སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་ལས་མཛད་རྗེས་འགའ་རགས་ཙམ་གླེང་བ།

[ཟླ་ཚེས། 2020-12-29 10:00:47][རྩོམ་པ་པོ། འཕན་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་ལས་མཛད་རྗེས་འགའ་རགས་ཙམ་གླེང་བ།

  [ནང་དོན་གནད་བསྡུས།] རྩོམ་ཐུང་འདིར་བླ་མ་སྐྱང་སྤྲུལ་རིན་པོ་ཆེ་ཁོང་གི་གསུང་འབུམ་དང་ཉག་སྒོམ་རིན་ཆེན་ལྷུན་གྲུབ་གྱིས་བརྩམས་པའི་རྣམ་ཐར་རིང་ཐུང་གཉིས་དང་དེ་མིན་བླ་མ་ཁོང་དང་འབྲེལ་བ་ཡོད་པའི་ཡིག་ཆ་ཁག་ཅིག་ལ་གཞི་བཅོལ་ནས་བླ་མ་ཁོང་གི་རྣམ་ཐར་ཉུང་བསྡུས་དང་མཛད་འཕྲིན་ཁག་ཅིག་ཟུར་དུ་ཕྱུང་སྟེ་གླེང་བའི་ཁུལ་དུ་བྱས་ཡོད།

  [གནད་ཚིག] སྐྱང་སྤྲུལ། སྐྱང་དབོན། སྐྱང་ལུགས།

དང་པོ་རྣམ་ཐར་ཉུང་བསྡུས།

  དེ་ཡང་ངེས་དོན་གྱི་རྣལ་འབྱོར་བ་ཆེན་མོ་དཔལ་སྐྱང་སྤྲུལ་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་མཆོག་ནི་ཡུལ་མདོ་སྨད་ཐེ་བོ་སྟག་ཁམས་ཀྱི་སྙ་ནང་ཞེས་པར་རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་སྟག་གི་ (༡༧༧༠)ལོར་ཡབ་སྙ་ཚེ་དབང་དོན་འགྲུབ་དང་ཡུམ་རྐོ་ཙེ་བཟའ་ཀུན་བཟང་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་འཁྲུངས་ནས་ཟླ་བ་ཁ་ཤས་ལོན་དུས་མ་ཡུམ་ཚེ་ལས་འདས་པས་སྲིང་མོ་ཆེ་བས་བསྐྱངས། དགུང་ལོ་གསུམ་གྱི་སྟེང་སྐྱང་འཕགས་ཁྲི་གཙུག་རྒྱལ་བས་ཐུགས་དགྱེས་ཆེན་པོས་བྱིན་རླབས་གནང་ཞིང་སྲུང་མདུད་བཏགས་ནས་མཚན་ལ་ཨོ་རྒྱན་སྐྱབས་སུ་གསོལ། དགུང་ལོ་དྲུག་གི་སྟེང་དུ་སྐྱང་ཚང་དབོན་པོ་གཡུང་དྲུང་གཙུག་རྒྱན་གྱིས་བབ་བཟོ་མདའ་ཆེན་དགོན་པར་གདན་འདྲེན་ཞུས་ནས་ཁྲི་ཁར་མངའ་གསོལ་མཛད། དེར་ཁ་ཡག་ལྷུན་གྲུབ་འོད་ཟེར་སློབ་དཔོན་དུ་བསྟེན་ནས་ཡི་གེ་ཀློག་པའི་དབུ་བཟུང་། དགུང་ལོ་བཅུ་དྲུག་སྟེང་དུ་ཁྱུང་པོ་བརྒྱུད་ནས་དབུས་གཙང་ཕྱོགས་སུ་ཕེབས་པ་ནི་“ཤིང་སྦྲུལ་ལ་སྐྱང་སྤྲུལ་ཆེན་པོ་ལྷ་སར་བྱོན་ནས་བོན་རིའི་སྟག་རྩེ་རི་ཁྲོད་དུ་སྐྱབས་རྗེ་རྒྱལ་བ་གཙུག་ཕུད་དང་འགྲོ་མགོན་ཚེ་དབང་མཆོག་ལེགས་མདུན་ནས་རབ་ཏུ་བྱུང་། མཚན་ལ་གཡུང་དྲུང་གཙུག་རྒྱན་གསོལ། ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་(༡༧༠༢-)ཀྱི་ཞབས་པད་བསྟེན”[①] དེ་མིན་ངེས་དོན་སྐྱེས་ཆེན་དུ་མ་བསྟེན་ནས་དབང་ལུང་ཁྲིད་དང་ཕྱི་ནང་གི་རིག་པའི་གནས་ཀུན་ལ་བུམ་པ་གང་བྱོའི་ཚུལ་དུ་གསོན་བསམ་ཞུས། དགུང་ལོ་ཉེར་གཅིག་སྟེང་བབ་བཟོ་མདའ་ཆེན་དགོན་པར་ཕྱིར་ཕེབས་ནས་དཀར་མོ་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་གཙོ་བོར་གནང་། ལོ་ངོ་བཅུ་ལྷག་ལ་དཀོར་མི་བཞེས་པའི་དམ་བཅའ་བཞག་སྟེ་བྱ་བྲལ་རྣལ་འབྱོར་བའི་རྟུལ་ཞུགས་ལ་གནས། གཞན་ཡང་ཐེ་བོ་བྲག་བྱ་རྒོད་དང་ཟུང་ཆུ་མཁའ་འགྲོ་འུག་གདོང་། རྒྱལ་རོང་རྒྱལ་མོ་དམུ་རྡོ་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་དང་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། རང་དགོན་དུའང་ཕྱི་དགོན་པའི་སྒྲིག་ཁྲིམས་དང་ནང་འདུལ་བའི་བཅས་ཁྲིམས་སོགས་ལ་འགྱུར་བ་བཏང་ཞིང་གྱེར་འདོན་དབྱངས་དང་ཆོ་ག་ལག་ལེན་གྱི་སྐོར་ནས་སྐྱང་ལུགས་ཞེས་པའི་རང་རྐྱ་ཐུབ་པའི་ཐུན་མིན་ཕྱག་སྲོལ་ཞིག་གསར་དུ་གཏད། མང་ཚོགས་ཀྱི་ཕྱོགས་ནས་ཀྱང་རི་རྒྱ་ཀློང་རྒྱ་སྡོམ་ནས་རི་སྐྱེས་སྲོག་ཆགས་དང་སྨན་རྩྭ་ལྡུམ་བུའི་རིགས་གང་འདོད་དུ་རྐོ་མི་ཆོག་པ་སོགས་དགེ་སྒྲུབ་སྡིག་སྤོང་གི་མཛད་འཕྲིན་མང་དུ་བསྐྱངས། དགུང་ལོ་ལྔ་བཅུ་ཡས་མས་ཤིག་ནས་ཟུང་ཆུ་མཁའ་འགྲོ་འུག་གདོང་དུ་ཕེབས་ནས་གནས་དེར་རི་ཁྲོད་བྱ་བྲལ་གྱི་ཚུལ་དུ་ལོ་མང་བཞུགས། སྐབས་དེ་དུས་ཟུང་ཆུ་ཕྱོགས་ཀྱི་ཤར་སྐྱང་ཚང་དགོན་པ་གཙོ་བོར་བྱེད་པའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ཆོས་ཀྱི་འབྲེལ་བ་མང་དུ་བཞག་པ་ནི་ཟུང་ཆུ་དང་བབ་བཟོའི་རྒན་རབས་པའི་ངག་རྒྱུན་ན་མཆིས། དམ་པ་ཁོང་ནི་སྒྲུབ་པ་ཉམས་ལེན་གཙོ་བོ་མཛད་པའི་ངེས་དོན་གྱི་རྣལ་འབྱོར་བ་ཞིག་ཡིན་པས་སྐུ་ཚེ་གང་བོར་ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས་སོགས་རྩ་བའི་བླ་མ་ཉེར་གྲངས་ལྷག་གི་བཀའ་བསླབ་གཙུག་ཏུ་བཀུར་ནས་མདའ་ཆེན་དཀར་མོ་རི་ཁྲོད་དང་འཐེབ་ཆུ་བྲག་བྱ་རྒོད། ཟུང་ཆུ་མཁའ་འགྲོ་འུག་གདོང་དང་རྒྱལ་རོང་རྒྱལ་མོ་དམུ་རྡོ་སོགས་གནས་རི་དང་རི་ཁྲོད་དག་ལ་ཕེབས་ནས་སྐུ་ཚེ་འདའ་བར་བྱས། མཐར་དགུང་ལོ་རེ་གསུམ་པ་ཆུ་སྦྲུལ་ལོར་(༡༨༣༣)གཟུགས་སྐུའི་བཀོད་པ་འོད་གསལ་ཞི་བའི་དབྱིངས་སུ་བསྡུས་བའི་ཚུལ་མཛད།

གཉིས་པ་སྐྱང་ཞེས་པའི་ཐ་སྙད་ཀྱི་སྐོར།

  སྐབས་འདིར་དགོས་དབང་གིས་སྐྱང་ཞེས་པའི་ཐ་སྙད་འདིའི་སྐོར་ནས་ཅུང་ཟད་ཞུས་ན། སྔོན་གྱི་རྣམ་ཐར་དང་ལོ་རྒྱུས། བསྟན་འབྱུང་སོགས་སུ་སྤྱང་དང་རྐྱང་། སྐྱང་བཅས་རེས་མོས་སུ་བྲིས་འདུག འཕན་ཆུའི་ས་ཆ་འདིར་སྐྱང་ཞེས་པ་འདི་རྒྱུག་ཆེ་བར་སྣང་། དང་པོ་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་ཨ་མྱེས་སྐྱང་འཕགས་ཆེན་པོར་སྐྱང་ཞེས་པའི་ཐ་སྙད་འདི་ཇི་ལྟར་ཐོགས་པའི་སྐོར་ནས་སྐྱང་འཕགས་ཆེན་པོའི་རང་རྣམ་ཐུགས་རྗེ་ཉི་མ་ལས། “དེ་བཞིན་ཁོ་བོ་མུ་ལ་དྲུང་མུ་ཡི།། ད་ལྟའི་སྐྱེ་བརྒྱུད་བྱུང་ཁུངས་བཤད་གྱུར་ན།། མེས་པོ་ཐང་ལྷ་གནམ་གྱི་རྒྱལ་པོ་སྟེ།། ཕྱི་མོ་གདོལ་རིགས་མི་ལ་ཀླུ་མོ་འཕོས།། དེ་གཉིས་ལས་ཤུགས་འབྲེལ་བའི་བུར་སྐྱེས་པ།། གེ་བ་ཐུག་ཆེ་ཁྲོམ་རྒྱལ་ཞེས་བྱ་སྟེ།། གེ་ཏ་བདུད་ཡིད་འདྲེས་ཕྱིར་དྲེགས་པ་ལ།། ཀླུ་མོ་སྒོ་རིགས་རྐྱང་ཉོས་བསླད་སྐྱོན་ལ།། བུ་ནི་ཁོག་སྒུར་སྐེ་འཁྱོག་གཟའ་མདའ་འཕོག། གཞན་དག་མིས་ནི་སྐྱང་ཙེ་དབུས་སྒུར་ཟློ།།”[②]ཞེས་རིག་འཛིན་སྐྱང་འཕགས་ཆེན་པོར་སྐྱང་ཙེ་དབུས་སྒུར་ཞེས་འབོད་པར་གསུངས་པ་དང་ཡང་སྐྱང་ནག་ཚང་གི་རྟེན་གསུམ་ལོ་རྒྱུས་ལས། “འགྲུ་ཞིག་གདུང་ལས་འཁྲུངས་པའི་སྲས་གསུམ་གྱི།། ཆུང་བ་ཉི་མ་གྲགས་པའི་མཚན་ཞེས་ཏེ།། སྦས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཞིག། མདོ་གམ་འ་ཞ་སྒུར་བའི་ཡུལ་དུ་ཕེབས།། སྲས་ནི་འབུམ་སྐྱབས་ཞེས་པ་བྱ་བ་འཁྲུངས།། དེ་ནི་ཆེར་སྐྱེས་སྐྱང་ཙེ་ཚང་ཞེས་པ།། དེ་ལ་སྲས་བཞིར་འཁྲུངས་བའི་ཐ་ཆུང་ནི།། མཚན་ལ་འཕགས་པ་སྐྱབས་ཞེས་བྱ་བ་བྱུང་།།”[③]ཞེས་སྐྱང་ཙེ་ཚང་གི་འཕགས་པ་སྐྱབས་ཞེས་པ་ལས་སྐྱང་འཕགས་ཞེས་ཐོགས་པ་ལྟ་བུ་ཞིག་ཏུ་གསུངས་འདུག གཞན་དམངས་ཁྲོད་ཀྱི་ངག་རྒྱུན་ཞིག་ལ་འ་མ་ཞ་ན་སྐྱང་མི་འཕགས་ཟེར་བ་ཞིག་ཀྱང་འདུག་མོད། ཞིབ་འཇུག་གི་རིན་ཐང་ཡོད་མེད་མ་ངེས་པས་གཏོང་སྙོམས་སུ་བཞག གང་ལྟར་ཁོང་ལ་ཨ་མྱེས་སྐྱང་འཕགས་ཞེས་པའི་མིང་ཞིག་འདུག ཁོང་གི་རྗེས་འཇུག་རྣམས་ལའང་སྐྱང་ཞེས་པའི་ཐ་སྙད་འདི་བཀོལ་བཞིན་འདུག་སྟེ། སྐྱང་འཕགས་ཁྲི་གཙུག་རྒྱལ་བ་དང་། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། སྐྱང་དབོན་རིན་ཆེན་རྒྱལ་མཚན་ལྟ་བུ་དང་། སྐྱང་འཕགས་ཆེན་པོས་ཕྱག་བཏབ་པའམ་དེ་འབྲེལ་གྱི་དགོན་སྡེ་ཁག་ལའང་སྐྱང་གི་ཐ་སྙད་ཆགས་ཡོད་པ་ནི་སྒུར་སྐྱང་དང་སྐྱང་ཚང་། སྐྱང་ཚང་ནང་ཆེན། སྐྱང་ཁ་མ་ཚང་དང་སྐྱང་ཚང་འོག་མ་ཚང་ཞེས་བྱུང་བ་ལས་ཤེས་ནུས། སྐྱང་དང་འབྲེལ་བའི་བླ་སྤྲུལ་རྣམས་ལ་སྐྱང་འཕགས་ཆེན་པོའི་གདུང་རྒྱུད་ལས་མཆེད་པ་དང་གདུང་རྒྱུད་མ་ཡིན་པའི་སྤྲུལ་སྐུ་ཡང་ཡོད། ཁོང་རྣམ་པར་སྐྱང་ཞེས་པའི་ཐ་སྙད་སྦྱར་བ་ནི་གཅིག་ནས་ཨ་མྱེས་སྐྱང་འཕགས་ཆེན་པོའི་གདུང་རྒྱུད་ལས་མཆེད་པས་ཡིན་པ་དང་གཉིས་ནས་བླ་མ་དེ་དག་ལ་སྐྱང་འཕགས་ནས་བརྒྱུད་པའི་དབང་ལུང་ཁྲིད་གསུམ་སོགས་ཟམ་མ་ཆད་པར་ཡོད་པས་བླ་བརྒྱུད་ལྟ་བུ་ཡིན་པས་དེ་ལྟར་དུ་གྲགས་པར་བསམས། ཡང་བསམ་དགོས་པ་ཞིག་ལ་ཨ་མྱེས་སྐྱང་འཕགས་ཆེན་པོའམ་རིག་འཛིན་གྱེར་མི་ཉི་འོད་ནི་སྟོད་ཕྱོགས་ནས་ཕེབས་པ་ཞིག་ཡིན་པས་སྐྱང་ངམ་སྤྱང་ཞེས་པ་ནི་སྟོད་ཕྱོགས་ཀྱི་རུས་རྒྱུད་ཅིག་ཏུ་ངེས་ཀྱང་སྲིད་པས་དཔྱད། བླ་མ་སྐྱང་སྤྲུལ་ཚང་ལ་སྐྱང་ཞེས་པའི་ཐ་སྙད་སྦྱོར་བ་ནི་མཐའ་གཅིག་ཏུ་འདིའོ་ཟེར་ནས་སྨྲ་མི་ནུས་མོད། རྣམ་ཐར་ཐུང་བ་ལས། “ཡུལ་མདོ་སྨད་སྒང་གི་ཐ་མ་རྒྱ་བོད་ཧོར་གསུམ་འདུས་པའི་སོ་མཚམས། འཐེབ་ཅུ་བྲག་བྱ་རྒོད་གནས་ཀྱི་ཉེ་འདབ་དེར། འགྲོ་བའི་མགོན་པོ་སྐྱང་འཕགས་མུ་ལ་དྲུང་མུའི་གདུང་རྒྱུད་ལ་སྐུ་སྐྱེ་བ་བཞེས་པ་ནི་ཐོག་མའོ།།”[④]ཞེས་བླ་མ་སྐྱང་སྤྲུལ་ཚང་ནི་ཨ་མྱེས་སྐྱང་འཕགས་ཆེན་པོའི་གདུང་རྒྱུད་ལས་འཁྲུངས་པའི་བླ་མ་ཞིག་གི་སྐུ་ཕྲེང་ཡིན་པར་གསུངས་འདུག་པ་དང་། ཡང་རྣམ་ཐར་རིང་བ་ལས། “ཡུལ་མདོ་སྨད་སྒང་དྲུག་གི་ནང་ཚན་རྨ་སྒང་རིང་མོ་སྒང་རྒྱུད་འཐེབ་ཅུ་བྲག་དཀར་བྱ་རྒོད་ཀྱི་འདབས་སུ། སྐྱེ་བ་མང་པོའི་གོང་ནས་གཞི་མོ་གཅིག་ཆོད་རྟོགས་པའི་རིག་པ་མངོན་དུ་གྱུུར་པའི་གྲུབ་རྩལ་རྫུ་འཕྲུལ་དུ་མ་ལ་མངའ་བསྙེམས་ཏེ་མཐའ་འཁོབ་མུ་རྒོད་འདུལ་བའི་དཔལ་དུ་བཞེངས་པ་སྐྱང་འཕགས་མུ་ལ་དྲུང་མུ་ཞེས་པ་དེ་ཉིད་ཀྱིས་རིས་མེད་མཁའ་ཁྱབ་འགྲོ་བ་ཞི་བདེར་བཀོད་པའི་བསམ་གྱིས་གྲུབ་སྟེ་དགོངས་པ་དབྱིངས་སུ་རྫོགས་ཀྱང་། ཐུགས་བསྐྱེད་སྨོན་ལམ་གྱི་འཕྲོས་དོན་གསེར་ཚ་བན་དྷེ་ཐར་ཞེས་པའི་སྲས་སུ་ངོ་མཚར་གྱི་ལྟས་དུ་མ་དང་བཅས་ཏེ་བལྟམས་པ་ལ། སྐྱང་ཚང་བླ་མ་རྣམ་རྒྱལ་གྲགས་པས་སླར་བསླུས་ཏེ་གདན་སར་བཤོད་ནས་མཚན་ཡང་སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་ཞེས་སུ་གསོལ་བ།”[⑤]ཞེས་སྐྱང་སྤྲུལ་གྱི་སྐུ་སྐྱེ་གོང་མ་སྤྲུལ་སྐུ་ནམ་མཁའ་བསྟན་འཛིན་ནི་སྐྱང་འཕགས་ཆེན་པོའི་རྣམ་སྤྲུལ་ཡིན་པར་གསུངས་འདུག བཞེད་སྲོལ་མི་མཐུན་པའི་རྣམ་ཐར་རིང་ཐུང་འདི་གཉིས་ཀའི་རྩོམ་པ་པོ་མི་གཅིག་ཡིན་པ་རྣམ་ཐར་རང་ལས་གསལ། རྣམ་ཐར་ཐུང་བ་འདི་ནི་སྐྱང་སྤྲུལ་སྐུ་འཚོ་བཞུགས་གནང་བའི་སྐབས་ཏེ་སྤྱི་ལོ༡༨༢༠ལོར་ཉག་སྒོམ་གྱིས་བཀའ་འབུམ་རིན་ཆེན་གཏེར་གྱི་བང་མཛོད་ཅེས་པའི་སྐྱང་སྤྲུལ་རིན་པོ་ཆེའི་བཀའ་གསུང་རྣམས་ཕྱོགས་བསྒྲིགས་བྱེད་པའི་སྐབས་སུ་རྩོམ་པ་པོས་བླ་མར་ཞུས་ཤིང་བླ་མས་ཀྱང་རྒྱས་པ་མ་གྲུབ་ཀྱང་བསྡུས་པ་ཞིག་གནང་བ་དེ་གཞིར་བཞག་ནས་རྩོམ་པ་ཞིག་ཡིན་པར་གསུངས་འདུག རྣམ་ཐར་རིང་བ་འདི་སྐྱང་སྤྲུལ་ཚང་དགོངས་པ་བོན་དབྱིངས་སུ་བསྡུས་རྗེས་ཏེ་སྤྱི་ལོ་༡༨༣༣ལོའི་རྗེས་སུ་རྩོམ་པ་ཞིག་རེད། དོན་གྱིས་རྣམ་ཐར་གཉིས་ཀའི་གང་ཡིན་ཡང་བླ་མ་སྐྱང་སྤྲུལ་ནི་ཨ་མྱེས་སྐྱང་འཕགས་ཆེན་པོ་དང་འབྲེལ་བ་དམ་པོ་ཡོད་པར་བསྟན་ཡོད། སྐྱང་སྤྲུལ་ཚང་གི་སྐུ་སྐྱེ་གོང་མ་ལ་སྐྱང་གི་ཐ་སྙད་འདི་སྦྱར་མེད་ནའང་ཁོང་ཉིད་བབ་བཟོ་མདའ་ཆེན་དགོན་པར་བླུ་མཁན་ནི་སྐྱང་དབོན་གཡུང་དྲུང་གཙུག་རྒྱན་ཡིན་པ་དང་། སྐྱང་དབོན་རིན་ཆེན་རྒྱལ་མཚན་དང་སྒུར་སྐྱང་བསྟན་པ་འབྲུག་གྲགས་སོགས་སྐྱང་སྤྲུལ་ཚང་དང་དུས་ཐོག་གཅིག་གི་བླ་མ་ཡིན་པས་ཁོང་རྣམ་པ་དང་བླ་སློབ་ཀྱི་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མ་ཟད། མདའ་ཆེན་དགོན་པ་ཡང་སྐྱང་དགོན་ཁག་བདུན་གྱི་ཡ་གྱལ་ཡིན་པ། བླ་མ་ཁོང་གི་མཛད་འཕྲིན་རྒྱས་ཤིང་བསྟན་པ་ལ་སྨིན་པའི་སྐྱེས་བུ་ཆེན་པོར་ཆགས་པ་སོགས་ཀྱིས་སྐྱང་གི་ཐ་སྙད་འདི་རང་བཞིན་གྱིས་ཁོང་ལ་དབང་བར་འགྱུར་བ་མིན་ནམ་སྙམས། ཁོང་གིས་མཛད་པའི་ཕྱག་རྩོམ་རེ་འགའི་མཇུག་ཏུ་སྐྱང་ནམ་གྱིས་བྲིས་ཞེས་པ་དང་སྐྱང་གི་དགེ་བཤེས་ནམ་མཁའ་རྒྱལ་མཚན་གྱིས་ཞེས་སོགས་འབྱུང་བ་ལ་དཔྱད་ན་བླ་མ་ཁོང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་ནས་ཁོང་གི་མཚན་གྱི་དབུ་ལ་སྐྱང་ཞེས་པའི་ཐ་སྙད་འདི་སྦྱོར་ཡོད་པ་ཤེས་ཐུབ། གཞན་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་དུ་སྐྱང་ཞིག་ཅེས་པ་ཞིག་འདུག་མོད་འདི་དང་འབྲེལ་བ་ཡོད་མེད་མ་ངེས་པས་དཔྱད་པར་རིགས་སོ།།


གསུམ་པ་སྲོལ་རྒྱུན་འགའ་ལ་འགྱུར་བ་གཏོང་བའི་སྐོར།

  སྐྱང་སྤྲུལ་རིན་པོ་ཆེ་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པར་མ་ཟད་གཟིགས་རྒྱང་རིང་ཞིང་མཁྱེན་རྒྱ་ཤིན་ཏུ་ཡངས་པ་ཞིག་ཀྱང་ཡིན། ལྷག་ཏུ་ཁོང་ཉིད་ཁྱུང་པོ་དང་དབུས་གཙང་སོགས་སུ་ཕེབས་ནས་བླ་མ་དང་དགོན་པ་མང་བོར་མཇལ་མྱངས་པས་དགོན་པ་ཞིག་གམ་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཡུན་དུ་གནས་དགོས་ན་གང་འདྲ་ཞིག་ནས་འགྱུར་བ་བཏང་དགོས་པ་དང་ང་ཚོ་སྟེ་ས་ཁུལ་ཆུང་ཕྱོགས་ཀྱི་དགོན་པ་རྣམས་ཇི་ལྟར་བྱས་ནས་བསྐྱངས་དགོས་པ་སོགས་ལ་ངེས་ཤེས་གསལ་བོ་ཐོབ་ཡོད། དེ་བས་ཁོང་གིས་སྔོན་ཆད་ཀྱི་ལེགས་ཆ་གཞིར་བཞག་གིས་མདོ་སྨད་སྐྱང་ལུགས་ཞེས་པ་ཞིག་གསར་དུ་གཏད། སྤྱིར་དགོན་པ་འདིའི་འགྲོ་སྟངས་ནི་“ཐོག་མར་ངེས་འབྱུང་དད་པའི་སྒོ་ནས་ཡུལ་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ། མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་སྒྲུབ་པ། ཚད་མེད་བཞི་ལ་བློ་སྦྱངས། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ལ་བསླབ། ལམ་སྤང་སྒྱུར་གྲོལ་གསུམ་ལ་ཞུགས་ནས་བདེན་གཉིས་ཟུང་འབྲེལ་དང་། ཐབས་ཤེས་ཟུང་འཇུག གསལ་སྟོང་དབྱེར་མེད་ལ་བློའི་གོམས་པ་བརྟས་ནས། བདག་འཛིན་གྱི་རྩ་བ་མ་རིག་པ་རིག་པའི་ཡེ་ཤེས་སུ་གྲོལ་ཏེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་བ་ནི་བོན་སྤྱི་ལྟར་” [⑥]ཡིན་ན་ཡང་ཀྱག་ཀྱོག་ཆེ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་འཕེལ་གྲིབ་ཀྱི་ལམ་ཁ་མང་དུ་བརྒྱུད་ཡོད་པ་ནི་བཤད་མ་དགོས། དེ་ཡང་དང་པོ་དབྲ་དགེ་ཕུ་ན་ཡོད་དུས་དགོན་སྟག་ནང་ཟེར་ཞིང་གྲོང་དགོན་ཆུང་ཆུང་ཞིག་ཡིན་པར་བཤད་པ་དང་། དེ་ནས་ཨ་མྱེས་སྐྱང་འཕགས་ཆེན་པོས་དགའ་ལྡན་རི་ཁྲོད་བཏབ་པ་ཡང་རི་ཁྲོད་ཙམ་གྱི་རྣམ་པར་གནས་པ། དེ་རྗེས་རྒྱལ་བསྟན་དགོན་དུ་གནས་སྤོས། དེ་འཕེལ་རྒྱས་བྱུང་ནས་བྱ་སྐེ་དགོན་དུ་གནས་སྤོས། དེ་དེང་གི་དགོན་པ་ཆགས་ས་འདིར་གནས་སྤོས་པ་སོགས་ལ་གཞིགས་ན་དགོན་གནས་མང་དུ་སྤོས་པར་སྣང་། དེ་ནས་དགོན་པའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་གནས་བབ་སོགས་ལ་བསྟུན་ནས་གྲོང་དགོན་དག་ལ་འགྱུར་བ་བཏང་ཞིང་རྣམ་དག་འདུལ་བའི་འདུས་སྡེ་ཞིག་ཏུ་བསྒྱུར་བར་བརྩོན་པ་ཆུ་བོ་རྒྱུན་དེ་བླ་མ་སྐྱང་སྤྲུལ་གྱི་བར་ལ་ཐུག བླ་མ་སྐྱང་སྤྲུལ་ཚང་གིས་ཀྱང་། སྔོན་གྱི་སྲོལ་རྒྱུན་བཟང་པོས་གཞི་བཟུང་ཞིང་སྐབས་དེའི་གསར་ལུགས་མང་པོས་ཟུར་བརྒྱན་ཏེ་གྱེར་འདོན་དབྱངས་དང་ཆོ་ག་ཕྱག་ལེན་སོགས་བྲུ་ཞུ་སྤེ་རྨེའུ་གཤེན་དང་ལྔའི་ལུགས་དང་ཅུང་མི་འདྲ་ཞིང་རང་རྐྱང་ཐུབ་པའི་མདོ་སྨད་སྐྱང་ལུགས་ཞེས་པ་ཞིག་གསར་དུ་གཏད་ནས་དབྱར་གནས་དང་མང་ཇ་སོགས་བཙུགས་ཏེ་ཕྱི་ཡི་སྒྲིག་ལམ་དང་ནང་གི་བཅས་ཁྲིམས་བཅས་ལ་འགྱུར་བ་བཏང་བ་ནི་རྣམ་ཐར་ལས་ཀྱང་། “རང་དགོན་དུ་དབྱར་གནས་དང་མང་ཇ་སོགས་ཀྱི་སྲོལ་བཟུང་ནས་ཕྱི་ཡི་ཚུལ་དང་ནང་གི་ཁྲིམས་ཀྱི་སྐྱོན་ཡོན་བསླབ་བྱ་རྣམས་ཞིབ་རྒྱས་སུ་གནང༌།”[⑦]ཞེས་བྱུང་བ་མ་ཟད།《བདེན་པའི་འཚོགས་གཏམ་སྐྱང་ནམ་ཅན་བཞུགས་སོ།།》ཞེས་པའི་བཅའ་ཡིག་ཀྱང་མཛད། ངག་རྒྱུན་དུའང་བླ་མ་སྐྱང་སྤྲུལ་ཚང་གིས་ཚོགས་མང་ཇ་བཙུགས་ཤིང་ཁྲིམས་སྒྲིག་ལམ་བཅོས་ནས་དགོན་པར་དག་ཐར་བྱས་པ་དང་ཁོང་སྐུ་དངོས་ཀྱིས་ཐ་ན་ཇ་མ་དང་མཆོད་དཔོན་སོགས་ཀྱང་གནང་མྱོང་བར་བཤད། ལྷག་པར་དུ“ཡུལ་འདིར་སྔོན་སྲོལ་ངན་པ་སྔགས་ནག་པའི་ལུགས་ལ་མུ་སྟེགས་རིགས་སུ་གོལ་ནས། སྲོག་གླུད་དམར་གཏོ་བྱེད་པ་བཀག་ནས་དགེ་སྡིག་གི་རྒྱུ་འབྲས་བསྟན།”[⑧]པའི་ཕྱིར་དུ་《བསམ་སྤྱོད་ལོག་པའི་སྲོག་གླུད་དམར་གཏོ་གཅོད་པའི་གཏམ་གནམ་ལྕགས་འཁོར་ལོ་ཞུགས།》 ཞེས་པ་མཛད་ནས་ཐམས་ཅད་ཡང་དག་དགེ་ལ་ཚུད་པར་བྱས། དེ་མིན་མང་ཚོགས་རྣམས་ལའང་རི་དྭགས་སོགས་རྔོན་མི་ཆོག་པའི་རི་རྒྱ་ཀློང་རྒྱ་སྡོམ་པ་ནི་རྣམ་ཐར་ལས། “སྐྱ་བོ་རྔོན་པ་རྣམས་ཀྱིས་བྱ་གཅན་དང་རི་དྭགས་མི་བདའ་བའི་བཀའ་བསྒོས།”ཞེས་བྱུང་བ་ལྟར་བབ་བཟོའི་ཡུལ་གྱི་དགོན་གྲོང་གཉིས་ཀར་འགྱུར་བ་གང་ལེགས་བཏང་ཞིང་རིས་སུ་མ་ཆད་པར་སེར་སྐྱ་ཡོངས་ལ་ཐུགས་རྗེ་བྲི་བཀོལ་མེད་པར་དབང་ལུང་སྡོམ་པ་སོགས་ཆུ་བོའི་རྒྱུན་བཞིན་དུ་བསྩལ་ནས་སྐལ་ལྡན་རྗེས་འཇུག་རྣམས་ལ་མན་ངག་གིས་གནད་བཀྲོལ་ཏེ་འགྲོ་དོན་རྒྱ་ཆེན་པོར་མཛད་པ་ན། སྲོལ་རྒྱུན་གྱི་རྫོང་ཐུག་ཅིང་རྙིང་ཞེན་གྱི་ཨུ་ཚུགས་རྒོད་པའི་མི་སྣ་རེ་འགས་ལོག་ལྟ་བྱེད་ཅིང་མངོན་ལྐོག་གང་རུང་ནས་རྒོལ་བ་བརྩམས་པའང་རྣམ་ཐར་དང་ངག་རྒྱུན་གཉིས་ཀ་ལས་གསལ།

བཞི་བ་ཐུན་མིན་གྱི་མཛད་པ་བསྐྱངས་པའི་སྐོར།

  དེང་གི་གནས་བབ་འདིའི་ཁྲོད་ནས་བླ་མ་གོང་མ་རྣམ་པའི་རྣམ་ཐར་སོགས་ལ་དབྱེ་ཞིབ་དང་དཔྱད་བརྗོད་སྤེལ་བའི་སྐབས་སུ་མངོན་སུམ་གཙོ་བོར་བཟུང་ནས་འབྲི་བ་ལས་ཅུང་བློ་ཡུལ་ལས་འགོངས་པའི་རིགས་རྣམས་ལ་དེ་ཙམ་མཐོང་ཆེན་མི་བྱེད་པ་ལྟ་བུར་སྣང་ན་ཡང་བླ་མ་སྐྱང་སྤྲུལ་ཆེན་པོ་ནི་དུས་གསུམ་པོ་མངོན་རྗེན་དུ་གཟིགས་ཤིང་གྲུབ་རྟགས་སྒྱུ་འཕྲུལ་ལ་མངའ་བརྙེས་པའི་ངེས་དོན་གྱི་རིག་འཛིན་འཕགས་པ་ཞིག་ཡིན་པས་ཁོང་གི་རྣམ་ཐར་ལོ་རྒྱུས་གླེང་དུས་དེའི་སྐོར་ཡང་མི་གླེང་ཐུ་མེད་ལྟ་བུར་ཆགས་འདུག་པས་འདིར་ཅུང་ཟད་ཅིག་ཞུ་ན། སྐྱང་སྤྲུལ་རིན་པོ་ཆེ་ནི་སྐུ་ན་ཕྲ་དུས་ནས་ལྷ་སྲིན་བྲན་དུ་བསྐོར་ཞིང་སྡེ་བརྒྱད་དབང་དུ་བསྡུས་པ། གྲུབ་རྟགས་རྫ་འཕྲུལ་ལ་མངའ་བརྙེས་པ་ཞིག་ཡིན་པ་ནི་སྐྱང་སྤྲུལ་རྣམ་ཐར་རིང་བ་ལས། “ལན་ཅིག་ཨ་ཁུ་སྤང་མོ་བྱ་བའི་ཁང་ཁ་རུ་བྱིས་སྦ་འགའ་རེ་དང་ལྷན་དུ་རྩེད་མོ་ལ་གཡེང་སྐབས་སུ། རྡོ་ལེབ་ཞིག་གི་ཐོག་ཏུ་ཞབས་བཞག་པས་འབྱར་བའི་སྣང་བ་བྱུང་ནས་སྐྲག་སྟེ། ཡབ་ལ་སྦྲོན་ནས་ང་ཡི་རྐང་པ་ལ་རྡོ་འབྱར་བྱུང་སྨྲས་པས། ཡབ་ཀྱང་བལྟ་རུ་ཕྱིན་པས་རྡོ་ལ་ཞབས་ཀྱི་ཕྱི་རྟིང་གི་རྗེས་གསལ་བར་དོད་པར་གདའ། དེ་གཞན་ལ་གསང་སྟེ་ཁྱིམ་དུ་སྦས་སོ། །”[⑨]ཞེས་རྡོ་ལ་ཞབས་རྗེས་བཞག་པ་དང་། ཡང་དེ་ལས། “ཡང་རེས་ཤིག་བྱིས་སྦ་འགའ་དང་མཉམ་པོར་རྩེད་མོར་སོང་ཚེ་ལོ་ལྗང་གི་གསེབ་ཏུ་སྦྲུལ་ཞིག་འགྲོ་བར་སྣང་བས། དེ་ལ་རྡོ་ཞིག་འཕེན་སྙམས་ནས་རྡོ་བླངས་པ་ལ་མཐེ་བོང་གི་རྗེས་ཡོད་པ་ཞིག་སྣང༌།”[⑩]ཞེས་སྦྲུལ་ལ་འཕེན་པར་བརྩམ་པའི་རྡོ་རྩམ་ལོག་བཞིན་དུ་བརྫུས་པ་དེ་ད་ལྟའང་མདའ་ཆེན་དགོན་པའི་རྟེན་གསུམ་ནང་དུ་བཞུགས། དེ་ནས་ཁ་ཡག་ལྷུན་འགྲུབ་འོད་ཟེར་མཆོག་གི་མདུན་ནས་སློབ་གཉེར་གནང་བའི་སྐབས་སུ་བབ་བཟོ་སྟོད་པའི་ལུང་ཞིང་མདོ་ན་ཞབས་རྗེས་ཤིག་ཡོད་པ་ནི་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་གསུང་འབུམ་ལས། “ཨ་མདོ་འཕན་ཆུའི་ཡུལ་གྲུའི་ནང་ཚན་བབ་བཟོའི་ལུང་ཁོག་གི་སྟོད་ན་ལུང་ཞིང་ཞེས་པའི་ས་གནས་འདིའི་ལུང་མདོའི་གཡས་ཟུར་གྱི་ལམ་གོང་ན་རྡོ་ཕ་བོང་ཞིག་གི་ངོས་ན་སྐྱང་སྤྲུལ་རིན་པོ་ཆེ་སྐུ་ན་ཆུང་དུས་མ་རུང་འདྲེ་གདོན་འགའ་རེ་བཏུལ་ཅིང་དམ་བསྒྲགས་མཛད་དུས་སུ་དམ་ལས་མི་འགའ་བའི་བཀའ་རྟགས། མ་འོངས་པའི་སྐྱེ་བོ་ཕོ་མོ་རྣམས་མཛད་པ་འདི་ལ་ཡིད་ཆེས་ཤིང་དྭངས་པ་འདྲེན་པའི་ཕྱིར་དུ་གྲུབ་རྩལ་མངོན་དུ་བསྟན་ཏེ་ཞབས་ཀྱི་རྗེས་གསལ་ལམ་མེར་བཏོད་ཡོད་པ་ཡ་མཚན་ཆེ་ལ་རྨད་དུ་བྱུང་བ་དེ”[11]ཞེས་ད་ལྟའང་མ་ཉམས་པར་མངོན་སུམ་དུ་མཇལ་ས་མཆིས། ཡང་བླ་མ་རིན་པོ་ཆེ་གདན་ས་མདའ་ཆེན་དཀར་མོ་རི་ཁྲོད་དུ་བཞུགས་པའི་སྐབས་ཏེ།“དགོང་མོ་ཞིག་ན་ཕྱག་སྐོར་མཛད་ཅིང་ཕ་བོང་ཡོད་པའི་སྟེང་དུ་ཆབ་བསང་གནང་གིན་ཡོད་པ་ལ་དམ་སྲི་ཉུལ་ལེ་མ་ཞིག་གིས་མཛེས་པའི་བཞིན་དང་དགའ་བའི་འཛུམ་སྟོན་པའི་ཚུལ་དེར་གཟིགས་ཚེ་བདག་མེད་སྟོང་བའི་དོན་མ་རྟོགས་པ་འདི་འདྲ་སྙིང་རྗེ་གསུངས་པ་དང་མོ་རང་སྐྱེངས་ནས་དེ་མ་ཐག་ཏུ་བྲོས་བའི་སྐབས་དེའི་རྡོ་ལ་བསང་ཆབ་དང་ཕྱག་མཛུབ་གསུམ་གྱི་རྗེས་ཡོད།”[12]ཅེས་པ་འདིའང་དེང་གི་དཀར་མོ་རི་ཁྲོད་ཀྱི་སྐོར་ལམ་ན་མངོན་སུམ་དུ་མཇལ་ས་མཆིས། དེ་མིན་འཐེབ་ཆུ་བྲག་དཀར་བྱ་རྒོད་དང་འཕན་ཆུ་སྣང་རྩེ་བྲག་དཀར། ཟུང་ཆུ་མཁའ་འགྲོ་འུག་གདོང་། རྒྱལ་རོང་རྒྱལ་མོ་དམུ་རྡོ་སོགས་གནས་ཆེན་ཁག་ཏུ་ཕེབས་ནས་སྒྲུབ་པ་ཉམས་ལེན་གནང་བའི་སྐབས་སུ་རིག་འཛིན་གོང་མའི་ལྷ་ཞལ་མཇལ་ཞིང་བོན་གྱི་ཐུགས་གཏེར་བཞེས་པ་དང་ཕྱག་སིལ་དང་སྐུ་འདྲ་སོགས་གཏེར་ལས་བཏོད་པ། འདྲེ་གདོན་སྡུག་པ་ཅན་རྣམས་དམ་ལ་བཏགས་ཤིང་བཀའ་རྟགས་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་དེང་སྐབས་ཀྱང་གནས་དེ་དག་ཏུ་མཇལ་རྒྱུ་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་པས་རེ་རེ་བཞིན་ཞུ་བའི་དགོས་པ་མ་མཆིས།

  འདིར་རྒན་རབས་པའི་ངག་རྒྱུན་འགའ་ཞུས་ན། བླ་མ་སྐྱང་སྤྲུལ་ཚང་ཐེངས་ཤིག་བྱ་རྒོད་ཅིག་ལ་སྤྲུལ་ནས་བཞུགས་སྐབས། བབ་བཟོའི་རྔོན་པ་ཞིག་གིས་མེ་མདའ་རྒྱབ་ནས་གཤོག་པའི་སྒྲོ་ཁ་གཏོར་སྟེ་འཕུར། དེ་ནས་རྔོན་པ་དེ་མདའ་ཆེན་དཀར་མོ་རི་ཁྲོད་དུ་བླ་མ་ལ་མཇལ་བར་སོང་དུས། བླ་མས་གོང་གི་གནས་ཚུལ་དེ་རྔོན་པར་བཤད། རྔོན་པ་ཡང་དད་མོས་གུས་པ་ཆེན་པོའི་སྒོ་ནས་བཤགས་པའི་ཆེད་དུ་རི་དྭགས་རྔོན་རྒྱུ་བཅད་ནས་མེ་མདའ་བླ་མར་འཕུལ། ཡང་བླ་མ་སྐྱང་སྤྲུལ་ཕྱི་ཕྱོགས་ལ་ཕེབས་པའི་སྐབས་ཤིག་ཏུ་བབ་བཟོ་སྟོད་པའི་འཁྲུངས་སའི་ཁོག་ཏུ་རྔོན་པ་ཞིག་གིས་ཤྭ་བ་ཞིག་ལ་མེ་མདའ་རྒྱག་པར་བརྩམས་པ་ན་ཁོང་གིས་མཁྱེན་ནས་བྱ་ཁྲ་ཞིག་ལ་སྤྲུལ་ཏེ་ཤྭ་བ་ཞོག་པས་རྔོན་པ་ཁྲོས་ནས་བྱ་ཁྲ་ལ་མེ་མདའ་རྒྱབ་ནས་བྱ་ཁྲའི་མཇུག་སྒྲོར་ཕོག དེ་ནས་སྐྱང་སྤྲུལ་རིན་པོ་ཆེ་ཕྱིར་ཕེབས་སྐབས་རྔོན་པ་དེ་འཚམ་འདྲིར་སོང་དུས་ཁོང་གིས་གོང་གི་གནས་ཚུལ་དེ་གསུངས་པས་རྔོན་པ་ཤིན་ཏུ་བསྐྲགས་ཤིང་ཕྱི་ཆད་རི་དྭགས་མི་རྔོན་པའི་དམ་བཅའ་བཞག་ནས་མེ་མདའ་ཁོང་ལ་འཕུལ། དེ་བས་ཕྱིས་སུ་ཡང་སྐྱང་ཁ་མའི་སྒྲུབ་ཁང་ནང་དུ་མདའ་ཁུང་ལ་ཞ་ཉེ་བླུགས་པའི་མེ་མདའ་གཉིས་ཡོད་པ་ནི་གོང་གི་དོན་རྐྱེན་དེ་གཉིས་ལས་བྱུང་བ་ཡིན་ཞེས་རྒན་རབས་པའི་ངག་ན་མཆིས། ཡང་སྐྱང་སྤྲུལ་རིན་པོ་ཆེ་འཕན་ཆུ་བབ་བཟོ་ནས་ཟུང་ཆུར་ཕེབས་པའི་སྐབས་ཤིག་ཏུ་ཕྱོགས་གཉིས་ཀའི་ས་མཚམས་གནམ་བྲག་ཞེས་པའི་ལ་རྩ་དེར་ཕེབས་དུས་འཕན་ཆུ་བབ་བཟོའི་ཕྱོགས་ཀྱི་ཡུལ་ས་གཞི་བདག་དང་བཀའ་སྐྱོང་སྲུང་མ་རྣམས་ཁོང་གི་ཕྱིར་སླེབས་པར་ཁོང་གིས་ཁྱེད་ཅག་ཁོ་བོའི་ཕྱིར་འོང་མི་རུང་ཞེས་གསུངས་ནས་མནའ་བོར་པར་མ་ཟད་རྡོ་ལེབ་ཆེན་པོ་ཞིག་ལ་ཕྱག་སེན་གྱིས་རྣམ་བཅུ་དབང་ལྡན་ཞིག་བྲིས་ནས་ལ་རྩ་དེར་བཞག་པ་ད་སྐབས་ཀྱང་མཇལ་དུ་ཡོད། གཞན་འདི་དང་ཆ་འདྲ་བའི་ངག་རྒྱུན་མང་ན་ཡང་དེ་ཙམ་གྱིས་ཆོག་པར་བྱའོ།།


ལྔ་བ་གསུང་རྩོམ་གྱི་སྐོར།

  དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱིས་རང་དོན་དུ་ཐོས་བསམ་སྒོམ་སྒྲུབ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ནང་བཞིན་བླ་མ་སྐྱང་སྤྲུལ་ཚང་གིས་ཀྱང་སྐུ་ཚེ་གང་བོར་མཛད་བཟང་འབའ་ཞིག་གིས་དུས་འདའ་བར་གནང་བ་མ་ཟད་སངས་རྒྱས་ཀྱི་བསྟན་པ་ལ་སྨིན་པའི་གསུང་གི་རྗེས་བཞག་མང་དུ་མཛད་ཡོད། ཁོང་ནི་བློ་རིག་བཀྲ་ཞིང་བརྩོན་པ་ཆེ་བར་མ་ཟད་སྔོན་སྦྱངས་ཀྱི་ལས་འཕྲོ་སད་པ་ཞིག་ཡིན་པ་ནི་རྣམ་ཐར་རིང་བ་ལས།“སྔོན་སྦྱངས་ལས་འཕྲོ་སད་པས་དགུང་ལོ་ཉེར་གཉིས་ཀྱི་ཐོག་ནས། དག་ཆ་དང་སྙན་ངག་སོགས་ལེགས་པར་མི་མཁྱེན་རུང་ཐོལ་བྱུང་དུ་བཀའ་ཉམས་མགུར་གསུངས་པ་སོགས་མང་སྟེ། ཕྱིས་སུ་གཟིགས་པས་དེ་དག་ལའང་ཚིག་འབྲུ་དག་མིན་ཙམ་མ་གཏོགས་པའི་ཚིག་དོན་མི་འཕྲད་པ་ཡེ་མི་འདུག” [13]ཅེས་བྱུང་བས། དགུང་ལོ་ཉེར་གཉིས་ཙམ་ནས་རྩོམ་འབྲི་བའི་ལས་ལ་ཞུགས་ཤིང་ལྷག་པར་དུ་དགུང་ལོ་སུམ་ཅུའི་ཐོག་ཏུ་ཐེ་བོ་བྲག་བྱ་རྒོད་དུ་མཚམས་ལ་བཞུགས་སྐབས་ཤེས་རབ་ཀྱི་རྩ་ཁ་རྒྱས་ཤིང་ཐེག་པ་ཆེན་པོའི་རིག་སད་དེ་རྩ་གསུམ་མཆོག་སྒྲུབ་ཆ་ལག་དང་བཅས་པ་ཐུགས་གཏེར་དུ་བཞེས་པར་གྲགས། ཁོང་གིས་གསུང་བའི་བརྩམས་ཆོས་ཤིན་ཏུ་མང་ནའང་དུས་འགྱུར་སྣ་ཚོགས་ཀྱི་དབང་གིས་ད་ལྟ་ཁག་ཅིག་མཇལ་བའི་ཡུལ་དུ་མ་འགྱུར། ཁོང་ཉིད་ཞལ་བཞུགས་པའི་སྐབས་སུ་ཉག་སྒོམ་གྱིས་དཀའ་བ་མང་དུ་སྤྱད་ནས་བཀའ་འབུམ་རིན་ཆེན་བང་མཛོད་ཅེས་པ་ཞིག་ཕྱོགས་བསྒྲིགས་གནང་བར་འདུག་སྟེ། རྣམ་ཐར་ཐུང་བ་ལས། “ཞེས་སྐྱང་སྤྲུལ་རིན་པོ་ཆེ་ཀུན་གསལ་ནམ་མཁའ་རྒྱལ་མཚན་གྱི་བཀའ་འབུམ་རིན་ཆེན་གཏེར་གྱི་བང་མཛོད་དགོས་འདོད་འབྱུང་བའི་ནོར་བུ་ཞེས་བྱ་བ་དང་། བླ་མའི་རྣམ་ཐར་གསལ་བྱེད་རིན་ཆེན་དངུལ་གྱི་མེ་ལོང་དང་བཅས་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བ་འབྲས་བུ་ཐམས་ཅད་སྨིན་པའི་དུས་སུ། གདན་ས་དག་པའི་གླིང་མཆོག མདའ་ཆེན་དཀར་མོའི་རི་ཁྲོད་དུ། ཕྲན་ཉག་སྒོམ་རརྣ་ཁོད་སྤྱོད་ཀྱིས།”[14]ཞེས་པ་དང་། ཉག་སྒོམ་གྱིས་བཀའ་འབུམ་ནང་དུ་སྐབས་དེར་བཞུགས་པའི་གསུང་རྩོམ་ཚང་མ་ཕྱོགས་བསྡུས་གནང་བར་མ་ཟད་བླ་མ་ལ་ཡང་ཡང་ཞུས་ནས་རྣམ་ཐར་ཉུང་བསྡུས་ཤིག་ཀྱང་བྲིས་འདུག འདི་ནི་སྐྱང་སྤྲུལ་གྱི་གསུང་རྩོམ་རྣམས་ཕྱོགས་བསྡུས་བྱེད་པ་ཐེངས་དང་པོ་དེ་ཡིན། དེ་ནས་སྐྱང་ཁ་མའི་བླ་མ་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་མཆོག(༡༩༠༤-༡༩༥༩)གིས་སྐྱང་སྤྲུལ་རིན་པོ་ཆེའི་གསུང་འབུམ་པར་ཤིང་དུ་བརྐོ་བའི་ལས་འགོ་བརྩམས་པར་སྣང་སྟེ། ཧོར་བ་དྲུང་རམས་པའི་(༡༩༠༤-༡༩༧༥)གསུང་འབུམ་ལས། “རང་ལོ་ང་གཅིག་ཐོག་མདའ་ཆེན་སྐྱང་ཚང་ཁ་མའི་སྤྲུལ་སྐུ་རྣམ་གཉིས་ཀྱིས་སྤར་ཤིང་མང་པོ་བཞེངས་ཚེ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ་རྣམས་ལ་དག་ཆ་བྱ་ཞོར་དུ་བླ་གྲྭ་གཞོན་པ་རྣམས་ཀྱི་སློབ་དཔོན་གྱི་ཕྱིར་དུ་མཐེ་ཁོག་ཏུ་ཆིབས་རྟ་ཁྲིད་ནས་གདན་དྲངས།”[15]ཞེས་བྱུང་བས་ཤེས་ཐུབ། ངག་རྒྱུན་ལྟར་ན་ཡི་དམ་ཀུན་འདུས་གཅིག་པུ་ལས་གཞན་དག་པར་ལ་བརྐོས་མེད་པར་བཤད། ཧོར་པ་དྲུང་རམས་པའི་རང་རྣམ་ལས། “སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ་རྣམས”ཞེས་བྱུང་བར་བསམ་ན་གསུང་འབུམ་ཁ་ཚང་ཞིག་བརྐོས་ཡོད་པ་འདྲ་ཡང་། དོན་གྱིས་གསུང་འབུམ་ཡོངས་རྫོགས་པར་ལ་བརྐོ་བའི་ལས་འགོ་བརྩམ་ན་ཡང་ཡི་དམ་ཀུན་འདུས་མ་གཏོགས་གཞན་པ་ལེགས་གྲུབ་མ་བྱུང་བར་དུས་འགྱུར་བྱུང་བ་མིན་ནམ་སྙམ་པས་དཔྱད། དུས་འགྱུར་ཁྲོད་ཡོད་ཚད་ལ་ཉམ་རྒུད་ཆེན་པོ་བྱུང་། ཕྱིས་སུ་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱུང་རྗེས་རྟོགས་ལྡན་རིན་ཆེན་འོད་ཟེར་ལགས་ཀྱིས་སྐྱང་སྤྲུལ་གསུང་འབུམ་ལས་ཁག་གཅིག་ཕྱོགས་བསྡུས་ཀྱིས་ལག་བྲིས་བྱས་པ་གླེགས་པམ་ཆེན་པོ་ཞིག་ཡོད། དེ་རྗེས་མཆོག་སྤྲུལ་ཤེས་རབ་བློ་གསལ་ལགས་ཀྱིས་སྦྱིན་བདག་བྱས་ནས་ཉེར་མཁོ་རྣམས་ཕྱོགས་བསྡུས་ཀྱིས་དེབ་གཅིག་སྐྲུན། དེའི་ནང་དུ་ཆ་ཚང་འདུས་མེད། སྐབས་དེ་ཤད་དུ་རྟོགས་ལྡན་གཡུང་དྲུང་མཐར་ཕྱིན་ལགས་ཀྱིས་ཀྱང་སྔོན་གྱི་སྣ་རིང་ལག་ཏུ་བྱུང་ཚད་པོ་ཕྱོགས་བསྡུས་ཀྱིས་དཔར་དུ་བཏབ། འདི་ནི་ཅུང་ཆ་ཚང་ཞིག་ཡིན། དེ་ནས་སྐྱང་ཁ་མ་ཚང་གི་གཡུང་དྲུང་སྐལ་བཟང་ལགས་ཀྱིས་མན་ངག་ཉམས་ལེན་དང་དགེ་སྡིག་སྤང་བླང་ཞེས་པའི་དཔེ་དེབ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར། འདི་ནི་ལྟོས་བཅས་ཀྱིས་ཁྱབ་རྒྱ་ཅུང་ཆེ། དེ་ནས་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་དང་ཁུལ་རྩོམ་སྒྱུར་ཅུས་གཉིས་ཀྱི་སྣེ་ཁྲིད་འོག་དགོན་པས་མི་སྣ་ཆེད་མངག་གིས་གསུང་འབུམ་ཕྱོགས་བསྒྲིགས་བྱས། དེ་རྔ་བའི་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཁྲོད་དུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་བྱས། དེ་མིན་མོ་ཡིག་གི་དཔེ་ཆ་ཞིག་རྔ་བ་ཁུལ་རྩོམ་སྒྱུར་ཅུས་ཀྱིས་དཔེ་བསྐྲུན་བྱས། ད་སྔ་ལག་གསོན་བྱུང་ཡོད་པ་ནི་སྐྱབས་འགྲོ་སེམས་སྐྱེད་དང་བསྟོད་པ་གསོལ་འདེབས་ཀྱི་སྐོར། རྒྱུ་འབྲས་བོན་སྤྱོད་དང་ཉམས་མགུར་ཞལ་གདམས་ཀྱི་སྐོར། ཆོ་ག་ཕྱག་བཞེས་དང་ཟིན་རིས་བཅའ་ཐབས་ཀྱི་སྐོར། གསང་སྔགས་ཡི་དམ་དང་སྒོམ་སྒྲུབ་ཉམས་ལེན་གྱི་སྐོར། མོ་ཕྱྭ་ཇུ་ཐིག་དང་རྣམ་ཐར་བསྟན་རྩིས་ཀྱི་སྐོར་བཅས་པོད་བཅུ་ལྷག་བཞུགས། ཁོང་གི་གསུང་འབུམ་ལས་རྩ་གསུམ་མཆོག་སྒྲུབ་དང་ཡི་དམ་ཀུན་འདུས། རྫོགས་ཆེན་ཀུན་བཟང་དགོངས་པའི་ཞལ་ལུང་། ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་མོ་མཚོ་སྲིད་པའི་སྒྲོན་མ། སྲོག་གླུད་དམར་གཏོ་གཅོད་པའི་གཏམ་གནམ་ལྕགས་འཁོར་ལོ། བོན་ཆོས་དབྱེར་མེད་རྣམ་བཤད་སྐྱ་རེངས་སྣང་བ། འཆི་ཁ་བར་དོའི་བརྡ་བསྟན་གསལ་འདེབས་བློ་གྲོས་རྒྱལ་པོ་སོགས་རེ་རེ་བཞིན་བརྗོད་བྱའི་དོན་གྱི་གཏིང་ཟབ་ཅིང་བརླིང་བ། བརྗོད་བྱེད་ཚིག་གི་ལྷུ་འཕྲོད་ཅིང་རྣོ་ངར་ལྡན་པ། མཆོག་དམན་གྱི་སྐྱེ་བུ་སུས་ལྟས་ཀྱང་རང་དང་འཚམ་པའི་ངེས་ཤེས་སྟེར་ཐུབ་པ་སོགས་ཡོན་ཏན་དུ་མ་ཡིས་ཕྱུག་པ་ཤ་སྟག་ཡིན་ནོ།།

དྲུག་པ་འཁྲུངས་འདས་ཀྱི་ལོ་ཚིགས་དང་འདའ་ཁའི་ཞལ་ཆེམས།

  ལོ་རྒྱུས་ཀྱི་མི་སྣ་ཞིག་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཆེར་མེད་དུ་མི་རུང་བ་ནི་འཁྲུངས་འདས་ཀྱི་ལོ་ཚིགས་ཡིན། འདིར་ལོ་རྒྱུས་བསྡུས་པ་ཞིག་གོང་དུ་སོང་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མ་མཆིས། ཡིན་ན་ཡང་འཁྲུངས་འདས་ཀྱི་ལོ་ཚིགས་འདི་ཤིན་ཏུ་གལ་ཆེ་བས་ཅུང་ཟད་ཞུ་ན། བླ་མ་སྐྱང་སྤྲུལ་གྱི་འཁྲུངས་འདས་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་དེ་འདྲ་མེད་ན་ཡང་རྣམ་ཐར་ལས་འཁྲུངས་ལོ་མ་གཏོགས་འདས་ལོ་མི་གསལ། མཁན་ཆེན་ཉི་མའི་བསྟན་རྩིས་ལས་ཀྱང“ཕྱོགས་ཕྲིས་ལྕགས་སྟག་རྐྱང་ནམ་འཁྲུངས།།”[16]ཞེས་འཁྲུངས་ལོ་མ་གཏོགས་འདས་ལོ་མི་གསལ། ཡིན་ན་ཡང་ཁོང་གིས་མཛད་པའི་འདའ་ཁའི་ཞལ་ཆེམས་ཀྱི་མཇུག་ཏུ“ཞེས་ནམ་རྒྱལ་གྱིས་ཆུ་སྦྲུལ་ཟླ་ཚེས་ལ་སྨྲས་སོ།”[17]ཞེས་གསལ་བ་དང་ཧོར་བ་དྲུང་རམས་པའི་བསྟན་རྩིས་ལས་ཀྱང་། “འབྱོར་བས་ཕྲི་བའི་ལྕགས་སྟག་ལོར།། བླ་ཆེན་ཐུགས་ཀྱི་རང་གཟུགས་རྗེ།། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་འཁྲུངས།།” ཞེས་པ་དང་“དེ་ལ་མིག་ཕྲི་ཆུ་སྦྲུལ་ལོའི།། དབྱར་ཟླ་འབྲིང་བོའི་ཉེར་གཅིག་ལ།། རྟག་འཛིན་ཅན་རྣམས་དགེ་བསྐུལ་ཕྱིར།། སྐྱང་ནམ་འདིར་སྣང་བཀོད་པ་བསྡུས།།” [18]ཞེས་བྱུང་བས་འཁྲུངས་འདས་གཉིས་ཀ་གསལ་བོར་བཀོད་འདུག འདི་ནི་ད་སྔ་ལག་གསོན་བྱུང་བའི་འཁྲུངས་འདས་གཉིས་ཀ་གསལ་བའི་ལོ་ཚིགས་ཐོག་མ་དེ་ཡིན། ཧོར་བ་དྲུང་རམས་པས་ལོ་རྒྱུས་གང་ཞིག་ལ་ཁུངས་གཏུག་མིན་མི་ཤེས་ནའང་ཁོང་གི་བསྟན་རྩིས་འདི་སྐྱང་སྤྲུལ་བསྟན་འཛིན་དབང་རྒྱལ་གྱི་ཐུགས་བཀོད་འོག་ཏུ་བརྩམས་པ་ཞིག་ཡིན་པ་ནི་བསྟན་རྩིས་རང་གི་མཇུག་བྱང་ལས་གསལ་བས་འདི་ཅུང་ཁུངས་བཙན་པའམ་ཡང་དག་པར་བསམ། གཞན་མཁས་དབང་བོན་བརྒྱ་རིན་པོ་ཆེ་དང་མཁན་པོ་དགའ་བཟོད་པ་རྒྱ་མཚོ་སོགས་ཀྱིས་ཀྱང་འདིའི་སྐོར་ནས་གསལ་བཤད་རེ་གནང་འདུག་མོད་ལོ་ཚིགས་སོགས་གོང་གི་དེ་ལས་མ་འདས་པས་འདིར་མ་བཀོད་དོ།།

  ཞལ་ཆེམས་སམ་ཁ་ཆེམས་ནི་མི་ཞིག་གི་ཆེས་མཐའ་མཇུག་གི་སྐད་ཆའམ་རེ་བ་ཉག་གཅིག་ཡིན་པས་གང་དེའི་རྗེས་རབས་པ་ཞིག་ཡིན་ན་དེ་ལ་ངེས་པར་དུ་ཉན་དགོས་པ་ནི་སྤྱི་འགྲོས་ཀྱི་ཆོས་ཉིད་ལྟ་བུ་ཞིག་ཏུ་བྱས། བླ་མ་སྐྱང་སྤྲུལ་རིན་པོ་ཆེའང་དུས་གསུམ་པོ་མངོན་སུམ་རྗེན་མར་གཟིགས་ཤིང་སྐབས་དེའི་སྤྱི་ཚོགས་ལ་མྱོང་བ་ཟབ་པ། བབ་བཟོའི་མི་དམངས་ལ་རྒྱུས་མངའ་ཤིན་ཏུ་ཆེ་བ་ཞིག་ཡིན་པས་ཁོང་གི་ཞལ་ཆེམས་ནི་ང་ཚོ་ལ་མཚོན་ན་གསུང་གསེར་ནག་ཐིགས་པ་དང་བསླུ་བ་མེད་པའི་གདམས་ངག་ཟབ་མོ་ཞིག་ཅི་ལ་མིན། ཁོང་གི་ཞལ་ཆེམས་འདི་སྤྱི་ཁྱབ་ནས་ལས་འབྲས་བརྩི་དགོས་པ་དང་དགེ་ལ་མོས་པ་སོགས་དཀར་པོ་དགེ་ལ་བསྐུལ་བའི་ཞལ་གདམས་ཤིག་ཏུ་སྣང་ན་ཡང་། དེ་ལས་དམིགས་ཀྱིས་ཤེས་དགོས་པ་ཞིག་ནི་ཆོས་ལུགས་ལ་ཁ་གཡར་ནས་མང་ཚོགས་ལ་མགོ་སྐོར་གཏོང་བའི་ཆོས་པ་རྫུན་མ་དེ་དག་ལ་འཛེམ་དགོས་པ་དང་ཁོང་གི་སྐུ་སྐྱེ་ཡིན་ཟེར་ནས་མགོ་སྐོར་གཏོང་མཁན་དག་གི་བསླུ་བྲིད་ཀྱི་གཡོ་འོག་ཏུ་ཚུད་མི་རུང་བའི་བསླབ་བྱ་གནན་མོ་བཏང་ཡོད་དེ། འདའ་ཁའི་ཞལ་ཆེམས་ལས། “རྗེས་འབྲངས་སོ་སྐྱེས་ཕོ་མོ་དང་། །ཉེ་དྲུང་གྲྭ་འབངས་སློབ་གྲོགས་རྣམས། །དད་མོས་གུས་པ་ཆེ་ཚད་ཀྱིས། །རྟེན་སོགས་འབྱོན་དུ་རེ་ན་ཡང་། །མི་འབྱོན་ད་ལན་ལུས་རྟེན་འདི། །མ་དག་མཐའ་འཁོབ་མི་ཡིན་ཕྱིར། །དཔེར་ན་དཔའ་བོའི་རྟ་ལོད་ལྟར། །དཔའ་སེམས་ཡོད་ཀྱང་ལུས་རྩལ་མེད། །གདོས་བཅས་ཤ་ཁྲག་ཕུང་པོ་ལ། །བརྟེན་ནས་དགེ་ལུང་བསྟན་ཙམ་ལས།།འགྲོ་དོན་རྒྱ་ཆེན་གྲུབ་པ་མིན། །”ཞེས་ཁོང་ལ་སྤྲུལ་སྐུའམ་ཡང་སྲིད་སོགས་བྱོན་རྒྱུ་མེད་པ་དང་གལ་ཏེ་བྱོན་ན་ཡང་རྫུན་མ་དང་བསླུ་བྲིད་ཡིན་པས་དེ་ལ་འཛེམ་དགོས་པར་བསྟན་པ་ནི་“དེ་བཞིན་ཕྱི་ནས་སྐུ་སྐྱེ་སོགས། །འབྱུང་འདོད་འཁྲུལ་བློའི་སྣ་དྲངས་ནས། །ཕ་མས་བུ་ཚ་འཚོང་འདོད་དང་། །བུ་ཆུང་འབྱུང་པོས་ཁ་བྲིད་པས། །ང་ནི་བླ་མ་ཡིན་ཞེས་དང་། །ང་ལ་ཅི་དང་ཅི་ཡོད་སོགས། །སྨྲ་སྟེ་འགྲོ་བ་མར་ཁྲིད་པའི།།སྤྲུལ་སྐུ་དེང་སང་མང་བར་གདའ།།དེ་འདྲར་ཡིད་བརྟོན་བྱས་པ་ན།།ཡང་དག་བླ་མའི་ཞབས་འདྲེན་བྱེད།།སངས་རྒྱས་བསྟན་པའི་ནང་དབྱེན་བྱེད།།སྐུ་གསུང་ཐུགས་རྟེན་དཔོན་བྱེད། །ཡོན་བདག་ཕོ་མོ་བསླུ་མཁན་བྱེད། །རང་ཉིད་ངན་སོང་དེད་དཔོན་བྱེད། །གཞན་དག་འཁོར་བའི་ལུང་སྟོན་བྱེད། །དེ་འདྲའི་བླ་མ་ཡོད་པ་ལས། །མེད་ན་དབྱིངས་བཞུགས་བདེར་གཤེགས་ལ། །གསོལ་བ་བཏབ་ན་ཐུགས་རྗེས་འཛིན། །དེ་ཕྱིར་ཕྱི་རབས་འགྲོ་བ་རྣམས། །བླ་དགའ་མ་ཆེ་བསླུ་བ་སྣང་། །”[19]ཞེས་གསལ་བོ་གསུངས་འདུག དེའང་ཁོང་དང་འབྲེལ་འདྲིས་ཆེ་ལ་དད་མོས་དང་ལྡན་པའི་འགྲོ་བ་འགའ་རེ་ཡོད་ན་ཁོང་སྐུ་མ་བཞུགས་རུང་ཁོང་གི་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔའི་རྟེན་དུ་རྗེས་བཞག་འདི་དང་འདི་ཡོད་པས་དེ་ལ་དད་པ་དག་སྣང་བྱོས་དང་ཁོང་རང་ཉིད་དང་གཉིས་སུ་མེད་ཅེས་གསུངས་པ་ནི་དེ་ཉིད་ལས། “གལ་ཏེ་དད་ལྡན་འགྲོ་བ་འགའ། །ང་ལ་དད་མོས་ཡོད་པ་ན། །ང་ཡི་སྐུ་གསུང་ཐུགས་རྟེན་དང་། །ཡོན་ཏན་འཕྲིན་ལས་རྗེས་བཞག་ནི། །འདི་ལྟར་ཡོད་དོ་འདི་ལ་བསྟོད། །སྐུ་རྟེན་ཇོ་བོ་གཤེན་ལྷ་འདི། །ཕྱི་ནང་མཚུངས་པའི་རྟེན་མཆོག་ཡིན། །མཆོད་བསྟོད་བསྒྲུབས་པས་ཚོགས་གཉིས་རྫོགས། །གསུང་རྟེན་ཞི་ཁྲོ་སྦྲགས་འཁོར་དང་། །འཁོར་ཆེན་འབྲེལ་ཚད་བདེར་འདྲེན་ལ། །གྲངས་མེད་བསྐོར་ན་སྒྲིབ་གཉིས་བྱང་། །ཐུགས་རྟེན་ཉམས་མྱོང་གཅིག་རྒྱུད་དང་། །རྩ་གསུམ་མཆོག་གི་སྒྲུབ་པ་ཡི། །གོ་དོན་བླང་ན་གྲོལ་བར་ངེས། །ཡོན་ཏན་རྟེན་འདི་ཡུལ་ཁམས་འདིའི། །ས་གནད་བཅོས་པའི་གཏའ་གཏེར་རྣམས། །ཞིག་གསོལ་རབ་གནས་ཡང་བསྐྱལ་ན། །ཡུལ་ལ་བཀྲ་ཤིས་ཕན་བསོད་འབྱུང་། །ཕྲིན་ལས་དགོན་སྡེའི་སེར་ཚོགས་ཀྱི། །ཉ་མཆོད་དུས་ཁྲིམས་གྲུབ་པ་སོགས། །ལུང་མཐུན་ཚུལ་བཞིན་བྱས་པ་ན། །གང་འབྲེལ་ཐར་པའི་ལམ་ལ་འཁོར། །”[20]ཞེས་སྐུ་རྟེན་ཇོ་བོ་གཤེན་ལྷ་འོད་དཀར་དང་བླ་མ་ཁོང་གི་སྐུ་དམར་གདུང་ཡང་བཞུགས་པས་དེ་དག་ལ་བྱས། ཐུགས་རྟེན་ཞི་ཁྲོ་སྦྲགས་དང་འཁོར་ཆེན་གཉིས་ལ་བྱས། ཞི་ཁྲོ་སྦྲགས་འཁོར་ད་ལྟའང་མཇལ་དུ་ཡོད། ཐུགས་རྟེན་ནི་ཉམས་མྱོང་གཅིག་རྒྱུད་དང་རྩ་གསུམ་མཆོག་སྒྲུབ་གཉིས་ལ་བྱས། དེའང་གཞུང་ཟབ་མོ་དེ་དག་གི་དགོངས་པ་ལེན་དགོས་པར་བསྟན་ཡོད། ཡོན་ཏན་གྱི་རྟེན་ནི་ཡུལ་ཕྱོགས་འདིའི་གཏའ་གཏེར་ལ་བྱས་ཡོད། དེ་དག་བསླར་གསོ་དང་རབ་གནས་བྱས་ན་ཕན་བསོད་འབྱུང་བར་བསྟན་པ་ནི་དེང་གི་སྐད་ཆ་ལྟར་བཤད་ན་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོར་བྱེད་དགོས་པ་དང་དེ་ལྟར་བྱས་ན་རང་བྱུང་གི་གནོད་འཚེ་མི་བྱུང་བར་བསྟན་པ་ལྟ་བུ་རེད། འཕྲིན་ལས་ཀྱི་རྟེན་ནི་དགོན་པའི་རྒྱུན་ཇ་དང་ཉ་མཆོད་དུས་ཁྲིམས་སོགས་ལ་ཚུལ་བཞིན་དུ་གནས་དགོས་པར་བསྟན་པ་བཅས་རེད། དེ་དག་ཁོང་གི་གསུང་བཞིན་སྒྲུབ་ན་ཁ་ལས་དགེ་ཞིང་བསམ་དོན་གྲུབ་པ་དང་གལ་ཏེ་དེ་ལྟར་མ་བྱས་པར་རང་སྣང་གང་ཤར་བྱེད་ན་ཁོང་སྐུ་དངོས་སུ་བཞུགས་ཀྱང་དགོས་པ་མེད་པར་བསྟན་པ་ནི“གཞན་ཡང་ང་ཡིས་འཕྲིན་བཞག་པ། །དགེ་བའི་ལུང་བསྟན་ཐ་དག་ལ། །བསམ་བཞིན་སྤྱོད་ན་བསམ་པ་འགྲུབ། །དེ་ལས་ལྷག་པ་ང་ཡོད་ཀྱང་། །བྱ་ཐབས་མེད་དོ་དད་མོས་ཅན། །”[21]ཞེས་པས་བསྟན་ཡོད། འདི་ལྟར་བླ་མ་རིན་པོ་ཆེ་ཁོང་ནི་སྐུ་འཚོ་བཞུགས་སྐབས་སུ་བསྟན་འགྲོའི་དོན་དུ་མཛད་པ་འཕྲིན་ལས་མང་དུ་བསྐྱངས་ཤིང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་མཛད་རྗེས་བླ་ལྷག་གིས་ཆེ་བ་མ་ཟད། གསུང་རྩོམ་དང་ཞལ་གདམས་བཀའ་སློབ་སོགས་མང་དུ་གནང་ཞིང་བསྟན་པ་རྗེས་བཞག་ལའང་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་ནི་ཡུལ་ཕྱོགས་གཅིག་དང་གྲུབ་མཐའ་གཅིག་ཙམ་གྱི་མི་སྣ་ཙམ་མ་ཡིན་པར་བོད་སྤྱི་ལ་ཕན་པ་སྐྲུན་པའི་བོན་ཆོས་དབྱེར་མེད་ཀྱི་ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། ཡིན་ན་ཡང་བླ་མ་སྐྱང་སྤྲུལ་ཟེར་ནས་མཚན་ཙམ་ལས་དོན་གྱིས་ཤེས་མཁན་ཤིན་ཏུ་ཉུང་བ་ནི་ང་ཚོས་མ་འཇོན་པ་རེད། ཁོང་གི་མཛད་པ་འཕྲིན་ལས་དང་མཛད་རྗེས་ལོ་རྒྱུས་ནི་མེད་པ་ལ་ཡོད་ཟེར་ནས་སྒྲོ་འདོགས་པ་དང་འུད་བསྟོད་བྱེད་པ་ཙམ་མ་ཡིན་པར་རང་གཞན་ཀུན་ལ་ཕན་ཞིང་གྲུབ་མཐའ་ཡོངས་ལ་སྨིན་པའི་གསུང་གསེར་ནག་གི་ཐིགས་པ་རེ་རེ་ནི་བརྗོད་བྱའི་དོན་ཟབ་ཅིང་རྗོད་བྱེད་ཀྱི་ཚིག་སྙན་པ། བློ་རབ་འབྲིང་ཐ་མ་ཀུན་ལ་ཕན་པ་སྟེར་བའི་དགེ་མཚན་དུ་མས་ཕྱུག་པ་འདི་དག་ཡོངས་ལ་བསྒྲགས་ཤིང་ཀུན་གྱིས་ཤེས་པ། ཚང་མར་ཕན་པ་ཞིག་བྱ་རྒྱུ་ནི་ང་ཚོའི་འོས་འགན་རེད། རེབས་འདིར་བླ་མ་སྐྱང་སྤྲུལ་རིན་པོ་ཆེ་སྐུ་འཁྲུངས་ནས་བགྲང་བྱ་ཉིས་བརྒྱ་ལྔ་བཅུ་འཁོར་བའི་རྗེས་དྲན་དང་གང་གི་གསུང་འབུམ་ལས་ཁ་ཤས་ལ་མཇལ་བའི་གོ་སྐབས་རག་པ་སོགས་རྐྱེན་བྱས་ནས་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་དང་ཡུལ་ཕྱོགས་འདིར་གྲགས་ཆེ་བའི་ངག་རྒྱུན་འགའ་ལ་གཞི་བཅོལ་ཏེ་ཁོང་གི་མཛད་རྗེས་ཁག་གཅིག་ཟུར་དུ་གླེང་ཁུལ་བྱས་ཡོད། ཡིན་ན་ཡང་རང་གི་ཡོན་ཚད་ཞན་པ་དང་བྱ་བའི་བྲེལ་ཟིང་ཆེ་བ། རྒྱུ་ཆ་དག་ལ་ཞིབ་ཀློག་གི་དུས་ཚོད་ཐུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཡི་གེ་ནོར་བ་དང་གོ་རིམ་འཁྲུག་པ། ཚིག་ལོག་མང་བ་སོགས་མི་འགྲིག་པའི་ཆ་མང་དུ་མཆིས་སྲིད་པས་ཀློག་པ་པོ་རྣམས་ལ་དགོངས་དག་ཞུ་ཞུ།

  དཔྱད་གཞིའི་རྒྱུ་ཆ།

1 རིག་འཛིན་གྱེར་མི་སྐྱང་འཕགས་ཆེན་པོའི་སྐྱེས་རབས་རྣམ་ཐར་ཡོན་ཏན་ཐུགས་རྗེའི་ཉི་མ་བཞུགས། རང་རྣམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

2 མཛོད་དགེའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས་བཞུགས། སྲིད་གྲོས་མཛོད་དགེ་རྫོང་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གིས་དཔེ་བསྒྲིགས་བྱས།

3 མཆོག་སྤྲུལ་རིན་པོ་ཆེ་ཀུན་གསལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་རིན་ཆེན་དངུལ་གྱི་མེ་ལོང་བཞུགས། ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་བརྩམས། སྣ་རིང་ཕྱག་བྲིས་མ།

4 མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་བརྩམས། སྣ་རིང་ཕྱག་བྲིས་མ།

5 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་པོད་དྲུག་པ། གསུང་རྩོམ་ཐོར་བུའི་སྐོར། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།

6 ཧོར་པ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་བཞུགས་སོ།། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

7 བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་པོད་བདུན་པ། བསྟན་རྩིས་ནོར་བུའི་ཕྲེང་བ། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བརྩམས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།

8 རྔ་བ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་འབུམ། གླེགས་བམ་དང་པོ་དང་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

9 མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

10 མདའ་ཆེན་དགོན་པའི་ལོ་རྒྱུས་གླེང་བའི་གཏམ་མུ་ཏིག་ཕྲེང་བ། དགའ་བཟོད་པ་རྒྱ་མཚོས་བརྩམས། སྣ་རིང་ལག་བྲིས་མ།

[①] མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བསྟན་རྩིས་ཤོག་ངོས་༡༢༨ལས་གསལ།
[②] རིག་འཛིན་གྱེར་མི་སྐྱང་འཕགས་ཆེན་པོའི་སྐྱེས་རབས་རྣམ་ཐར་ཡོན་ཏན་ཐུགས་རྗེའི་ཉི་མ་བཞུགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ལོར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་༧༡ན་གསལ།
[③] མཛོད་དགེའི་བོད་བརྒྱུད་ནང་བསྟན་དགོན་སྡེ་སོ་སོའི་ལོ་རྒྱུས་མདོར་བསྡུས་བཞུགས། སྲིད་གྲོས་མཛོད་དགེ་རྫོང་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་གིས་དཔེ་བསྒྲིགས་བྱས། ༡༩༩༩ལོའི་ཟླ༦ལ། ཤོག་ངོས་༡༩ན་གསལ།
[④]མཆོག་སྤྲུལ་རིན་པོ་ཆེ་ཀུན་གསལ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་རིན་ཆེན་དངུལ་གྱི་མེ་ལོང་བཞུགས། ཤོག་ངོས། ༢ སྣ་རིང་ཕྱག་བྲིས་མ།
[⑤] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[⑥] མདའ་ཆེན་དགོན་པའི་ལོ་རྒྱུས་གླེང་བའི་གཏམ་མུ་ཏིག་ཕྲེང་བ། དགའ་བཟོད་པ་རྒྱ་མཚོས་བརྩམས། སྣ་རིང་ལག་བྲིས་མ།
[⑦] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། ཉག་སྒོམ་རིན་ཆེན་ལྷུན་གྲུབ་ཀྱིས་བརྩམས། སྣ་རིང་ཕྱག་བྲིས་མ།
[⑧] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[⑨] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[⑩] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[11] སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་པོད་དྲུག་པ། གསུང་རྩོམ་ཐོར་བུའི་སྐོར། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ལོར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་༤༤༤ན་གསལ།
[12] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[13] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[14] མཆོག་གཟིགས་བླ་མ་ནམ་མཁའ་རྒྱལ་མཚན་གྱི་རྣམ་ཐར་གསལ་བྱེད་དངུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས། སྣ་རིང་ཕྱག་བྲིས་མ།
[15] ཧོར་པ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་བཞུགས་སོ།། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རང་རྣམ་ཤོག་ངོས་༢༠༣ལས་གསལ།
[16] བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ་པོད་བདུན་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། བསྟན་རྩིས་ངོ་མཚར་ནོར་བུའི་འཕྲེང་བ་ལས་ཤོག་ངོས་༢༨༧ན་གསལ།
[17] རྔ་བ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་འབུམ། གླེགས་བམ་དང་པོ་དང་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། འདའ་ཁའི་ཞལ་ཆེམས་ཤོག་ངོས་༤༠༢ལས་གསལ།
[18] ཧོར་པ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོའི་གསུང་འབུམ་བཞུགས་སོ།། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བསྟན་རྩིས་ཤོག་ངོས་༤༡ལས་གསལ།
[19] རྔ་བ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་འབུམ། གླེགས་བམ་དང་པོ་དང་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། འདའ་ཁའི་ཞལ་ཆེམས་ཤོག་ངོས་༣༩༧ལས་གསལ།
[20] རྔ་བ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་འབུམ། གླེགས་བམ་དང་པོ་དང་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། འདའ་ཁའི་ཞལ་ཆེམས་ཤོག་ངོས་༣༩༩ལས་གསལ།
[21] རྔ་བ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས། སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང་འབུམ། གླེགས་བམ་དང་པོ་དང་གཉིས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། འདའ་ཁའི་ཞལ་ཆེམས་ཤོག་ངོས་༤༠༠ལས་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།