ཨ་ཡ་བོན་པོ་ལྷ་འབུམ་གྱི་རླུང་ལྔའི་ལུས་སྦྱོང་རྩ་གནད་འགག་འཁྲུགས་འབྱེད་པའི་གཡོབ་དར།

[ཟླ་ཚེས། 2020-05-31 11:26:14][རྩོམ་པ་པོ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཨ་ཡ་བོན་པོ་ལྷ་འབུམ་(1)གྱི་རླུང་ལྔའི་ལུས་སྦྱོང་རྩ་གནད་འགག་འཁྲུགས་འབྱེད་པའི་གཡོབ་དར།
ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།
ནང་དོན་གནད་བསྡུས། མིའི་ལུས་ཁམས་བདེ་ཐང་རྩ་བ། ལུས་ཟུངས་དྲི་མའི་རྒྱུ་ལམ་དང་རྩ་ལམ་བདེ་མིན་ལ་རག་ལས་པས། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་གཞུང་དང་ཆ་ལག་ལས། རྩ་རླུང་ལུས་སྦྱོང་སྐོར་འབྲེལ་ཡོད་ལུང་དོན་གཞིར་བཞག་བྱས་ཏེ། བོད་ལུགས་གསོ་བ་རིག་པའི་གསོ་བྱེད་གཉེན་པོ་བྱ་བ་སྤྱོད་ལམ་ཁོངས་སུ་བསྡུས་པའི་རླུང་ལྔ་དང་འབྲེལ་བའི་ལུས་སྦྱོང་བྱ་ཚུལ་དང་དགེ་མཚན་སོགས་བཤད་པ་བྱས་པ་ཡོད།
གནད་ཚིག    ཨ་ཡ་བོན་པོ་ལྷ་འབུམ། གཏེར་སྟོན་གུ་རུ་རྣོན་རྩེ། རླུང་ལྔའི་ལུས་སྦྱོང་།
ཐོག་མའི་གླེང་སློང་།
   ཨ་ཡ་བོན་པོ་ལྷ་འབུམ་མམ་གཏེར་སྟོན་གུ་རུ་རྣོན་རྩེ་མཆོག བོད་མེ་འབྲུག་ལོའི་སྤྱི་ལོ་༡༡༣༦དེང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་ལུང་པའི་ནང་སྐུ་འཁྲུངས། བོན་གྱི་མདོ་སྔགས་དཔེ་ཚོགས་སྐོར་དང་རྫས་གཏེར་སོགས་བོན་སྡེ་ལྔ་བཅུ་ཡར་ལྷག་གཏེར་བཞེས། མདོ་སྔགས་རིག་གནས་ཀུན་ལ་མངའ་བརྙེས་པའི་མཁས་དབང་ཞིག་ཡིན། ཁྱད་པར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་། དེ་དག་གི་འགྲེལ་དང་ཆ་ལག་བཅས་པ་གཏེར་ཐོན་པ་དང་། དེའི་དབང་ལུང་དང་མན་ངག་རྣམས་ཟམ་མ་ཆད་ད་བར་བཞུགས་ཡོད། དེའི་ནང་གི་རྩ་རླུང་ལུས་སྦྱོང་མན་ངག་རྣམས། མ་ཉམས་གནས་ཤིང་ཕྱག་ལེན་དེ་དག་གསང་སྔགས་ཐུན་མོང་མ་ཡིན་པའི་ལམ་གྱི་ཆ་རྐྱེན་ཁོ་ནར་བྱས་པ་མ་གཏོགས། ཐུན་མོང་གི་སྤྱོད་པ་མ་བྱས་སྟབས་ད་ཆར་རྒྱུན་མ་ཆད་པའི་ཤེས་མཁན་ཉུང་ཙམ་ལས་མེད་པས། གལ་སྲིད་ཉམས་ནས་རྩ་མེད་གྱུར་ན། བོད་གངས་ཅན་ཙམ་མ་ཟད་འཛམ་གླིང་མིའི་རིགས་ཀྱི་བདེ་ཐང་འཕྲོད་བསྟེན་མན་ངག་རྩ་ཆེན་ཞིག་བརླག་པར་འགྱུར་བས་ཚབ་ཆེའི་གྱོང་གུད་ཡིན་པ་སྨོས་མེད་ཡིན། དེས་ན་སྟབས་བདེ། ཤེས་སླ། ཕན་ཆེ། ནུས་པ་མྱུར་བའི་རླུང་ལྔའི་ལུས་སྦྱོང་གི་གནད་རྣམས་མིའི་འཚོ་བ་དང་མཉམ་སྤྱོད་མཉམ་གནས་ཀྱི་གོམས་པར་ཤེས་སུ་འཇུག་ན། བདེ་ཐང་འཕྲོད་བསྟེན་ཚེ་རིང་བ་དང་ནད་མེད་པའི་བཅོས་ཐབས་རང་རྐང་རང་ཁྱོག་ལས་གཞན་གྱི་ཆ་རྐྱེན་དང་རྒྱུ་གྲོན་ཆེ་བའི་མ་རྩ་མི་དགོས་པར་ཁེ་སྤོག་ཆེ་བའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་རིན་ཐང་ཆེ་གྲས་ཤིག་ཅི་སྟེ་མིན། དེའི་ཕྱིར། གསོ་རིག་དཔྱད་འབུམ་ཁྲ་བོ་རྒྱུན་སྤྱོད་ལེའུ་ལས(2)། “དང་པོ་ཚེ་རྐྱང་པ་ཡི་སྤྱོད་ལམ་ནི། རྟག་དུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང་། ནད་སློང་རྐྱེན་གཉིས་དྲན་པས་རྟག་དུ་སྤངས། ལུས་ངག་ཡིད་གསུམ་ཉེས་སྤངས་ཡང་དག་བསྟེན།ལྕེ་སོགས་དབང་པོ་གཟེར་དང་ཉམས་བདེར་མིན།” ཞེས་གསུངས། དེ་དང་འབྲེལ་ཡོད་ལུས་སྦྱོང་སྐོར་ཞིག་དོན་ཐོག་ལག་ལེན་བཀོལ་ན་ཤིན་ཏུ་འཚམས་པས་གཤམ་ནས་རིམ་པར། རླུང་ལྔ་ལུས་དང་འབྲེལ་བའི་རྩ་རླུང་གི་གནས་སྟངས་དང་། རླུང་ལྔའི་ལུས་སྦྱོང་དངོས་སུ་བྱ་ཐབས། རླུང་ལྔའི་ལུས་སྦྱོང་བྱས་པའི་ཕན་འབྲས། མཐའ་དོན་བསྡུ་བའི་བཤད་པ་བཅས་ཀྱིས་འཆད་པར་སྤྲོའོ། །
རླུང་ལྔ་ལུས་དང་འབྲེལ་བའི་རྩ་དང་རླུང་གི་གནས་སྟངས།
གཅིག གདོས་པ་ལུས་ཀྱི་སྤྱི་དོན།
   མིའི་ལུས་ནི། དབང་པོ་ལྔ་དང་། དོན་ལྔ་སྣོད་དྲུག་མགོ་སོགས་ཡན་ལག་ལྔ་ལྡན་གྱི་ཕུང་ཁམས་གཟུགས་སུ་གྲུབ་པའི་སྣང་ཡོལ་ཅན་ཏེ། «གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་གནས་ལུགས་ལེའུ་»(3)ལས། “དོན་ལྔ་སྣོད་དྲུག་བུ་ག་སྒོ་དགུ་ཡོད། འཛམ་གླིང་རང་ལུས་འདོམ་གང་གྲུ་བཞི་སྟེ།” ཞེས་སོ། །འབྱུང་བའི་ཁམས་དང་ལྟོས་པ་བཅས་པའི་ལུས་ནི། འབྱུང་ལྔ་ཕན་ཚུན་འགལ་འབྲེལ་གྱི་འཐབ་ཕྱོགས་གཅིག་ཏུ་བསྒྱུར་བའི་བྱེད་ལས་ཀྱིས་ཐོག་མར་གྲུབ། བར་དུ་གནས། ཐ་མར་འཇིག་པའི་རང་བཞིན་ཡིན་ལ། བོད་ལུགས་གསོ་རིག་གི་སྐད་དོད་དུ་རླུང་མཁྲིས་བད་ཀན་ཞེས་སུ་བཤད་ཅིང་དོན་ལ་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རང་བཞིན་ལས་མ་འདས་པ་ཡིན་ཏེ། «གསོ་རིག་སྨན་འབུམ་དཀར་པོ་རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ་»ལས(4)། “རྩ་བ་གཅིག་ལ་བྱུང་བའི་རྒྱུ་མཐུན་ཏེ། འཁོར་དང་མྱང་འདས་འདུ་བ་གསོ་ཐབས་སོགས། ཀུན་གཞིའི་རྣམ་ཤེས་གཅིག་ལ་མ་འདུས་མེད། དཔེར་ན་ལྕགས་ཀྱི་གཉེན་པོ་ལྕགས་འབྱུང་བཞིན། རང་ལས་བྱུང་བའི་འདུ་བ་རང་གིས་སེལ། འགྲོ་བའི་ལུས་དང་གསོ་བྱའི་ནད་དང་བདུད། གསོ་བྱེད་སྨན་དང་གསོ་ཐབས་དཔྱད་ལ་སོགས། འབྱུང་བ་ལྔ་ལ་མ་བྱུང་གཅིག་ཀྱང་མེད། གསོ་བྱེད་རིག་པ་མངོན་རྫོགས་ཐབས་ཡིན་པས། དེ་དང་དེ་ལས་འབྱུང་བ་ཀུན་འབྲེལ་བ། དཔེར་ན་སྒྱུ་འཕྲུལ་དྲྭ་བའི་མིག་དང་འདྲ།”ཞེས་དང་། «ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ཡོངས་གཏད་ལེའུ་»ལས(5)། “འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །” ཞེས་སོ། །འབྱུང་བ་དང་རང་བཞིན་གཅིག་པའི་མི་ལུས་རིན་ཆེན་ཏེ། གོང་གསལ་ལུང་གི་བསྡོམ་ཚིག་གིས་བཅད་པའི་ལུས་ཕུང་གྲུབ་གཞི་ཕྱི་ནང་བར་གསུམ་དུ་དབྱེ་ལ། ཕྱི་ཤ་དང་པགས་པ། བར་རྩ་དང་རུས་པ། ནང་དོན་དང་སྣོད་བཅས་དབྱེ་བ་ཕྱེས་ཡོད། དེ་ནི་རྣམ་པར་གྱུར་པའི་ནད་ཀྱི་འཇུག་སྒོའི་ལམ་བུ་སྟེ། «གསོ་རིག་ཐུགས་འབུམ་མཁའ་སྔོན་ནད་གཞིའི་ལེའུ»ལས(6)། “པགས་ལ་གྲམ་ཞིང་ཤ་ལ་རྒྱས་པ་དང་། རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང་། དོན་ལ་བབ་ཅིང་སྣོད་དུ་ལྷུང་བར་གྱུར།” ཞེས་དང་། ཡང་དེ་ཉིད་ལས། “ལུས་ཟུང་དྲི་མ་དབང་པོ་དོན་སྣོད་ལྔ། རླུང་མཁྲིས་བད་ཀན་རྒྱུ་བའི་ལམ་དུ་བཤད།” ཅེས་གསུངས་པས། སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་གྱི་ནད་རིགས་བྱུང་ངོ་ཅོག རྒྱུ་ལམ་དེ་ལས་མ་བརྒྱུད་པའི་ནད་རིགས་གཅིག་ཀྱང་མེད་པ་བོད་ལུགས་གསོ་རིག་གི་གཞུང་འགྲོས་ཡིན་པས། ནད་དང་ནད་འབྱུང་གི་ལམ་བུ་དང་། ནད་མེད་བདེ་ཐང་འཚོ་བའི་ལུས་ཀྱི་འཕེལ་རིམ་ལམ་བུ་གཉིས་ནང་གསེས་སོ་སོའི་ཐོག་ཏུ་ཟས་དང་སྤྱོད་ལམ་གྱིས་རྣམ་པར་མ་གྱུར་བདེ་ཐང་ལུས་པོ་ཆུ་ལྟར་གནས་པར་བྱེད་པ་དང་། རྣམ་པར་གྱུར་ནས་ནད་ཅན་འཁྱགས་རོམ་ལྟར་གྱི་སྐྱེ་འཕེལ་འབྱུང་དགོས་པ་ཡིན། དོན་ཐོག་དངོས་པོའི་ལུས་སྟེང་གི་ལམ་བུ་དེ་གང་རེད་ཅེ་ན། «གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་གནས་ལུགས་ལེའུ»ལས(7)། “རྒྱུ་ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས། ནང་གི་བུ་ག་སྲོག་ཟུང་དྲི་མ་གསུམ། ཆུ་དང་ཟས་རྒྱུ་བཅུ་གསུམ་གནས་པ་ཡིན། ཕྱིའི་བུ་ག་མགོར་བདུན་གསང་བ་གཉིས། བུ་(བུད)མེད་མངལ་སྒོ་ནུ་མ་གཉིས་ཀྱིས་ལྷག དབྱིབ་(དབྱིབས་)ཟླུམ་སྦོམ་དང་ཕྲ་ལ་རིང་འབྲེལ་གྱེས། ལོ་མ་རྒྱབ་ཀྱི་རྩ་ལྟར་རྒྱས་པར་བྱེད། དང་མ་ཉེར་འཕེལ་སྒོ་ནི་བུ་ག་སྟེ། ཟས་དང་སྤྱོད་ལམ་མི་མཐུན་བརྟེན་པ་ཡིས། བུ་ག་རྒྱུ་ལམ་གནོད་པའི་ནད་བསྐྱེད་ལ། མང་འབྱུང་འགག་དང་གཞན་འགྲོ་འཁྲུགས་པར་བྱེད། སྣོད་(གནོད)མེད་བུ་ག་དག་པས་བདེ་བར་འགྱུར།” ཞེས་གསུངས་པས། ལུས་ཕྱི་ནང་གི་འབྲེལ་ལམ་བུ་གའི་བརྒྱུད་ནས་དྭངས་སྙིགས་འབྱེད་པའི་རླུང་གི་གཡོ་སྐྱོད་ཀྱིས་ཟུངས་དང་དྲི་མ་ཕྱེ་ནས་རིམ་པས་ལུས་ཀྱི་སྨིན་ཚོད་གྲུབ་སྟེ། «གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་མཚན་ཉིད་ལེའུ་»ལས(8)། “ཟས་སྐོམ་སྲོག་གི་རླུང་གིས་ལྟོ་བར་བཅུག སྐོམ་གྱིས་གཤིག་ཅིང་སྣུམ་གྱིས་མཉེན་པར་འགྱུར། མེ་ཉམས་རླུང་གིས་མཁྲིས་པ་བཞུ་བྱེད་ནུས། ཕོ་བའི་གནས་སུ་སྨན་ལྟར་བསྐོལ་བར་བྱེད། དང་པོ་རོ་དྲུག་ཟས་སྐོམ་གང་ཟོས་པ། བད་ཀན་མྱག་བྱེད་དག་གིས་མྱག་པར་བྱེད། རོ་མངར་སྦུ་བ་ཅན་འགྱུར་བད་ཀན་བསྐྱེད། བར་དུ་མཁྲིས་པའི་བཞུ་བྱེད་ཀྱིས་གཞུས་པས། རྣམ་པར་ཚ་བར་རོ་སྐྱུར་མཁྲིས་པ་བསྐྱེད། མཐའ་མར་མེ་ཉམས་རླུང་གི་དྭངས་སྙིགས་འབྱེད། ཁ་བར་གྱུར་སྟེ་དེའི་རླུང་བསྐྱེད་འགྱུར། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། འགྱུར་ཚུལ་ཞུ་རྗེས་དྭངས་སྙིགས་བྱེ་བ་ལས། སྙིགས་མ་རྒྱུ་མར་གར་སླ་གཉིས་སུ་བྱེད། སྐ་བ་གཤང་འགྱུར་སླ་བ་གཅིན་དུ་འགྱུར། དྭངས་མ་ལུས་ཟུང་རང་རང་མེ་དྲོད་ཀྱིས། སྨིན་པར་གྱུར་སྟེ་དྭངས་མ་ཕོ་བར་གནས། དྭངས་མ་ལེན་པའི་རྩ་དགུ་མཆིན་ལམ་རྒྱུད། མཆིན་པའི་གནས་སུ་ཁྲག་གྱུར་ཁྲག་ལས་ཤ། ཤ་ལས་ཚིལ་གྱུར་ཚིལ་ལས་རུས་པར་འགྱུར། རུས་ལས་རྐང་འགྱུར་རྐང་ལས་ཁུ་བར་འགྱུར། དེ་ནས་རྩིག་མ་ཕོ་བའི་བད་ཀན་དང་། སྣོད་མཁྲིས་བུ་གའི་དྲི་མ་ཞག་དང་ནི། སོ་སེན་བ་སྤུ་གཤང་(བཤང་)སྣུམ་མངལ་འཛིན་ཡིན། ལུས་ཟུང་ཁུ་བའི་མཐར་ཕྱིན་མདངས་མཆོག་སྟེ། སྙིང་ལ་གནས་ཤིང་ལུས་ཀུན་ཁྱབ་པ་དང་། ཚེ་གནས་གཟི་མདངས་སྐྲག་དང་ལྡན་པར་བྱེད།” ཅེས་གསུངས་སོ། །ཟུངས་དང་དྲི་མ་དེ་རྣམས་སོ་སོའི་འཕེལ་རིམ་འགྱུར་ལྡོག་གི་གནས་སྐབས་རེའི་བྱེད་ལས་མ་འདྲ་བའི་རང་ལམ་བུ་ག་རྒྱུད་ནས་དམིགས་བསལ་ནུས་པ་རེ་ཐོན་གྱི་ཡོད། ཟུངས་དང་དྲི་མ་སོ་སོའི་བྱེད་ལས་སམ་ཕན་འབྲས་ཏེ། ཡང་དེ་ཉིད་ལས(9)། “དེ་ལ་དང་མས་གནོད་བྱ་འཕེལ་བར་བྱེད། ཁྲག་གིས་རླན་ཅིང་སྲོག་འཚོ་ཤ་ཡིས་གཡོག ཚིལ་གྱིས་སྣུམ་ཅིང་རུས་པས་བརྟན་པར་བྱེད། རྐང་གིས་བཅུད་འགྱུར་ཁུ་བས་མངལ་འཛིན་བྱེད། བཤང་ལྕིས་བརྟེན་འདྲུལ་འབྱིན་པར་བྱེད་པ་སྟེ། རྔུལ་གྱིས་ལྤགས་པ་མཉེན་ཅིང་བ་སྤུ་བརྟེན།” ཞེས་གསུངས་སོ། །ལུས་ཟུངས་བདུན་དང་དྲི་མ་གསུམ་གྱི་འཕེལ་འགྱུར་དང་བྱེད་ལས་གོ་རིམ་བཅས་རྒྱུ་ལམ་བུ་གའི་གནས་ལུགས་དང་འབྲེལ་བ་དམ་པས་གནད་དེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཚུལ་དུ་གནས་སོ། །དེ་བཞིན་ན་བ་གསོ་བ་དང་། ནད་མེད་གནས་ཤིང་ཚེ་རིང་བའི་སྤྱོད་ལམ་བྱ་བའི་འཕྲོད་བསྟེན་གྱི་ཤེས་བྱ་ཡང་དེ་དང་དེ་འབྲེལ་ཚུལ་གྱི་གནས་ལུགས་སུ་སོང་ཡོད་པས་གོང་གསལ་ལུང་གི་སྡོམ་ཚིག་དེ་རྣམས་གཅེས་པར་གདམ་པ་ཡིན་ནོ། །
གཉིས། འབྲེལ་བ་རྩ་ཡི་དབྱེ་བ།
   དེ་འབྲེལ་རྩ་ཡི་གནས་ལུགས་ལའང་«གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་གནས་ལུགས་ལེའུ་»ལས(10)། “ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་དང་བཞི།” ཞེས་པའི་སྐབས་ནས་དབྱེ་ཞིབ་ཕྲ་བའི་རྩ་ཡི་སྐོར་ཡོད་ཀྱང་ཡིག་ཚོགས་མང་དོགས་ཀྱིས་རེ་ཞིག་བསྐྱུང་བར་བྱས་ཏེ། མདོ་དོན་རྩ་ཡི་ངེས་ཚིག་སྟེ། ཡང་དེ་ཉིད་ལས(11)། “རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། འབྲེལ་བྱས་ལུས་ནི་བསྐྱེད་ཅིང་གནས་པ་དང་། སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།” ཞེས་སོ། །འདིར་གཏེར་སྟོན་གུ་རུ་རྣོན་རྩེའི་གཏེར་མ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས་ལམ་མངོན་སངས་རྒྱས་པའི་རྒྱུད་བོན་ཉིད་ཐིག་ལེའི་འགྲེལ་ལས་སྐབས་དོན་དང་འབྲེལ་བའི་ལུང་མཆོག་ཟུར་འདོན་ཞུ་བར་ལམ་གྱི་བྱ་ར་མ་དྲུག་གིས་གནང་བར་མཛད་དུ་གསོལ་ལོ། །ཀྱེ་ཀྱེ་ཀྱེ། དགོངས་ཤིག  གཟིགས་ཤིག  སྐྱོབས་ཤིག ཅེས་བཀའ་སྲུང་ལ་ཕྲིན་བཅོལ་ཕུལ་ནས་རྩ་ཡི་རྣམ་བཞག་བཤད་པ་ནི། «བོན་ཉིད་ཐིག་ལེའི་འགྲེལ་»ལས(12)། “ཡང་དག་པར་རྩ་ཁོ་ན་བསྟན་པ་ནི། ངོ་བོ་སྦུ་གུ་དང་བཅས་པ་ཁྲག་ཆུ་རླུང་རྒྱུ་བ་ལ། ངེས་ཚིག་ལུས་དང་དབང་པོ་སྲོག་དོན་སྙིང་ཐམས་ཅད་ཀྱི་རྩ་བར་གྱུར་པས་ན་རྩ་ཞེས་བྱའོ། ཡང་ན་སྐྱེ་གནས་འཕེལ་འགྲིབ་འཆི་བ་ཡེ་ཤེས་སྐྱེ་བའི་རྩ་བ་ཡིན་པས་ན་རྩ་ཞེས་བྱའོ། རྒྱུ་ནི་འབྱུང་ལྔ་ཕུང་པོའི་སྙིང་ལས་རྩ་ཐམས་ཅད་འབྱུང་བ་ཡིན་ཏེ་ས་བོན་ལས་སྨྱུ་གུ་སྐྱེ་བ་བཞིན་ནོ། །”ཞེས་རྩ་ཡི་ངོ་བོ་ངེས་ཚིག་དཔེ་བཅས་གོ་དོན་ཟབ་པར་བསྟན་ཅིང་དེ་ཡི་དབྱེ་བ་སོགས། «མ་རྒྱུད་གཞི་ཡེ་སངས་རྒྱས་པའི་སྣང་གཞིའི་ལེའུ་»ལས(13)། “རྩ་བ་གཅིག་ལ་ཡེ་ཤེས་སྡོང་པོ་གསུམ། འཁོར་ལོ་ལྔ་ལ་ཡེ་ཤེས་ཞེ་ལྔ་གནས། ཕྱི་རྩ་ཁྲག་རྒྱུ་ནང་རྩ་སྦགས་མར་རྒྱུ། གསང་རྩ་རླུང་རྒྱུ་རྩ་ཆེན་བརྒྱ་རྩ་བརྒྱད། རྩ་ཕྲན་སུམ་བརྒྱ་བརྒྱད་ཁྲི་བཞི་སྟོང་གྱེས། གཡོག་ནས་ཡེ་ཤེས་རྩ་རྣམས་ཟུམ་པ་ཡིས། མཁྱེན་སྤྱོད་རྫུ་འཕྲུལ་སྦས་པའི་ཚུལ་དུ་གནས།”ཅེས་གསུངས་པས། རྩ་ཡི་དབྱེ་བ་ལ། ཡེ་ཤེས་རྒྱུ་བའི་རྩ་ལྔ། འོད་རྒྱུ་བའི་རྩ་ལྔ། རླུང་རྒྱུ་བའི་རྩ་ལྔ། ཁྲག་རྒྱུ་བའི་རྩ་ལྔ། ཐིག་ལེ་རྒྱུ་བའི་རྩ་ལྔ་སྟེ་གཙོ་བོའི་དབྱེ་བ་འཆད་ནས་ཉིང་ལག་དབྱེ་བའི་རྩ་ཕྲན་སྐོར་རྣམས་འདིར་བསྐྱུང་བར་བྱའོ། །
   རྩ་བ་ཡེ་ཤེས་རྒྱུ་བའི་རྩ་དང་། དེ་ལས་གྱེས་པའི་འོད་རྒྱུ་བའི་རྩ་དབང་པོ་གསལ་བྱེད། རླུང་རྒྱུ་བའི་རྩ་འཁོར་ལོ་སྒྱུར་བྱེད། ཁྲག་རྒྱུ་བའི་རྩ་གསལ་བྱེད་མདངས་འབྱིན། ཐིག་ལེ་རྒྱུ་བའི་རྩ་སྲིད་པ་གཞི་འཛིན་སྟེ། རྩ་བ་དང་ཡན་ལག་ལྟར་དབྱེའོ། དེའི་རྩ་བ་ཡེ་ཤེས་རྒྱུ་བའི་རྩ་སྟེ། «བོན་ཉིད་ཐིག་ལེའི་འགྲེལ་»ལས(14)། “དེ་ལས་རྩ་གཅིག་ཅེས་པ་ནི། སྙིང་གི་དཀྱིལ་ན་རྩ་ཡི་རྒྱལ་པོ་ཤེལ་ཀང་ཀ་རི་འདྲ་བ། རིང་ཐུང་ཚོན་གང་བ། ཕྲ་སྦོམ་རྟ་རྔ་བཅུ་ཚལ་ཙམ། གསོ་བ་རིག་པས་ཡང་རྗེ་དཀར་པོ་བཏགས། གསང་སྔགས་པས་ཡེ་ཤེས་གཉུག་མའི་རྩར་བཏགས། རང་འབྱུང་རིག་པའི་རྟེན།” ཞེས་དང་། ཡང་དེ་ཉིད་ལས། “སྙིང་གི་རྩ་དེ་ལས་བློན་པོའི་རྩ་བཞི་གྱེས་པ་དེ་”ཞེས་ཡེ་ཤེས་རྒྱུ་བའི་རྩ། སྙིང་པོ་རྩ་ཡི་རྒྱལ་པོ་དང་། དེ་ལས་གྱེས་པའི་འོད་ལྔ་རྒྱུ་བའི་རྩ་ནི། ཡང་དེ་ཉིད་ལས། “དེ་ནས་འོད་ལྔ་རྒྱུ་བའི་རྩ་ནི། སྙིང་གི་དབང་པོ་གསལ་བྱེད་ལས་གྱེས་ནས་ཡོད་དོ། །འཇུག་པའི་ཚོགས་དྲུག་འོད་དང་ཟེར། དཀར་འཇམ་ཁོག་པ་སྟོང་པའི་རྩ། ས་ལེ་སྒྲོན་མ་འོད་དཀར་རྒྱུ། རྟག་ཏུ་མིག་ལ་འོད་འཁོར་འཁྱིལ། ལྗང་འཇམ་ཁོག་པ་སྟོང་པའི་རྩ། གཡུ་བུན་རླུང་གི་འོད་ལྗང་ཁུ། རྟག་ཏུ་སྣ་ལ་དྲི་བསྙན་འབྱུང་། དམར་འཇམ་ཁོག་པ་སྟོང་པའི་རྩ། བདུད་རྩི་གྲོལ་བའི་འོད་དམར་རྒྱུ། རྟག་ཏུ་ལྕེ་ཡིས་མངོན་བྱང་མྱོང་། སྔོ་འཇམ་ཁོག་པ་སྟོང་པའི་རྩ། འཕྲུལ་གྱི་སྒྲ་འཛིན་འོད་སྔོན་རྒྱུ། རྟག་ཏུ་རྣ་བར་རྔ་སྒྲ་འབྱུང་། སེར་འཇམ་ཁོག་པ་སྟོང་པའི་རྩ། བྱིན་ཆེན་ལྷུན་པོའི་འོད་སེར་རྒྱུ། རྟག་ཏུ་ལུས་ལ་བདེ་བ་འཆར། གཞའ་ཚོན་ལྟ་བུ་རྒྱུ་བའི་རྩ། ཐིག་ལེ་ཁྲག་གིས་མ་གོས་པ། མཉེན་འཇམ་དབང་པོ་སྒོ་ལྔར་ཟུག ལུས་ནི་འཇིག་ལ་ཉེ་བ་ན། ལྔ་པོ་བཟློགས་ནས་སྙིང་ལ་འདུས། ཞེས་བྱ་བ། ལྔ་པོ་ཕྲ་མཉེན་འཇམ་པོ་འོད་ལྔ་རྒྱུ་བའི་རྩའོ། །
   རླུང་རྒྱུ་བའི་རྩ་ལྔ་ནི། སྙིང་གི་འཁོར་ལོ་སྒྱུར་བྱེད་ལས་གྱེས་ནས་ཡོད་དེ། གོང་དུ་བསྟན་པའི་དོན་སྙིང་ལྔ་ནས་བརྒྱུད་དེ་མགོ་དང་ཡན་ལག་བཞི་ལས་གྱེས་པའི་རྩ་ཆེན་ལྔའོ། །
   ཁྲག་རྒྱུ་བའི་རྩ་ལྔ་ནི། སྙིང་གི་གསལ་བྱེད་མདངས་འབྱིན་ལས་གྱེས་ནས་ཡོད་དེ། སྙིང་སྐྱེད་པ་སུམ་སྒྲིལ་མ། གློ་བ་སྐྱེད་པ་དྲི་བྲལ་མ། མཆིན་པ་སྐྱེད་པ་དགུ་རྩེ་མ། མཁལ་མ་སྐྱེད་པ་རགས་སྦོམ་མ། འཚེར་བ་སྐྱེད་པ་སྨྱུ་གུ་མ་དང་ལྔ་ཡང་། གོང་བཞིན་དོན་ལྔ་ནས་ཡན་ལག་མགོ་ལྔ་ནས་གྱེས་ཏེ་གཟི་མདངས་ཁྲག་རྒྱུའོ། །
   ཐིག་ལེ་རྒྱུ་བའི་རྩ་ལྔ་ནི། སྙིང་གི་རྩ་སྲིད་པའི་གཞི་འཛིན་ནས་གྱེས་ནས་ཡོད། སྟོད་སྨད་བར་དུ་གྱེས་ཏེ། རྩ་གཅིག་ལྟེ་བའི་ཨེ་ལ་ཟུག་སྟེ་སྲིད་པ་ཆགས་པའི་རྟེན་གཞི་བྱེད་དོ། །རྩ་གཅིག་ཐུགས་ཁའི་ཨ་ལ་ཟུག་སྟེ་དྲན་པ་གསལ་བའི་སྒྲོན་མ་བྱེད་དོ། །རྩ་གཅིག་མགྲིན་པའི་ༀ་ལ་ཟུག་སྟེ་གསུང་དབྱངས་སྒྲོག་པའི་ང་རོ་འབྱིན་ནོ། །རྩ་གཅིག་སྤྱི་བོའི་ཧཱུྃ་ལ་ཟུག་སྟེ་བྱང་ཆུབ་ཐོབ་པའི་ལམ་བྱེད་དོ། །རྩ་གཅིག་གསང་བའི་བྃ་ལ་ཟུག་སྟེ་ས་བོན་རྒྱུ་བའི་ལས་བྱེད་དོ། །དེ་ལྔ་རྩ་མདུད་ཐིག་ལེའི་རྟེན་ཡི་གེའི་གཟུགས་ཅན་དུ་ཡོད་དེ། རྒྱས་པ་ཐིག་ལེའི་འགྲེལ་བར་གོ་ཕུག་ཡེ་ཤེས།” ཅེས་གསུངས་པ་བོན་ཉིད་ཐིག་ལེའི་འགྲེལ་ལྟར་བཤུས་ནས་ཡོད་དོ། །གཞན་དབྱེ་བ་མང་བས་དེར་བལྟ་བར་མཛོད།
   ཡང་«བོན་ཉིད་ཐིག་ལེའི་འགྲེལ་»ལས(15)། “རྩ་ཆེན་ཆོན་ཐག་བརྐྱངས་པ་འདྲ། རྩ་བློན་མཚོན་སྐུད་དྲང་བ་འདྲ། རྩ་བྲན་དྲྭ་བ་བྲེས་པ་འདྲ། ཕྱི་རྩ་རས་གུར་ཕུབ་པ་འདྲ། ནང་རྩ་སྲིན་བལ་སྤུངས་པ་འདྲ། ཤེས་རབ་དྲན་པ་གསལ་བའི་མི། རྩ་ཡང་མང་ལ་གནད་ཀྱང་མང་། གླེན་པ་ལྐུགས་པ་དབང་པོ་མེད། རྩ་ཡང་ཉུང་ལ་གནད་ཀྱང་ཆུང་། རྩ་རེ་བཞིན་དུ་གནད་རེ་ཡི། ཁམས་གསུམ་ཙམ་གྱི་སྐྱེ་གནས་དང་། སྐྱོན་ཡོན་ཐམས་ཅད་ལུས་ལ་ཡོད། སྣང་སྲིད་འཁོར་འདས་སེམས་ཅན་གྱི། སྐྱེ་ས་སྐྱེ་གནས་རྩ་ལ་ཡོད། དེ་ཕྱིར་སྐྱོན་བཅོས་ཡོན་ཏན་བསྐྱེད། ལུས་གནད་སེམས་གནད་བསམ་ཡས་ཡོད། འཕྲུལ་འཁོར་ལུས་སྦྱོང་འབུམ་ཕྲག་ཡོད། མཚེར་རྩ་ཁྲག་གིས་གང་ན་འཆི། འོད་ཀྱི་རྩ་ལྔ་འགག་ན་གླེན། དྭངས་མའི་རྩ་ལྔ་ཞར་ན་ལྐུགས། རླུང་རྩ་མཁྲིས་པས་གང་ན་བརྒྱལ། སྦག་རྩ་ཁྲག་གིས་གང་ན་གཉིད། སྲོག་རྩར་རླུང་ནི་ཞུགས་ན་སྨྱོ། ཡེ་ཤེས་རྩ་འགག་དོན་འདམ་འགོག”ཅེས་གསུངས་སོ། །
གསུམ་པ། རྒྱུ་བ་རླུང་གི་རྣམ་གྲངས།
   འབྲེལ་བ་རྩ་ཡི་ལམ་ལ་རྒྱུ་བའི་བྱེད་ལས་ཅན་གཙོ་བོ་ནི་རླུང་ཡིན་ཏེ། «གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་མཚན་ཉིད་ལེའུ་»ལས(16)། “ཉེས་པའི་ལས་ནི་རླུང་གིས་དབུག་འབྱིན་རྔུབ། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ། དབང་པོ་གསལ་དང་ལུས་རྗེས་འཛིན་པ་བྱེད། ”ཅེས་དང་། «གསོ་རིག་དཔྱད་འབུམ་ཁྲ་བོ་ནད་ཀྱི་རྒྱུ་ཡི་ལེའུ་»ལས(17)། “རླུང་ནི་ཚ་གྲང་གཉིས་ཀའི་ཆ་བྱེད་དོ། ཉི་མར་ལྡན་པས་ཚ་བའི་གྲོགས་བྱེད་ལས། ཟླ་བར་ལྡན་པས་བསིལ་བར་བྱེད་པ་སྟེ། སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུ། ཚ་གྲང་གཉིས་ཀ་འཁྲུག་ཅིང་སློང་བར་བྱེད།” ཅེས་དང་། «གསོ་རིག་རྒྱུད་བཞིའི་བཤད་རྒྱུད་ནད་རྒྱུའི་ལེའུ»ལས(18)། “དེ་བས་རླུང་ནི་ནད་ཀུན་མ་ལུས་རྒྱུ། ”ཞེས་གསུངས་པས། རྣམ་པར་མ་གྱུར་སྐབས་ཀྱི་རླུང་གི་རང་བཞིན་གྱི་བྱེད་ལས། དབུགས་འབྱིན་རྔུབ་བྱེད་ཅིང་གཡོ་བསྐྱོད་ཀྱིས་ལུས་ཟུངས་དྲི་མ་འཁོར་སྐྱོད་རང་གནས་སུ་རྒྱུ་བར་བྱེད་ཅིང་། དྲན་ཤེས་དབང་པོ་རྣམས་ཀྱི་རང་ཡུལ་སོ་སོར་གཅོད་པ་སྟེ། གསལ་བར་བྱེད་པའི་སེམས་འཛིན་བྱེད་པ་དང་། ལུས་ཡོངས་རྫོགས་ཁྱབ་པས་མི་གཏོང་བར་རྗེས་སུ་འཛིན་པའོ། རྣམ་པར་གྱུར་པའི་རྒྱུ་ཡི་ཆ་ནས་ཚ་གྲང་གཉིས་ཀར་ཁྱབ་ཅིང་ནད་ཀུན་མ་ལུས་དང་འབྲེལ་བ་བད་མཁྲིས་གཉིས་དང་མ་འདྲ་བའི་རང་མཚན་རླུང་ལ་ཡོད་པ་ཤེས་ནུས། ཕྱི་ཡི་འབྱུང་བའི་ཆ་ནས་ཀྱང་གདོས་པའི་གོ་འབྱེད་ནམ་མཁས་ཕྱེས་པའི་སྟོང་ཡངས་སུ། རླུང་རྡུལ་གཡོས་ནས་རིམ་བཞིན་ཕྱི་སྣོད་ཆགས་པ་སྟེ། མེ་ཆུ་ས་གསུམ་པོ་མ་གྲུབ་སྔོན་དུ་འབྱུང་བ་རླུང་གྲུབ་སྟེ། འབྱུང་བ་ཕྱི་མ་རྣམས་ཀྱི་རྟེན་གཞི་བྱེད་ཅིང་འབྱུང་བ་གཞན་དང་མ་འདྲ་བར་གྲུབ་པའི་ཐོག་མ་དང་འཇིག་པའི་ཐ་མའང་རླུང་ཡིན། ཕྱི་ནང་ཕན་ཚུན་རྟེན་འབྲེལ་གྱི་གནད་ཤིན་ཏུ་ཆེ་བས། མིའི་ལུས་ཁམས་ཀྱི་བདེ་ཐང་གནས་མིན་ཀྱང་རླུང་ལ་ཤིན་ཏུ་རག་ལས་པ་ཡིན། དེས་ན་ནང་གི་ལུས་དང་འབྲེལ་བའི་རླུང་གི་དབྱེ་བ་ལྔ་སྟེ། «གསོ་རིག་དཔྱད་འབུམ་ཁྲ་བོ་ལུས་ཀྱི་མཚན་ཉིད་ལེའུ་»ལས(19)། “རླུང་ལ་དབྱེ་ན་སྲོག་འཛིན་གྱེན་རྒྱུ་དང་། ཁྱབ་བྱེད་མེ་ཉམས་ཐུར་སེལ་རྣམ་པ་ལྔ།” ཞེས་སྲོག་འཛིན་དང། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ཏེ་རླུང་གི་དབྱེ་བ་ལྔ་དང་། དེའི་བྱེད་ལས་ལུས་ཀྱི་ཆ་ཤས་ཁག་གི་རང་གནས་སོ་སོ་ནས་རང་གི་ནུས་པ་རེ་འདོན་ཚུལ་རྒྱུད་འབུམ་གཉིས་ལ་གསལ་བས་དེར་བལྟ་བར་བྱའོ། འདིར་སྐབས་དོན་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས། རླུང་གི་སྐོར་ནས་འཆད་འོས་སུ་བབས་པས། «མ་རྒྱུད་གཞི་ཡེ་སངས་རྒྱས་པའི་མི་ནུབ་ཐིག་ལེའི་ལེའུ་»ལས(20)། “གསལ་བའི་ལྷ་དང་ཡེ་ཤེས་ནུས་རྩལ་ལས། ཀུན་རྫོབ་རླུང་གི་གསང་སྔགས་ལས་ཀུན་བྱེད། ཀུན་ནས་ཉོན་མོངས་འཁོར་བ་ཕྱི་ནང་དང་། རྣམ་བྱང་ཞི་བ་མཆོག་ལ་རེག་པ་དང་། བདེ་སྡུག་འཕེལ་འགྲིབ་སེམས་འཛིན་རླུང་ལ་རེ།” ཞེས་རླུང་གི་ནུས་པའམ་བྱེད་ལས་བཅས་བདེ་སྡུག་དང་འཕེལ་འགྲིབ་ཐམས་ཅད་བྱེད་པར་གསུངས། ཡང་དེ་ཉིད་ལས། “རྣམ་པར་དབྱེ་ན་རྩ་བ་ཡན་ལག་རླུང་། རྩ་བའི་ལུང་བཞིན་ཉིང་ལག་མང་པོར་འགྱུར། རྩ་བའི་རླུང་ལ་ངོ་བོ་གནས་གཟུགས་དང་། བྱེད་ལས་དགོས་གཞི་ཁ་དོག་ཕན་ཡོན་དང་། མེད་སྐྱོན་འགྱུར་སྐྱོན་སྒོམ་སྟོབས་འཛིན་ཐབས་དང་། ཟིན་རྟགས་ལོག་སྐྱོན་ལོག་ནོན་སྦྱར་སོ་དང་། འབྲས་བུ་འཕྲལ་དང་མཐར་ཐུག་བསྟན་པ་ཡི། རེ་རེ་ལྔ་ལྔ་བརྒྱད་ཅུ་རྩ་ལྔ་ཡོད།” ཅེས་རྩ་བ་དང་ཡན་ལག་ཉིང་ལག་གི་རླུང་གསུམ་དབྱེ་བ་ཡོད་པ་ལས། རྩ་བའི་རླུང་ལ་དེ་ཉིད་བརྒྱད་ཅུ་རྩ་ལྔ་སྟེ། ༡ རླུང་གི་ངོ་བོ་ལྔ། ༢ གནས་ས་ལྔ། ༣ གཟུགས་དབྱིབས་ལྔ། ༤ བྱེད་ལས་ལྔ། ༥ དགོས་གཞི་ལྔ། ༦ ཁ་དོག་ལྔ། ༧ ཕན་ཡོན་ལྔ། ༨ མེད་སྐྱོན་ལྔ། ༩ སྒོམ་སྟོབས་ལྔ། ༡༠ འགྱུར་སྐྱོན་ལྔ། ༡༡ འཛིན་ཐབས་ལྔ། ༡༢ ཟིན་རྟགས་ལྔ། ༡༣ ལོག་སྐྱོན་ལྔ་། ༡༤ལོག་ནོན་ལྔ། ༡༥ སྦྱར་སོ་ལྔ། ༡༦ འབྲས་བུ་ལྔ། ༡༧  ཉིང་འབྲས་ལྔའོ།།
   གོང་གསལ་རླུང་གི་དེ་ཉིད་བརྒྱད་ཅུ་རྩ་ལྔ་ནི། «མི་ནུབ་ཐིག་ལེའི་ལེའུ»ལས(21)། “རྩ་བའི་རླུང་ལྔ་གྱེན་རྒྱུ་སྲོག་འཛིན་དང་། མེ་མཉམ་ཁྱབ་བྱེད་ཐུར་སེལ་རིམ་པའོ། །གནས་ས་མགོ་སྙིང་ལྟེ་བ་ལྟེ་འོག་གཞང་། གཟུགས་ནི་གདུགས་རིན་འཁོར་པད་གཡུང་འདྲ། བྱེད་ལས་དབུགས་སྲོག་དྲོད་ལས་འབྱིན་པར་བྱེད། དགོས་གཞི་སྨྲ་ཚེ་འབར་འཕྲུལ་བདེ་བ་རྒྱས། ཁ་དོག་སེར་དཀར་དམར་ལྗང་སྔོ་བར་སྟོན། ཕན་ཡོན་དབང་རྩོལ་གཟུང་ཤུགས་སྟོབས་ལྔ་བསྐྱེད། མེད་སྐྱོན་ལྐུགས་འཐིབ་འཆི་བཤལ་ལྡང་མི་ནུས། འགྱུར་སྐྱོན་རྫུན་འཁྲོལ་བརྒྱལ་ལྐུགས་མི་ཚངས་སྤྱོད། སྒོམ་སྟོབས་འཕུར་ལྡིང་སྦར་འདོན་ཆགས་ལམ་སྤྱོད། འཛིན་ཐབས་བསྡམ་ཀློད་གཅེར་བསྐུམས་འབྱེད་འཛུམ་བྱེད། ཟིན་རྟགས་འཕར་དང་གྲོང་འཇུག་སྤྲུལ་བསྒྱུར་བྱེད། ལོག་སྐྱོན་འཁོར་སྨྱོན་མཁྲིས་འཁྲུགས་ཞ་བར་འགྱུར། ལོག་ནོན་མནན་བཀུ་དུག་རྒྱུག་གྱེན་དུ་འདྲེན། སྦྱར་སོ་རྩ་གནས་འཁོར་ལོ་སྐུ་ལྔར་བཞེད། འབྲས་བུ་ལམ་དྲུག་ཀུན་ཀ་མངའ་བསྙེམ་ཞིང་། ཉིང་འབྲས་བདེ་གསལ་མི་རྟོག་ཡེ་ཤེས་སྐྱེ། རླུང་གི་དེ་ཉིད་བརྒྱད་བཅུ་རྩ་ལྔ་འདི། དུས་གསུམ་སངས་རྒྱས་མ་ལུས་གཤེགས་ཤུལ་ལམ། བགྲོད་ནུས་ངེས་འབྱུང་ཟབ་མོ་འདི་ལ་ཞུགས།” ཅེས་སོ། དེ་ལྟར་གསང་བ་སྔགས་ལུགས་ཀྱི་ཐུན་མིན་རླུང་སྦྱོང་ཉམས་ལེན་དང་སྦྱར་བ་རྒྱ་ཆེར་ཡོད་ཀྱང་སྐབས་དོན་མིན་པས་བཤད་པ་བསྐྱུང་ལ་འབྲེལ་ཡོད་རླུང་གི་སྐོར་རྣམས་ཟུར་བཏོན་ཞུས་པ་དེ་རྣམས་སོ། །
རླུང་ལྔའི་ལུས་སྦྱོང་དངོས་སུ་བྱ་ཐབས།
   ལུས་སྦྱོང་གི་ཐོག་མར་མཁོ་མཐུན་ཆ་རྐྱེན་གང་དགོས་རྣམས་ཚང་དགོས་པས་གནས་གཙང་ཞིང་ཁོར་ཡུག་ཡངས་པ་རང་བཞིན་གྱི་མཁའ་རླུང་རྒྱུ་བ་གསོང་བའི་སར། གདན་འབོལ་བ་དང་དབྱར་དགུན་དུས་དང་འཚམས་པའི་གྱོན་གོས་ཡན་ལག་རྐྱོང་སྐུམ་དང་འགུལ་སྤྱོད་མ་བདེ་བ་མ་ཡིན་པའི་བཀླུབ་གོས་ཆེད་སྤྱོད་ལྟ་བུ་ཡོད་ན་རབ། མེད་ཀྱང་དེ་ལུགས་གྱོན་གོས་སྟབས་བདེ་ཅན་སོགས་ཚགས་སུ་བྱ། དེ་ནས་ལུས་གནད་དང་། སེམས་གནད། རླུང་གནད་སྟེ་གསུམ་མོ། །ཐོག་མར་ལུས་གནད་བཅའ་སྟངས། ༧ སྨྲ་དབང་ཡོངས་འཛིན་ཆེན་མོ་༧བསྟན་འཛིན་རྣམ་དག་རིན་པོ་ཆེས་མཛད་པའི་«ཐབས་ལམ་འབྱུང་བའི་ཐིག་ལེའི་ལག་ལེན་བཤད་པ་»ལས(22)། “དེ་ནས་ལུས་གནད་ནི། རླུང་གནད་དུ་འཛུད་ཕྱིར་ཙོག་པོར་འདུག དྲོད་སྐྱེ་མྱུར་ཕྱིར་རྐང་པ་གཉིས་བསྣོལ། སྒལ་ཚིགས་དྲང་པོར་བསྲང་། ལག་གཉིས་ལྟེ་འོག་གི་ཐད་དུ་མཉམ་བཞག་བྱ། མགྲིན་པ་ཅུང་ཙམ་བཀུག མིག་གཉིས་སྣ་རྩེའི་ཐད་དུ་བལྟ། རྩ་རླུང་གནད་དུ་གཟུད་ཕྱིར་དཔུང་པ་ཁྱུང་གཤོག་བཞིན་དུ་གདེངས། དྲོད་རྟགས་མྱུར་བའི་ཡན་ལག་ལུས་སེམས་ཐམས་ཅད་རབ་ཏུ་བསྒྲིམས།” ཞེས་གསུངས་སོ། ལུས་གནད་བཅའ་ཚུགས་དེ་ལྟར་དམ་པོར་བྱས་ཐོག སེམས་གནད་དང་། རླུང་གནད་ལྷན་དུ་ཚང་བར་བྱ་སྟེ། «ཐབས་ལམ་འབྱུང་བའི་ཐིག་ལེའི་ལག་ལེན་བཤད་པ་»ལས(23)། “དང་པོ་རླུང་དུག་གསལ་བ་ནི། དང་པོ་སྣ་བུག་གཡས་པ་སྲིན་ལག་གཡོན་པས་མནན་ནས་རླུང་སྣ་བུག་གཡོན་ནས་རྔུབ་གཡས་ནས་འཕང་བ་ཐེངས་གསུམ། རླུང་དེས་ཞེ་སྡང་ལས་གྱུར་པའི་ནད་གདོན་སྒྲིབ་པ་ཐམས་ཅད་བུན་གྱིས་སོང་བར་བསམ། ཡང་སྣ་བུག་གཡོན་པ་སྲིན་ལག་གཡས་པས་མནན་ཏེ་གཡས་ནས་རྔུབ་གཡོན་ནས་བཏང་བ་ཐེངས་གསུམ། དེ་དུས་རླུང་དེས་འདོད་ཆགས་ལས་གྱུར་པའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་བུས་པར་བསམ། ཡང་སྣ་བུག་གཉིས་ཀ་ནས་རྔུབ་སྟེ་གཉིས་ཀ་ནས་འཕང་བ་ཐེངས་གསུམ། དེ་ཡི་ཚེ་རླུང་དེས་གཏི་མུག་ལས་གྱུར་པའི་ནད་གདོན་སྒྲིབ་པ་ཐམས་ཅད་སངས་ཀྱིས་བུས་པར་བསམ།” ཞེས་སོ། །རླུང་གི་འཕེན་ལེན་དང་། བསམ་ངོའི་དམིགས་པ་ཡ་མ་བྲལ་བར་གནད་དུ་ཕེབས་པས་ཉེ་བའི་སྔོན་འགྲོ་བྱས་ཏེ། རླུང་ལྔའི་ལུས་སྦྱོང་རིམ་པས་འཇུག་པ་ལ། རླུང་སྦྱོར་ཡན་ལག་བཞི་ཡི་གནད་ཤེས་དགོས་ཏེ། རྔུབ་པ། དགང་བ།  གཞིལ་བ། འཕང་བ་དང་བཞིའོ། །དང་པོ་དབུགས་སྣ་ནས་རྔུབ། རྔུབ་རྗེས་དགང་བ། དགང་བ་མི་ཐུབ་པ་ལ་རྔུབ་ཆུང་བྱ་བ་སྟེ་གཞིལ་བ་དང་།  དེ་ནས་མི་ཐུབ་པའི་དུས་དངོས་སུ་སྣ་བུག་གཉིས་ནས་བཏང་བ་འཕང་བའོ། «མ་རྒྱུད་གཞུང་ལམ་མཆོག་གི་ལེའུ་»ལས(24)། “དེ་ནས་རླུང་སྦྱོར་ཡན་ལག་བཞི་ཡིན་ཏེ། སྔ་མའི་རླུང་རོ་ནད་དུག་བཏོན་བྱས་ནས། སྦྱོར་བ་བཞི་ལྡན་བདེ་རླུང་བཟུང་བ་ནི། ལྕགས་ཀྱུ་ལྟ་བུ་རླུང་དབྱིབས་སྣ་ནས་རྔུབ། དཀར་འཇམ་སྙོམས་ལ་རིང་བ་སྲིན་བལ་འདྲ། འཁོར་འདས་ཡོན་ཏན་མ་ལུས་སྡུད་པར་བྱེད། ཆུ་རྒྱུན་ལྟ་བུའི་རླུང་དབྱིབས་རྩ་ལ་འབབ། ཐབས་དང་ཤེས་རབ་ཟུང་འབྲེལ་དབུ་མར་བསྟིམ། བདེ་ཆེན་བྱང་སེམས་ཐིག་ལེ་རྒྱས་པར་བྱེད། མེ་དཔུང་ལྟ་བུ་རླུང་དབྱིབས་ལུས་ལ་བཟུང་། སྟོབས་ཆེན་ཤུགས་དང་ལྡན་པས་དབུ་མར་གཞིལ། ཡེ་ཤེས་བདེ་དྲོད་ནང་ནས་འབར་བར་བྱེད། དུ་བ་ལྟ་བུ་རླུང་དབྱིབས་སྤྱི་བོར་གཏང་། དོན་གྱི་མཆོད་པ་དབུ་མའི་བུ་གར་འདོན། ནད་གདོན་སྒྲིབ་པ་མདའ་ལྟར་འཕེན་པར་བྱེད།”  ཅེས་སོ། །
༡  གྱེན་རྒྱུའི་ལུས་སྦྱོང་། རླུང་སྦྱོར་ཡན་ལག་བཞི་ལྡན་རྩོལ་བ་དང་ལྷན། རང་གི་མགྲིན་པའི་གནས་སུ་གྱེན་རྒྱུའི་རླུང་གི་ཁ་དོག་སེར་པོ་གདུགས་ལྟ་བུ་བསྟིམ་པར་དམིགས་ལ། ལུས་ཀྱི་འཕྲུལ་འཁོར་སྐེ་གཡས་གཡོན་དུ་ཐེངས་གང་འགབ་སྒ་ར་ར་གཅུ་སྐོར་བྱེད། ཐོག་མར་ཐེངས་ལྔ་ཙམ་ནས་རིམ་པས་སྤར་ཆོག   དེ་ལྟར་རླུང་གནད། དམིགས་པ། འཕྲུལ་འཁོར་བཅས་གསུམ་པོ་འཛོམས་པའི་གྱེན་རྒྱུ་རླུང་གི་ལུས་སྦྱོང་ཡིན།
༢  སྲོག་འཛིན་ལུས་སྦྱོང་། གྱེན་རྒྱུའི་སྦྱོང་བ་སྔོན་སོང་མཚམས་སུ། རླུང་སྦྱོར་བཞི་ལྡན་གྱི་བྱ་བ་དང་སྦྲེལ། སྲོག་འཛིན་རླུང་གི་ཁ་དོག་དཀར་པོ་ནོར་བུ་ལྟ་བུ་སྙིང་ཁའི་གནས་སུ་བསྟིམ་པར་དམིགས་ལ། ལག་པ་གཡས་པས་ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་ཚུལ་དང་། སོར་མོ་རེ་རེ་བཞིན་དགྲོལ་བ་ཐེངས་རེ་བྱས་པ་ལན་ལྔ་དང་། གཡོན་པས་ཀྱང་དེ་བཞིན་ལྔ་དང་། རོ་སྟོད་གཡས་སྤྲུལ་གཡོན་སྤྲུལ་ལྔ་རེ་བྱ། ༼ སྤྲུག་སྤྲུག་བྱ། ༽རླུང་དམིགས་འཕྲུལ་འཁོར་གསུམ་ཚང་བའི་སྲོག་འཛིན་རླུང་གི་ལུས་སྦྱོང་ཡིན།
༣  མེ་མཉམ་ལུས་སྦྱོང་། གྱེན་སྲོག་རླུང་གི་ལུས་སྦྱོང་སོང་མཚམས་སུ། རླུང་སྦྱོར་བཞི་ལྡན་གྱི་བྱ་བ་དང་སྦྲེལ། མེ་མཉམ་རླུང་གི་ཁ་དོག་དམར་པོ་འཁོར་ལོ་ལྟ་བུ་ལྟེ་བར་དམིགས་པ་བཟུང་ལ། ལུས་སྐྱིལ་ཀྲུང་གིས་གསུས་པ་སྒལ་པར་བརྡབ་ཅིང་ལག་པ་གཉིས་ཀྱིས་རྐེད་པར་འཇུས་ལ། གཡས་སྐོར་གཡོན་སྐོར་ལྔ་རེ་བྱས་པ་རླུང་དམིགས་འཕྲུལ་གསུམ་ཚང་བའི་མེ་མཉམ་རླུང་གི་ལུས་སྦྱོང་ཡིན།
༤  ཁྱབ་བྱེད་ལུས་སྦྱོང་། གྱེན་སྲོག་མེ་གསུམ་ལུས་སྦྱོང་སྔོན་སོང་མཚམས་སུ། རླུང་སྦྱོར་གོང་བཞིན་དུ་བྱས་ལ། ཁྱབ་བྱེད་རླུང་གི་ཁ་དོག་ལྗང་ཁུ་པདྨ་ལྟ་བུ་ལུས་སྤྱི་དང་ཡན་ལག་ཐམས་ཅད་ལ་བསྟིམ་པར་དམིགས། དབང་པོ་ཡན་ལག་ཐམས་ཅད་ནང་དུ་བསྐུམ། དེ་ནས་རིམ་པས་ལག་པ་གཉིས་ཀྱིས་རེ་མོས་རྩ་རྒྱུས་རྣམས་ལ་ཡར་བྱུག་མར་བྱུག་ལན་ལྔ་ལྔ་དང་། མདའ་འགེང་གཞུ་འགེང་བྱ་༼  གཡས་གཡོན་རེ་མོས་མདའ་གཞུ་འགེང་ཚུལ་བྱ། ༽  རླུང་དམིགས་འཕྲུལ་གསུམ་ཚང་བའི་ཁྱབ་བྱེད་རླུང་གི་ལུས་སྦྱོང་ཡིན།
༥  ཐུར་སེལ་ལུས་སྦྱོང་། གྱེན་སྲོག་མེ་ཁྱབ་བཞི་ཡི་སྦྱོང་བ་སོང་མཚམས་སུ། རླུང་སྦྱོར་སྤྱི་ལྟར་ལ། ཐུར་སེར་རླུང་གི་ཁ་དོག་སྔོན་པོ་གཡུང་དྲུང་ལྟ་བུ་ལྟེ་འོག་གསང་གནས་སུ་བསྟིམ་པར་དམིགས་ལ། འོག་སྒོ་གཉིས་དབྱེ་བཙུམ་བྱ། ལག་གཉིས་ཀྱིས་པུས་མོ་གཡས་ལ་འཇུས། རྐེད་པ་འཁོར་ལོ་བཞིས་གཡས་སུ་ཐེངས་ལྔ་སྐོར། དེ་བཞིན་གཡོན་ལ་ཐེངས་ལྔ་སྐོར། ལག་པ་གཉིས་ཀྱིས་པུས་མོ་སོ་སོར་འཇུས་ནས་གཡས་གཡོན་སྐོར་རོ། །རླུང་སྦྱོང་དམིགས་པ་འཕྲུལ་འཁོར་གསུམ་ཚང་པའི་ཐུར་སེལ་རླུང་གི་ལུས་སྦྱོང་ཡིན་པས་རླུང་ལྔའི་ལུས་སྦྱོང་ཆ་ཚང་དེ་ལྟར་ཡིན་ནོ། །«ལམ་མངོན་སངས་རྒྱས་པའི་གཞུང་ལམ་མཆོག་གི་ལེའུ་»ལས(25)། “གྱེན་རྒྱུ་མགྲིན་པའི་འཁོར་ལོ་ཡོངས་སུ་བསྐོར། །སྲོག་འཛིན་ཐུགས་གློད་ཞགས་འདེབས་སོར་མོ་བཀྲོལ། །མེ་མཉམ་གསུས་རྡེབ་རྐེད་པ་མགལ་མེ་བསྒྱུར། །ཁྱབ་བྱེད་ཀུན་བསྡམས་རྩ་བྱུག་མདའ་འགེང་བྱ། །ཐུར་སེལ་པུས་འཛིན་འོག་བསྡམ་རབ་ཏུ་བསྐུལ། །ལུས་སྦྱོང་རླུང་བཟུང་དམིགས་པ་གསུམ་འཛོམས་པས། །སྨྲིག་རྒྱུའི་འོད་འབྱིན་གཡུ་བུན་དུ་བ་འཕྱུར། །ཟེར་གྱི་མདའ་འབྱུང་གསལ་བའི་སྒྲོན་མེ་འདྲ། །སྤྲིན་མེད་ནམ་མཁའ་དག་པ་ཅི་བཞིན་དུ། །འབྱུང་ལྔའི་རླུང་ཟིན་རྟགས་སྣང་གསལ་བར་འཆར། །དེ་ལ་གོམས་པའི་ཡེ་ཤེས་ལྔ་འབྱུང་ངོ་། །”ཞེས་སོ། །ལུས་སྦྱོང་གི་ཡུན་ཚད་ཞག་གྲངས་གང་བྱས་འགོ་མཇུག་བར་དུ་ཟླ་བ་འཕེལ་འགྲིབ་ཀྱི་ཆ་ལྟར་རིམ་བཞིན་སྤར་འཕྲི་བྱེད་དགོས་ཏེ་འགོ་ཚུགས་པའི་ཉིན་དང་པོ་ནས་རིམ་བཞིན་ཡར་སྤར་བ་དང་། སྦྱང་ཡུན་ཕྱེད་ལ་སླེབས་དུས་རིམ་བཞིན་ཟླ་བ་མར་ངོ་ལྟར་འཕྲི་ཚོད་བྱས་ནས་མཚམས་འཇོག་དགོས་པ་ཡིན།
 རླུང་སྦྱོར་ཡན་ལག་བཞི་ཡི་ཤུགས་ཚད་སྤར་འཕྲི་བྱེད་སྟངས་སོགས་སྦྱང་ཡུན་ལས་གཞིགས་པའི་ཞལ་ཤེས་མང་ངོ་། །གང་བྱུང་ཡ་འཐོར་གྱི་ལུས་སྦྱོང་བྱས་པས་ཕན་འབྲས་འོས་མཚམས་ལས་བརྒལ་བར་ཐོབ་སྲིད་པའི་ངེས་པ་མེད་པས་དེ་ལུགས་གནད་དུ་ཤེས་རྒྱུ་གལ་ཆེའོ། །ལུས་སྦྱོང་གི་བར་གསེང་དུ་བསྐུ་མཉེ་བྱུག་པ་ཁྲུས་སོགས་བྱ་དགོས་ཚུལ་གོང་གསལ་གཞུང་དུ་ཁ་གསལ་ཡོད་ཀྱང་ད་ལན་འདི་ཙམ་འཐུས་པར་བྱས་ནས་བཞག་གོ །
རླུང་ལྔའི་ལུས་སྦྱོང་གི་ཕན་འབྲས།
   མིའི་ལུས་ཀྱི་དོན་སྣོད་དང་དབང་པོ་ཡན་ལག་བཅས་པར་ཕན་ཚུན་ལུས་ཟུངས་དྲི་མའི་བུ་ག་སོ་སོར་འགྲོ་འོངས་མི་མཐུན་པས་ནད་དུ་འགྱུར་བ་དང་། བུ་ག་འགག་འཁྲུགས་དག་པས་ནད་མེད་བདེ་བར་འགྱུར་ཏེ། «དཔྱད་འབུམ་ཁྲ་བོའི་ལུས་ཀྱི་གནས་ལུགས་ལེའུ་»ལས(26)། “ཟས་དང་སྤྱོད་ལམ་མི་མཐུན་བརྟེན་༼ བསྟེན་༽ པ་ཡིས། བུ་ག་རྒྱུ་ལམ་རྒྱུ་གནོད་པའི་༼ པས་༽ ནད་བསྐྱེད་ལ། མང་འབྱུང་འགག་དང་གཞན་འགྲོ་འཁྲུགས་པར་བྱེད། སྣོད་༼ གནོད་༽ མེད་བུ་ག་དག་པས་བདེ་བར་འགྱུར།” ཞེས་གསུངས་པས། རླུང་ལྔའི་ལུས་སྦྱོང་བྱས་པས་ཡན་ལག་ལྷུ་ཚིགས་མཉེན་པ་དང་། དོན་སྣོད་དང་དབང་པོའི་རླུང་རྒྱུའི་རྩ་ལམ་སངས་པས། ལུས་ཟུངས་སོ་སོའི་སྐྱེ་འགྱུར་དྭངས་སྙིགས་ཕྱེ་བ་དང་། དྭངས་མ་རང་གནས་སུ་འདྲེན་ནས་རང་མཚན་གྱི་ནུས་པ་འདོན། སྙིགས་མ་ཕྱི་ལ་འདོར་ནས་དྲི་མ་བཤང་གཅི་ལ་སོགས་དུས་བབ་ཀྱི་ལྡང་ཚད་ཐམས་ཅད་ཆ་སྙོམས་འགྱུར་བས་ལུས་ཀྱི་བདེ་ཐང་རང་བབས་སུ་འགྱུར་བ་ཡིན་ནོ། །གཞན་ཡང་«མ་རྒྱུད་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱི་གཞུང་མཆོག་ལེའུ་»ལས(27)། “ནད་གདོན་བར་ཆོད་སྒྲོལ་བའི་མཚོན་ཆ་ལ། རང་ལུས་བདེ་དྲོད་འབར་བའི་གོས་པོ་ཆེ། བཅུད་ལེན་ནུས་པ་བསྐྱེད་པ་བདུད་རྩིའི་ཟས། སྡུག་བསྔལ་འཁོར་བས་མི་ཐུབ་གོ་ཆ་བརྩན། དབུ་མའི་རྩ་ཁ་འབྱེད་པའི་ལྡེ་མིག་ཡིན། ཡེ་ཤེས་བདེ་རླུང་བསྐྱེད་པའི་གཡོབ་དར་ལ། བྱང་སེམས་ཐིག་ལེ་རྒྱས་པའི་དམུ་ཡད་ཟས། རང་རིག་ཡེ་ཤེས་གསལ་བའི་ཡི་གེ་མཆོག རྟོག་༼  རྟོགས་༽  པ་དྭངས་སྙིགས་འབྱེད་པའི་སྲིད་པའི་རླུང་། ཐར་ལམ་སྦུག་གུ་སེལ་བའི་ཡིད་དམ་ལྷ། ཡོན་ཏན་བསམ་གྱིས་མི་ཁྱབ་ལམ་འདི་ཡིན། དབབ་ས་གསུམ་གྱི་གདམས་པས་བོགས་འབྱིན་པ། གདོན་ཐོག་དབབ་ལ་དམིགས་པའི་ཐབས་ལམ་གྱིས། གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བར་བྱེད། ནད་ཐོག་དབབ་ལ་སྦྱོང་པའི་ཐབས་ལམ་གྱིས། ནད་རིགས་བཞི་བརྒྱ་རྩ་བཞི་འདུལ་བར་བྱེད། རྐྱེན་ཐོག་དབབ་ལ་རྟོགས་པའི་ཐབས་ལམ་གྱིས། ཉོན་མོང་བརྒྱད་ཁྲི་བཞི་སྟོང་འཇོམས་པར་བྱེད།” ཅེས་སོ། །
   གཞན་ཡང་ནད་བྱུང་བ་ཞི་བྱེད་དང་འབྱུང་བ་འགོག་པའི་གཉེན་པོ་འགྱུར་བར་ཆ་རྐྱེན་མང་པོ་མི་དགོས་པར། རང་ལུས་སྦྱོང་བའི་མན་ངག་དེང་རབས་ཚན་རྩལ་དང་མཉམ་པ་འདི། ལོ་ངོ་སྟོང་ཕྲག་ཡར་ལྷག་རིང་དུ་རང་རིགས་མེས་པོ་དམ་པ་རྣམས་ཀྱིས་རིག་རྩལ་གཉེར་བའི་གཅེས་ནོར་འདི་དང་འདི་འདྲ་གླེག་བམ་གསེང་དུ་གཟིམ་པར་ཤིན་ཏུ་ཕོངས་པས། ལག་ལེན་དང་རྒྱུད་པའི་མན་ངག་ཡ་མ་བྲལ་བ་སུས་འཆང་ན། མི་ན་བ་གནས་པ་དང་། ན་བ་སོས་པ། ཚེ་རིང་བདེ་བར་ལྡན་པར་ནུས་སོ། གངས་ཅན་བོད་ལུགས་ཀྱི་གསོ་རིག་གཞུང་གི་ནད་གསོའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་ལས། བྱ་བ་སྤྱོད་ལམ་གྱི་ཁོངས་གཏོགས་ཡིན་པས་འདི་ལ་གཟབས་པར་རིགས་སོ། །
མཐའ་དོན་བསྡུ་བ།
   ཨ་ཡ་བོན་པོ་ལྷ་འབུམ་མམ་གཏེར་སྟོན་གུ་རུ་རྣོན་རྩེས་གཏེར་ནས་བཞེས་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཀྱི་རྩ་འགྲེལ་ཆ་ལག་དང་བཅས་པའི་རྒྱུད་པ་མ་ཆད་པར་ཡོངས་འཛིན་སྨྲ་བའི་སེང་གེ་བསྟན་འཛིན་རྣམ་དག་རིན་པོ་ཆེ་སྐུ་འཚོ་ད་ལྟར་བཞུགས་པའི་དམ་པ་དེ་ཡི་དྲུང་ནས་དབང་ལུང་ཁྲིད་ཀྱི་ཟབ་གདམས་སྐལ་པར་ཐོབ་པའི་གཞུང་ཆེན་ཁུངས་སུ་བྱས་པ་དང་། བོད་ལུགས་གསོ་བ་རིག་པའི་གཞུང་ཆེན་རྒྱུད་འབུམ་ཟུང་གི་གཞུང་ལུགས་སྐུ་དྲིན་སྩོལ་བའི་སློབ་དཔོན་དམ་པ་དུ་མའི་ཐུགས་རྗེའི་ནུས་པ་བདག་ལ་སོན་པའི་དྲིན་སོབ་མི་ནུས་ནའང་། གུས་པོའི་མོས་ངོར་ཡིན་པར་བརླམ་ནས་རྒྱུད་འབུམ་གཉིས་ཀྱི་དགོངས་དོན་ཟུར་རྒྱན་བྱས་ཏེ། རླུང་ལྔའི་ལུས་སྦྱོང་གི་སྐོར་འདི་ཐོག་མའི་ཟིན་རིས་ལྟ་བུ་ལས་མཐའ་ཆོད་དང་ཕུགས་ཕེར་མ་ཡིན་པས། ལུང་རིག་འགལ་འཁྲུལ་གྱི་སྐྱོན་ཆ་ཇི་སྙེད་ཅིག་ཡོད་ངེས་པས་རྗེས་སུ་འཆོས་གཞི་རུ་བཞག་པ་དོན་དང་ལྡན་པར་གྱུར་དང་འགྱུར་བར་སྨོན་ནོ། །།།
མཆན་འགྲེལ།
(1) བྱམས་པ་ཕྲིན་ལས་ཀྱིས་བརྩམས། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ལོ་དཔར་ཐེངས་དང་པོ་དཔར། ཤོག་ངོས ༡༡༧
(2) (3) (4) (6) (7) (8) (9) (10) (11) (16) (17) (19) (26) (27) ཁྱུང་པོ་སྟེང་ཆེན་དགོན་ནས་བསྒྲིགས། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། ཀན་སུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ་དཔར། དེབ་ཕྲེང་། ༥༠  སྨན་འབུམ། ཀ  ཁ  ཤོག་ངོས  ༡༨༩ ཤོག་ངོས ༡༦༧ ཤོག་ངོས ༡༥༠ ཤོག་ངོས ༡༢ ཤོག་ངོས ༡༦༨ ཤོག་ངོས ༡༧༠ ཤོག་ངོས ༡༦༩ ཤོག་ངོས ༡༦༧ ཤོག་ངོས ༡༦༨ ཤོག་ངོས ༡༧༡ ཤོག་ངོས ༡༧༨ ཤོག་ངོས ༡༧༡ ཤོག་ངོས ༡༦༨ ཤོག་ངོས ༩༣
(5) བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། དེབ་ཕྲེང ༥༠   ཤོག་ངོས  ༧༣༠  ༩༡
(12) (13) (14) (15) (20) (21) (24) (25)སྒོ་བཞི་མཛོད་ལྔའི་ཡང་བཅུད། ཁྱུང་པོ་ཀོ་རྒྱལ་དགོན་ནས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་ཕྲེང་། ༡༧  ཤོག་ངོས  ༢༦༧ ཤོག་ངོས ༡༩ ཤོག་ངོས ༢༦༨ ཤོག་ངོས ༢༧༡ ཤོག་ངོས ༢༩ ཤོག་ངོས ༣༠  ཤོག་ངོས ༩༡ ཤོག་ངོས
(18)བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། དེབ་ཕྲེང ༥༠   ཤོག་ངོས  ༤༥
(22) (23)སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་གི་གསུང་འབུམ། ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཁང་ནས་བསྐྲུན། དེབ་ཕྲེང ༡༥  ཤོག་ངོས ༥༧༧    ཤོག་ངོས  ༥༧༣
དཔྱད་གཞིའི་དཔེ་ཆ།
བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས། དེབ་ཕྲེང ༥༠  རྒྱུད་བཞི། 〚M〛 མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོར་དཔར།
སྒོ་བཞི་མཛོད་ལྔའི་ཡང་བཅུད། མ་རྒྱུད་རྒྱུད་འགྲེལ། 〚M〛 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོར་དཔར།
གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཕྲེང ༥༡  སྨན་འབུམ། ཀ  ཁ   〚M〛 ཀན་སུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ་དཔར།
གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། 〚M〛 མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོར་དཔར།
སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་གི་གསུང་འབུམ། པོད་བཅོ་ལྔ་པ། ༢༠༡༣ ལོར་དཔར།
མཁས་གྲུབ་ཁྲོ་རུ་ཚེ་རྣམ་གྱི་གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། 〚M〛 མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོར་དཔར།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།