རིགས་ཡང་དག་རིག་པའི་གཞུང་ལུགས་ཞིག་མ་ཡིན་པར་རང་གར་དད་མོས་འདོད་དབང་ཐོ་ཅོ་ཚོ་ཡོད་སོང་བར་གསུངས་ཡོད། 《སྲིད་པ་སྤྱི་མདོས》ལས། “འདུར་བོན་གྱི་ཐོ་ཅོ་ལ། གཤེན་རབ་ནི་ཅི་དགྱེས་ཏེ། བླ་གཤེ་ཀྱི་འདྲེ་བྱུང་ན། སྣང་སྲིད་ཀྱི་མདོས་ཀྱིས་བཀང་།”ཞེས་གསུངས། །ཐོ་ཅོའི་དབང་གིས་སོང་བའི་མཆོད་ཐབས་རིགས་རྣམས་ལ་ལེགས་ཉེས་བླང་དོར་ཞིབ་མོར་ཕྱེས་ཞིང་དགག་བཞག་ནན་མོར་མཛད་ཅིང་། ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་བསྟོད་བྱ་སྤྱད་བརྔན་མདོས་བཅའ་སྟེ་མཆོད་པ་འབུལ་བའི་སྲོལ་གསར་གཏོད་གནང་སྟེ།  སྲིད་པ་སྤྱི་མདོས་ལས་སོགས་མདོས་རིགས་དུ་མར་ཡོད་པ་མ་ཚད། 《ས་བདག་འབུམ》ལས། “གཤེན་རབ་སྟོན་པའི་བཀའ་ལགས། ཚེ་རིང་བར་འདོད་ན་ས་བདག་བཅོས་སོ། ནོར་མང་བར་འདོད་ན་ས་བདག་བཅོས་སོ། གོད་ཁ་ཆད་བར་འདོད་ན་ས་བདག་བཅོས་སོ། དབུལ་བ་ཕྱུགས་བར་འདོད་ན་ས་བདག་བཅོས་སོ། ན་བ་སོས་བར་འདོད་ན་ས་བདག་བཅོས། ན་ཚ་རྐྱེན་ངན་ཆད་པར་འདོད་ན་ས་བདག་བཅོས། གཟའ་དང་རྒྱུ་སྐར་བཅོས།  དེ་རིང་ཡོན་གྱི་བདག་པོས་ས་བདག་ཀླུ་གཉན་གཟའ་དང་རྒྱུ་སྐར་བཅོས་པ་ན། ས་བདག་ཀླུ་གཉན་ཅི་ལ་ཀོ་ལོང་སྡོམ་ན།”ཞེས་གསུངས་པ་ལྟར་བོད་མི་རྣམས་ཀྱིས་རི་གསོ་བྱེད་པ་དང་། ལབ་རྩེ་བསྟོད་པ་དང་།  དར་ལྕོག་རྒྱག་པ་དང་། བྲག་རྐོས་ཀྱི་རི་མོ་འམ་རྡོ་འབུམ་བརྐོ་བ་དང་། བསང་གཏོང་བ་དང་། གསེར་སྐྱེམས་ཕུལ་ཏེ་ས་བདག་ཀླུ་གཉན་འཁྲུགས་པ་བཅོས་ཏེ་ཐུགས་རབ་དུ་མཉེས་ཞིང་དགྱེས་པའི་མཆོད་སྤྲིན་ཕུལ་ན་འབྱུང་བཞི་ཆ་སྙོམས་པ་དང་། ནམ་ཟླ་དུས་བཞིར་འབྱུང་བཞིའི་གཡོ་འཁྲུགས་མེད་པར་བདེ་སྐྱིད་འདོད་དགུའི་དཔལ་ལ་སྤྱོད་པའི་དགེ་མཚན་མང་པོར་བྱུང་ཡོད་ལ། ཕྱོགས་གཞན་ཞིག་ན་རྒྱལ་དབང་ལྔ་པ་ཆེན་པོའི་ཞབས་བརྟན་དུ་ཞང་སྟོན་ཞེས་བོན་གྱི་བླ་རྒན་ཞིག་གིས་ར་མོ་ཆེ་ཀླུ་རྒྱལ་ལྕང་གསེབ་ཏུ་“ཀླུ་མཆོད་”ཕུལ་ཏེ་ཕན་པ་ཆེན་པོར་བྱུང་བའི་མངགས་བརྗོད། 《ཁོང་གི་རང་རྣམ》ལས། “བོན་འདི་ལ་བོད་ཀྱི་ལྷ་རྣམས་དགའ་བ་མ་ཟད་ཀླུ་ལ་ལྷག་པར་མངའ་བརྙེས་པ་ཞིག་ཡོད་ཚོད་འདུག”ཅེས་གསུངས་པའི་རྒྱབ་ལྗོངས་ནས་བོན་གྱི་ས་བདག་ཀླུ་གཉན་གྱི་འཁྲུགས་བཅོས་ཀྱི་གཏོ་ཆོག་གིས་ཕན་ནུས་ཆེན་པོར་ཐོན་པའི་འབྲས་བཟང་མང་པོར་མཆིས་པའི་བསྙད་པ་མོད་རུང་ཡིག་ཚོགས་མང་དོགས་ཀྱིས་དེ་ཙམ་གྱིས་ཚིགས་སུ་བཅད་དོ། །
དྲུག། ལྷ་སྲིན་སྡེ་བརྒྱད་རྣམས་ད་ལྟར་ཇི་ལྟར་གནས་ཡོད་པ།
སྐད་ཆ་འདི་ནི་ཤིན་ཏུ་བཤད་པར་དཀའ་ཁག་ཆེ་ཞིང་དེང་དུས་སུ་ལྷ་སྲིན་སྡེ་བརྒྱད་ཅེས་གདོད་མའི་དད་མོས་འདོད་དབང་གིས་རབ་བཏགས་བློ་ཡིས་བཟོས་པའི་ལྷ་སྒྲུང་ཡིད་རྟོན་མེད་པའི་བསྙོན་ཏོལ་དང་ཐེ་ཚོམ་ཆེར་མོད་ཅིང་། ཁོ་ཚོའི་འཚོ་གནས་བྱེད་སྟངས་འགྲོ་བ་མི་བཞིན་ཞིབ་ཕྲ་མིག་མཐོང་ལག་རེག་ཁ་གསལ་གཏམ་པར་དེ་བས་དཀའ། འོན་ཀྱང་གནའ་བོའི་བོན་གྱི་གཏོ་ཆོག་ཡིག་རྙིང་ཁག་དང《བོད་ཀྱི་ལྷ་འདྲེ》ཞེས༡༩༥༤ལོ་ནས་འགོ་བརྩམས་ཏེ་ནུབ་ཕྱོགས་མཁས་པའི་དཔྱད་བརྗོད་སྤེལ་བའི་ཞིབ་འཇུག་པའི་འབྲས་བུ་རིམ་ནས་ཟུར་བལྟས་ལེབ་མཐོང་དུ་སྒྲུང་གཏམ་ཁོ་ནར་མི་བཤད་པར་དེང་སྐབས་སུ་ཡུལ་ལྷ་གཞི་བདག་ས་བདག་ཀླུ་གཉན་འཚོ་གནས་བྱ་ཚུལ་དཔྱད་གཞིའི་རྒྱབ་ལྗོངས་མང་དུ་ཡོད་པའི་གླེང་རིན་ཅུང་ཆེ་བར་མཐོང་།  སྟོན་པ་སངས་རྒྱས་གཤེན་རབ་མི་བོས་གསུངས་པའི《ཀླུ་འབུམ་དཀར་པོ》ལས། “གཉན་ཞེས་བྱ་ནི་ནམ་མཁའ་ལ་གནས་སོ། ས་བདག་ཅེས་བྱ་བ་ནི་ས་ལ་གནས། ཀླུ་ཞེས་བྱ་བ་ནི་ཆུ་ལ་གནས།” ཞེས་གསུངས། ས་བདག་ཀླུ་གཉན་ལྷ་སྲིན་སྡེ་བརྒྱད་རྣམས་བོད་ཀྱི་རི་ཆུ་ནགས་གསུམ་ལས་སོགས་རང་བྱུང་སྲིད་པའི་ཁམས་ཆེན་པོ་སྣོད་ཀྱི་འཇིག་རྟེན་འདི་རུ་གནས་འཆའ་བའི་བོན་གཞུང་ཁག་ཏུ་བསྙད་པ་མང་། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》་ལས། “དེ་འོག་བསྐལ་པ་ཞང་ཞུང་བོད་དང་ཁམས།  སོ་སོར་རིམ་བྱེ་མི་རྣམས་ལས་རིམ་ཤེས། ལྷ་སྲིན་སྡེ་བརྒྱད་རི་ཆུ་བྲག་སོགས་ལ། གནས་ཤིང་དངོས་སུ་རིགས་མཐུན་རྫུས་ཏེ་སྐྱེས། གདོས་བཅས་ལུས་མིན་མི་ལ་ལྐོག་གྱུར་ཏེ། མི་དང་ལྷ་འདྲེའི་འབྲེལ་བ་ཇེ་ཉུང་སོང་། ཕན་ཚུན་མི་མཐོང་གནས་དང་རང་བཞིན་བསྐལ།”ཞེས་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བོན་གྱི་ཡིག་རྙིང་མང་པོའི་ཁོག་ཅིག་ཏུ་བསྡུས་ཏེ་ལྷ་སྲིན་སྡེ་བརྒྱད་ཀྱི་འཚོ་གནས་བྱེད་སྟངས་སྐོར་ནས་ཞིབ་གསལ་གསུང་པ་སྟེ། རྫུས་ཏེ་སྐྱེས་ཤིང་ཤ་ཁྲག་གདོས་ཅན་གཟུགས་ཕུང་ཞིག་ཏུ་གྲུབ་པ་མ་ཡིན་པར་མི་ཡི་མིག་ལམ་དུ་ལྐོག་ཏུ་གྱུར་ཞིང་ཡུལ་དུས་རང་བཞིན་གྱི་བསྐལ་པ་དང་མི་སྣང་མ་དམིགས་པའི་རྟགས་ཡང་དག་གིས་བསྒྲུབ་ཏུ་ཡོད་པར་ནེམ་ནུར་ཅི་སྟེ་མི་དགོས་སོ། །
བདུན། ལྟ་བ་དེས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབས་ཕན་པ་དངོས་ཡོད་བྱུང་བའི་སྐོར།
བོད་མདོ་དབུས་མཐོ་སྒང་ལྟེ་གནས་རི་བོ་གངས་དཀར་ཏི་སེའི་མདུན་དྲུང་དུ་གཡུང་དྲུང་བོན་གྱི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་མཆོག་གིས་གདུལ་བྱའི་བློ་ཚོད་བལྟོས་ནས་བོན་ཐེག་པ་རིམ་དགུ་གསུངས་ཤིང་སྣོད་བཅུད་གཉིས་ཀར་ཕན་ཚུན་ཅིག་ལ་ཅིག་བརྟེན་འབྲེལ་བ་གྲུབ་པའི་རྟེན་འབྲེལ་ལྟ་བ་བསྟན་པ་དང་། ཁོར་ཡུག་ལ་གཏོར་སྐྱོན་མི་ཐེབས་པར་སྲུང་སྐྱོབས་དགོས་པའི་སློབ་གསོའི་ཤུགས་རྐྱེན་བོད་མི་བྱིངས་ལ་འདུ་ཤེས་བརྟན་པོར་ཆགས་ཡོད་གཤིས། འཁོར་ཡུག་དེ་དག་གནས་ཤིང་རྒྱུ་བར་བྱེད་པའི་ས་བདག་དང་ཀླུ་གཉན་མི་མ་ཡིན་ལ་འཁོན་འགྲས་མེད་པར་འགྲོ་བ་མི་དང་བྱ་གཅན་རི་གཡུང་ཆུ་གནས་དང་བཅས།  གཉིས་ཕན་མཉམ་གནས་རོགས་རེས་ཀྱིས་གཅེས་སྐྱོང་ཟབ་མོར་འཚོ་ཞིང་གནས་པའི་བརྩེ་བ་ཟབ་མོའི་རྗེས་སུ་བཟུང་ཞིང་།  རི་ཆུ་ནགས་གསུམ་སྲུང་སྐྱོབས་བྱེད་པའི་ལྟ་བ་བོད་མི་རྣམས་ལ་མི་རབས་རིམ་པར་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཆགས་ཡོད། དེ་ནི་བོད་ཀྱི་ཕ་མྱེས་ཡང་མྱེས་ནས་རི་མཐོ་ས་གཙང་རི་ཆུའི་རིག་གནས་ཟབ་མོ་དེ་ཉིད་ཉམས་ཞིབ་དང་། དཔྱད་རིན་འོས་པ་ད་ལྟའི་བར་དུ་མི་ལོ་ཁྲི་སྟོང་དུ་མའི་བརྒྱུད་རིམ་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབས་ཡོང་བར་ཕན་པ་དངོས་སུ་ཐོན་པའི་རིག་གནས་འདི་ཡི་རྒྱབ་ལྗོངས་ཀྱི་གཏིང་ཚད་ཧ་ཅང་མཐུག་པོ་ཡིན་ཞིང་། དེང་རབས་ཚན་རིག་མཐུན་པའི་ལེགས་ཆ་མང་དག་ཡོད་ལ། ཚེ་སྲོག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས།  ཆོས་ལུགས་ཁས་ལེན་མིན་ལ་མ་ལྟོས་པར་ལྗང་མདོག་འཕེལ་རྒྱས་གི་འདུ་ཤེས་མཐོར་འདེགས་ཡོང་བར་ཕན་པོ་དངོས་སུ་ཡོད་ལ། མི་རབས་རྗེས་མའི་མ་འོངས་བུ་ཕྲུག་ཚང་མའི་བདེ་སྐྱིད་འབྱུང་རྩ་བླ་ན་མེད་པའི་ལེགས་སྐྱེས་གལ་ཆེན་ཞིག་དང་། འབྱུང་ཁམས་ཤེས་དཔལ་གྱི་བྱང་ཚད་གང་མཐོར་ཡོང་བའི་གསེར་གྱི་ཀ་ཆེན་ཞིག་ཏུ་འཁུམས་སོ། ། ཐ་ཚན་མུ་ཙུག་སྨར་རོ། །
དཔྱད་གཞིའི་ཡིག་ཆ།
《སྲིད་པའི་མཛོད་ཕུགས།》 སྟོན་པ་གཤེན་རབ།  གངས་ཏེ་སི་བོན་གཞུང་རིག་མཛོད།  ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་༢༠༡༠་ལོར་པར་དུ་བསྐྲུན་པའི་དེབ་གཟུགས།
《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 དཔལ་ཚུལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་པའི་དེབ་གཟུགས།
《ཀླུ་ཡི་སྙིང་བཅོས་འབུམ།》 སྟོན་པའི་བཀའ། གསུང་རབ་སྒོ་མཛོད་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས།
《ཀླུ་འབུམ་དཀར་པོ།》苯教文化大观གཡུང་དྲུང་བོན་ཆེན་མོའི་རིག་གནས་སྤྱི་བཤད།  ༢༠༡༨ ༡༡ ༢༨།
《ཉེ་ལམ་རྒྱལ་པོ་སྡེ་བཞིའི་ཀླུ་འབུམ》 སྟོན་པའི་བཀའ། གསུང་རབ་སྒོ་མཛོད་གླེགས་བམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས།
《གླིང་གཞི་བསྟན་པའི་འབྱུང་ཁུངས་》ཁྱུང་པོ་བློ་གྲོས་རྒྱལ་མཚན། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་༢༠༡༨་ལོར་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས།
《མདོ་གཟེར་མིག》 དྲང་རྗེ་བཙུན་པའི་གཏེར་མ། ༡༩༩༨་ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས།
《སྲིད་པ་སྤྱི་མདོས》 བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་༢༠༡༨་ལོར་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དེབ་གཟུགས།
《གཡུ་འཕྲུའི་གསང་ཡིག》ལག་བྲིས། སྒོ་རིགས་བསྟན་པ་ལྷུན་གྲུབ།
《ཀླུ་གཉན་ས་བདག་གི་པང་ཀོང》 སྟོན་པའི་བཀའ། ༡༩༩༩་ཀུན་གྲོལ་དཔར་མ་དཔེ་གཟུགས་པོད་༡༣༧ །
སྟོན་པ་གཤེན་རབ།  《སྲིད་པའི་མཛོད་ཕུགས།》 གངས་ཏེ་སི་བོན་གཞུང་རིག་མཛོད།  ཟི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་ནས་༢༠༡༠་ལོར་པར་དུ་བསྐྲུན་པའི་དེབ་གཟུགས་ངོས་ཤོག(༣—༡༧)ལས་གསལ།
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་ངོས་ཤོག་༢༢་ལས་གསལ།
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས ༣ པ།
《ཀླུ་འབུམ་དཀར་པོ།》 苯教文化大观གཡུང་དྲུང་བོན་ཆེན་མོའི་རིག་གནས་སྤྱི་བཤད།  ༢༠༡༨ ༡༡ ༢༨།
སྟོན་པའི་བཀའ། 《ཀླུ་གཉན་ས་བདག་གི་པང་ཀོང》  ཀུན་གྲོལ་དཔར་མ་དཔེ་གཟུགས་པོད་༡༣༧ ་ངོས་ཤོག་༩༧་ལས་གསལ།
ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླིང་གཞི་བསྟན་པའི་འབྱུང་ཁུངས》  བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་༢༠༡༨་ལོར་ཀན་སུའུ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་ངོས་ཤོག ༡༡ ལས་གསལ།
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་པའི་ངོས་ཤོག༢༣་ལས་གསལ།
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་ངོས་ཤོག་༢༢་ལས་གསལ། 
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་ངོས་ཤོག་༢༢་ལས་གསལ།  
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་ངོས་ཤོག་༢༢་ལས་གསལ།  
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས། ༢༤པ།
 
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས།  ༡༥།
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས།  ༡༤།
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས།  ༣།
< སྲིད་པ་སྤྱི་མདོས་> བཀའ།  བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་༢༠༡༨་ལོར་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་པོད་(༤)ལས་གསལ།
དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ལས་སྟོན། 《མདོ་གཟེར་མིག》  ༡༩༩༨་ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི།  ངོས་ཤོག་༢༢༨་ལས་གསལ།
སྒོ་རིགས་བསྟན་པ་ལྷུན་གྲུབ། 《གཡུ་འཕྲུའི་གསང་ཡིག》ལག་བྲིས།
སྟོན་པའི་བཀའ། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ་༢༠༡༨་ལོར་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་པོད་(༤)ལས་གསལ།
 
སྟོན་པའི་བཀའ། 《གསུང་རབ་སྒོ་མཛོད་གླེགས་བམ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  དེབ་གཟུགས་ངོས།  ༣༨༢།
《ཀླུ་འབུམ་དཀར་པོ།》 苯教文化大观 གཡུང་དྲུང་བོན་ཆེན་མོའི་རིག་གནས་སྤྱི་བཤད།  ༢༠༡༨ ༡༡ ༢༨། 
དཔལ་ཚུལ། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༨༨་ལོར་པར་དུ་བསྐྲུན་ངོས་ཤོག་༢༢་ལས་གསལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།