གཡུ་ལོའི་ཐར་མདོ་ཞུ་དག་ལས་འཕྲོས་པའི་བམ་པོའི་སྐོར་ལ་ཐོག་མའི་བསམ་གཞིགས།

[ཟླ་ཚེས། 2020-02-05 18:18:12][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [གནད་བསྡུས] རིག་འཛིན་གཡུ་ལོ་དཀར་པོའི་གཏེར་མ《གཡུ་ལོའི་ཐར་མདོ》ཞེས་གྲགས་པ་དེ་ཉིད་ཉེ་ཆར་དཔེ་ཁུངས་མི་འདྲ་བ་བཞི་དང་ཕན་ཚུན་དཔེ་བསྡུར་བྱས་པའི་རྒྱུད་རིམ་ཁྲོད་བམ་པོའི་སྐོར་ལ་འཇོག་ཚུལ་མི་འདྲ་བ་འགའ་ཞིག་བྱུང་བ་ལ་བརྟེན། དེ་འབྲེལ་བམ་པོའི་སྐོར་གསལ་བའི་ཡིག་ཆ་གང་མང་ཞིག་ལ་དཔྱད་གཞིར་བཟུང་སྟེ། སྤྱིར་བམ་པོའི་དོན་གང་ཞིག་ལ་ངོས་འཛིན་དགོས་པའི་སྐོར་ལ། ཚེག་བར་དང་ཚིག་རྐང་མང་ཉུང་། དེ་བཞིན་ཚིག་བཅད་དང་ཚིག་ལྷུག མི་ཡི་དག་ཚིག གཤེན་གྱི་མཁྱེན་ཚིག བོན་གྱི་སྡོམ་ཚིག ཤོ་ལོ་ཀ་བཅས་ལ་བརྟེན་ནས་བམ་པོ་གྲུབ་སྟངས་དབྱེ་ཞིབ་ཀྱི་དཔྱད་གླེང་དང་། དེ་མཚུངས《གཡུ་ལོའི་ཐར་མདོ》ལ་བམ་པོ་ཇི་ཙམ་ཡོད་མེད་སྐོར་ལ་དཔྱད་ཞིབ་གང་ཐོན་བྱས་ཡོད།

  [གནད་ཚིག] བམ་པོ། ཤོ་ལོ་ཀ ཚེག་བར། མི་ཡི་དག་ཚིག གཤེན་གྱི་མཁྱེན་ཚིག བོན་གྱི་སྡོམ་ཚིག གཡུ་ལོའི་ཐར་མདོ།

གཅིག གླེང་གཞི།

  ཉེ་ཆར་རྒྱལ་ཁབ་རིམ་པའི་ལས་གཞི《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》དེ་ཉིད་རྒྱལ་ཁབ་རིམ་པའི་ལས་གཞིའི་ཐོག་ནས་དག་སྒྲིག་དཔེ་སྐྲུན་བྱེད་རྒྱུའི་གོ་སྐབས་དང་བསྟུན། གཏེར་སྟོན་གཡུ་ལོ་དཀར་པོས་རྨ་རྒྱལ་གན་གྱའི་གནས་ནས་གཏེར་ཐོན་པའི《རིག་འཛིན་ཐུགས་སྤྲུལ་གཡུ་ལོ་དཀར་པོའི་གཏེར་མ་རིགས་དྲུག་ཐར་ལམ་གྱི་མདོ》ཞེས་པ་དང་།1 བསྡུས་མིང་དུ《གཡུ་ལོའི་ཐར་མདོ》ཞེས་གྲགས་པ་དེ་ཉིད་རང་ལ་དག་སྒྲིག་ཞུ་བའི་བགོ་སྐལ་ཐོབ་པར་བརྟེན། རྩ་བའི་མ་ཕྱི་ཉག་རོང་དབལ་ཁྱུང་དགོན་གྱི་བཀའ་འགྱུར་དེ་ཉིད་ཀུན་གྲོལ་ལྷ་སྲས་ཀྱིས༼༡༩༩༩༽ལོར་འཕྲུལ་པར་དུ་བཏབ་པའི་པོད་གྲངས༼༤༣༽པ་དེ་ཉིད་བྱས་ཤིང་། དེ་ལ་བསྡུར་དཔེ་མི་འདྲ་བ་གསུམ་2དང་གཤིབ་བསྡུར་བྱས་པ་ལས། གཞི་རྐང་དཔེ་ཁུངས་བཞི་ཆར་བམ་པོའི་གྲངས་གསལ་ཡང་བམ་པོ་སྤྱིའི་གྲངས་མང་ཉུང་དང་། དེ་དག་གཞུང་གི་ཚིག་མཚམས་གང་ཞིག་ཏུ་ཡོད་པ་མི་འདྲ་བ་བཅས་ལ་བརྟེན། ཡང་སྙིང་མདོ་འདིའི་བམ་པོའི་སྐོར་དེ་གང་འདྲ་ཞིག་ཡིན་མིན་སྐོར་ལ་དཔྱད་ཞིབ་ཅིག་བྱེད་འདོད་སྐྱེས་ཤིང་། དེ་ལྟར་དཔྱད་ཞིབ་བྱེད་པའི་ཐབས་ལམ་ནི་འབྲེལ་ཡོད་བམ་པོའི་སྐོར་གསལ་བའི་དཔེ་ཆ་འགའ་ཞིག་བཙལ་འཚོལ་དང་དེ་དག་དཔྱད་གཞིར་བཟུང་བའི་སྒོ་ནས་རྩོམ་ཡིག་འདི་ཉིད་འབྲི་བའི་ལས་སུ་ཞུགས་པ་ཡིན།

གཉིས། སྤྱིར་བམ་པོ་ཞེས་པའི་དོན་ལ་དཔྱད་པ།

  ད་སྐབས་ཕྱོགས་ཀུན་ནས་རིག་ཚན་སོ་སོ་ལ་རགས་བཤད་ཙམ་མ་ཡིན་པར་ཞིབ་ཏུ་དམིགས་བཀར་གྱིས་དཔྱད་པ་དང་དེ་འབྲེལ་ཆེད་རྩོམ་འབྲི་བའི་སྲོལ་ཞིག་འབྱུང་བཞིན་ཡོད་པ་ལས། བརྗོད་གཞི“བམ་པོ”བྱས་པའི་དཔྱད་རྩོམ་གང་མང་ཞིག་ཡོད་དམ་མེད་ཀྱང་རུང་། རང་ངོས་ལ་དེ་དག་བསྐལ་དོན་དུ་གྱུར་པས་ད་ལྟའི་གནས་བབ་ནི་ལྟོས་གྲུབ་ཀྱིས་ཐོག་མའི་ཞིབ་འཇུག་ལྟ་བུར་གྱུར་ཡོད། ཡིན་ནའང་དཔྱད་གཞིའི་ཡིག་ཆ་འགའ་ཞིག་མཇལ་དུ་ཡོད་པ་རྣམས་འདིར་དཔྱད་གཞིར་བཟུང་སྟེ་གླེང་བ་ལ། བླ་ཆེན་དྲན་པས་མཛད་པའི《དྲང་དོན་སྒྲོན་མ་མུན་སེལ་ལས་སྟོང་ཐུན་གྱི་མན་ངག》ལས། “དྲང་དོན་སྒྲོན་མ་མུན་སེལ་འདི་ལ། ཚིགས་སུ་བཅད་པ་སྟོང་དང་བརྒྱད་ཅུ་བཞི། ཤོ་ལོ་ཀ་ནི་ཉིས་བརྒྱ་བདུན་ཅུ་གཅིག མི་ཡི་དག་ཚིག་དགུ་བཅུ་སུམ་ཆ་གཅིག༼སུམ་ཆ་གཅིག་ཟེར་བ་ཤོ་ལོ་ཀ་གཅིག་ཡིན་འདུག༽ གཤེན་རབ་མཁྱེན་ཚིག་སུམ་ཅུ་དགུ་ཆ་གཅིག༼དགུ་ཆ་གཅིག་ཟེར་བ་ཤོ་ལོ་ཀ་གཅིག་ཡིན་འདུག༽ གཡུང་དྲུང་བོན་གྱི་སྡོམ་ཚིག་བཅུ་དང་ཤོ་ལོ་ཀ་གཅིག་གོ །དེ་ཡང་གཡུང་དྲུང་ཚིག་བར་བདུན་ནས་བཅོ་ལྔའི་བར་ལ། གཡུང་དྲུང་ཤད་བར་གཅིག ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་གསུམ་ལ་དག་ཚིག་གཅིག མི་ཚིག་གསུམ་ལ་མཁྱེན་ཚིག་གཅིག གཤེན་རབ་མཁྱེན་ཚིག་གསུམ་ལ། གཡུང་དྲུང་བོན་གྱི་སྡོམ་ཚིག་གཅིག རྒྱ་གར་གཤེན་པོ་གསལ་འོད་གཡུང་དྲུང་གིས་བཞེད་པ་ཡིན།”3ཞེས་གསལ་བ་འདི་ནི་ཁོ་བོས་དེ་སྔོན་བམ་པོའི་བརྩི་གཞི་སྐོར་འཁོད་པའི་ཡིག་ཆ་ཀུན་ལས་སྔ་ཤོས་དེ་ཡིན་དགོས་པ་དང་། དེ་ཡང་ཡིག་ཆ་དེར《དྲང་དོན་སྒྲོན་མ་མུན་སེལ》གཞིར་བཟུང་སྟེ། ཤད་བར་ནས་བོན་གྱི་སྡོམ་ཚིག་བར་དུ་ཇི་ལྟར་བརྩི་དགོས་པའི་སྐོར་ཁ་གསལ་དུ་འཁོད་འདུག ཡང་ལུང་དེ་དང་འབྲེལ་བ་ཞིག་ནི་ཇི་སྐད་དུ། “དྲང་དོན་མུན་སེལ་སྒྲོན་མ་ལས། གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག མི་ཡི་དག་ཚིག་གསུམ་ལ་གཤེན་གྱི་མཁྱེན་ཚིག་གཅིག གཤེན་གྱི་མཁྱེན་ཚིག་གསུམ་ལ་བོན་གྱི་སྡོམ་ཚིག་གཅིག བོན་གྱི་སྡོམ་ཚིག་བདུན་ལ་བམ་པོ་གཅིག བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད། བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད།”4 ཅེས་གཞི་རྩར་དྲང་དོན་སྒྲོན་མ་མུན་སེལ་དང་མཐུན་ཞིང་། དམིགས་བསལ་དུ་ཤད་བར་བརྩི་སྟངས་ཐད། “གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག” ཞེས་དང་། དྲང་དོན་ལས། “གཡུང་དྲུང་ཚིག་བར་བདུན་ནས་བཅོ་ལྔའི་བར་ལ། གཡུང་དྲུང་ཤད་བར་གཅིག” ཅེས་པའི་ཁྱད་པར་ཙམ་བྱུང་འདུག་པ་ནི“གཡུང་དྲུང་ཚེག་བར་བདུན་ལ་ཤད་བར་གཅིག” ཅེས་མ་མཐའི་ཚད་དེ་གཞིར་བྱས་པ་ཡིན་ནམ་སྙམ། མདོར་ན་ཡིག་ཆ་དེ་ལྟར་ཤོ་ལོ་ཀ་རེ་རེ་ལ་ཤད་བར་བཞི་རེ་ཡོད་པའི་དབང་དུ་བྱས་ཏེ་བརྩིས་ན། ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་གསུམ་ལ་མི་ཡི་དག་ཚིག་གཅིག་སྟེ་ཤད་བར༼༡༢༽དང་ཤོ་ལོ་ཀ༼༣༽ མི་ཡི་དག་ཚིག་གསུམ་ལ་གཤེན་གྱི་མཁྱེན་ཚིག་གཅིག་སྟེ་ཤད་བར༼༣༦༽དང་ཤོ་ལོ་ཀ༼༩༽ གཤེན་གྱི་མཁྱེན་ཚིག་གསུམ་ལ་བོན་གྱི་སྡོམ་ཚིག་གཅིག་སྟེ་ཤད་བར༼༡༠༨༽དང་ཤོ་ལོ་ཀ༼༢༧༽ དེའི་ཐོག་བོན་གྱི་སྡོམ་ཚིག་བདུན་ལ་བམ་པོ་གཅིག་སྟེ་ཤད་བར༼༧༥༦༽དང་ཤོ་ལོ་ཀ༼༡༨༩༽ཡོང་དགོས་པར་འདུག་མོད། གོང་དུ“བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད།” ཅེས་པའི་གྲངས་དང་འགྲིག་མི་འདུག དེ་ལ“བོན་གྱི་སྡོམ་ཚིག་བདུན”ཞེས་པའི་གྲངས“བདུན”དེ་ནོར་བའི་དབང་དུ་བྱས་ཏེ་དཔྱད་ན། ནོར་གཞིའི་གྲངས་བརྒྱད་ཡིན་ན་བམ་པོ་གཅིག་ལ་ཤོ་ལོ་ཀ༼༢༡༦༽དང་། དགུ་ཡིན་ན་བམ་པོ་གཅིག་ལ་ཤོ་ལོ་ཀ༼༢༤༣༽ བཅུ་ཡིན་ན་བམ་པོ་གཅིག་ལ་ཤོ་ལོ་ཀ༼༢༧༠༽ བཅུ་གཅིག་ཡིན་ན་བམ་པོ་གཅིག་ལ་ཤོ་ལོ་ཀ༼༢༩༧༽བཅུ་གཉིས་ཡིན་ན་བམ་པོ་གཅིག་ལ་ཤོ་ལོ་ཀ༼༣༢༤༽ཡོང་གི་འདུག གྲངས་དེ་དག་གྱི་ནང་ནས་སུམ་བརྒྱ་ཏག་ཏག་འགྲིག་པ་མི་འདུག་རུང་སུམ་བརྒྱ་དང་ཉེ་བ་ནི་གྲངས་བཅུ་གཅིག་དང་བཅུ་གཉིས་གཉིས་དེ་ཡིན་འདུག ཡང“བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད།” ཅེས་པ་འདི་ལ་དཔྱད་ན། ཡིག་ཆ་དེར“བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད།” ཅེས་པ་གཞིར་བྱས་ཏེ། དེ་འདྲའི་བམ་པོ༼༣༦༠༽དེ་ཤོ་ལོ་ཀ༼༣༠༠༽ཡིས་བསྒྱུར་ན་ཤོ་ལོ་ཀ༼༡༠༨༠༠༠༽སྟེ་འབུམ་གཅིག་ཁར་སྟོང་ཕྲག་བརྒྱད་ཡོད་པ་དེ་གོང་གསལ“བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད།” ཅེས་པ་དེ་དང་ཏག་ཏག་འགྲིག་མི་འདུག འོ་ན་བམ་པོ་རྩི་སྟངས་འདི་འདྲ་གཏན་ནས་མི་འཐད་དོ་སྙམ་སྲིད་ནའང་། དེ་ཡང་བཤད་དཀའ་བ་ཞིག་སྟེ། རྨེའུ་ལྷ་རི་གཉེན་པོས་མཛད་པའི《ཁམས་བརྒྱད་གཏན་ལ་ཕབས་པའི་རྣམ་དབྱེ་སྤྱི་དོན་དགུ་ཡིས་བསྟན་པ》ལས། “བམ་པོ་ནི་སུམ་བརྒྱ་དྲུག་ཅུ་སྟེ། ཡི་གེ་འདུས་པ་ལ་མིང་བྱུང་། མིང་འདུས་པ་ཚིག་བྱུང་། ཚིག་འདུས་པ་ཚིགས་ཤད་བྱུང་། དེ་ལ་ཁམས་རང་ལས་ཚིགས་ཤད་རབ་འབྲིང་ཐ་མ་གསུམ་བྱུང་སྟེ། རབ་ཚིགས་བར་བཅུ་གཅིག་པ་ཡིན་པ་ནི། རིག་པའི་ཁམས་ནས། རིན་ཆེན་གཅལ་བཀྲམ་ཁྲི་ལ་སྟོན་པ་གཤེན་རྒྱལ་བཞུགས། ཞེས་དང་། འབྲིང་པོ་ཚིགས་བར་དགུ་པ་ནི། སྲིད་པའི་ཁམས་ལས། གཤེན་རབ་བླ་མ་ཐུགས་རྗེའི་མངའ་བདག་ནི། །ཞེས་དང་། ཐ་མ་ཚེག་བར་བདུན་པ་ནི། རིག་པའི་ཁམས་ནས། མཐོ་རིས་ངན་སོང་གར་འགྲོ་བ། ཞེས་པ་དེས་རིགས་སོ། །དེ་ལྟ་བུའི་ཚིགས་བཅད་དང་། ཤད་བར་བཞི་ལ་གཤེན་རབ་ཀྱི་སྡོམ་ཚིག་གཅིག་ཅེས་བྱའོ། །སྡོམ་ཚིག་སུམ་བརྒྱ་དྲུག་ཅུ་ལ་བམ་པོ་ཞེས་བྱའོ། །”5ཞེས་བམ་པོ་ཇི་ལྟར་བརྩི་བ་ནི་ཚིག་བཅད་རེ་ལ་ཚེག་བར་མང་ཉུང་གིས་རིགས་གསུམ་དུ་ཕྱེས་ཤིང་། དེ་འདྲའི་ཤད་བར་བཞི་ལ་གཤེན་རབ་ཀྱི་སྡོམ་ཚིག་སྟེ་ཤོ་ལོ་ཀ་གཅིག་དང་། སྡོམ་ཚིག་སུམ་བརྒྱ་དྲུག་ཅུ་ལ་བམ་པོ་རེ་ཡིན་པར་བསྟན་ཡོད་པ་དང་། ཡང་ལུང་དེ་ཉིད་ལས། “སྣང་བའི་ཁམས་ལ་རྒྱུན་བྱུང་སྟེ། ཚིགས་འདུས་པ་ལ་ཚིགས་ཤད་བྱུང་། ཚིག་བར་བཅུ་གཅིག་ཤད་བར་གཅིག ཤད་བར་བཞི་ལ་སྡོམ་ཚིག་གཅིག སྡོམ་ཚིག་སུམ་བརྒྱ་བམ་པོ་སྟེ། བསྡོམ་ཚིག་སྟོང་ཕྲག་བརྒྱ་འབུམ་མོ། །”6ཞེས་པའི“སྡོམ་ཚིག་སུམ་བརྒྱ་བམ་པོ་སྟེ།” ཞེས་པ་དང་། གོང་དུ“སྡོམ་ཚིག་སུམ་བརྒྱ་དྲུག་ཅུ་ལ་བམ་པོ་ཞེས་བྱའོ། །”ཞེས་གསལ་བ་དེ་གཉིས་མཐུན་མི་འདུག་པའི་དགོངས་གཞི་གང་ཡིན་བརྟག་བྱ་དང་། མཁས་པ་དཔལ་ཆེན་པོའི《ཁམས་འགྲེལ》ལས། “ཡི་གེ་དུ་མ་འདུས་པ་ལས་དོན་གྱི་ངོ་བོ་བརྗོད་པའི་མིང་འབྱུང་ལ། མིང་དུ་མ་འདུས་པ་ལས་དོན་ཁྱད་པར་བརྗོད་པའི་ཚིག་འབྱུང་ཞིང་། ཚིག་དུ་མ་འདུས་ལས་བརྗོད་བྱའི་གཙོ་བོ་གཅིག་རང་དབང་དུ་སྟོན་པའི་གཤེན་རབ་ཀྱི་སྡོམ་ཚིག་གཅིག་འབྱུང་ལ། སྡོམ་ཚིག་སུམ་བརྒྱ་ལ་བམ་པོ་གཅིག་ཅེས་བྱ་བ་ལ། བམ་པོ་སུམ་བརྒྱ་དྲུག་ཅུ་ལ་སྡོམ་ཚིག་སྟོང་ཕྲག་བརྒྱ་ཡོད་པའི་ཕྱིར་སྟོང་ཕྲག་བརྒྱ་པ་ཞེས་བྱའོ། །”7ཞེས་བམ་པོ་རེ་ལ་གཤེན་རབ་ཀྱི་སྡོམ་ཚིག་ཅེས་ཤད་བར་བཞིའམ་ཤོ་ལོ་ཀ་རེ་དང་། བམ་པོ་རེ་ལ་ཤོ་ལོ་ཀ་སུམ་བརྒྱ་རེ་བཞེད་པས་རྨེའུ་ལྷ་རིའི་བཞེད་པ“སྡོམ་ཚིག་སུམ་བརྒྱ་བམ་པོ་སྟེ།”ཞེས་པ་དང་། གཞན“བམ་པོ་གཅིག་ལ་ཤོ་ལོ་ཀ་སུམ་བརྒྱ་ཡོད། བམ་པོ་སུམ་བརྒྱ་དྲུག་ཅུ་ལ་ཤོ་ལོ་ཀ་འབུམ་ཡོད།” ཅེས་པ་དང་ཡང་མཐུན་འདུག དེ་ལྟར་ཡིན་རུང་རྩ་བའི《ཁམས་འགྲེལ》རང་དུ། “བམ་པོ་སུམ་བརྒྱ་དྲུག་ཅུ་ལ་སྡོམ་ཚིག་སྟོང་ཕྲག་བརྒྱ་ཡོད”ཅེས་པ་དང་མི་མཐུན་པ་གོང་གསལ་ལྟར་ཡིན། ཡང《ཁམས་འགྲེལ》དུ་བམ་པོའི་ཚད་དེ་ལྟར་ཡིན་པ་ལ《ཁམས་ཆེན》གཞུང་དངོས་ལ་བརྟགས་པའི་ཚེ་བམ་པོ་རྣམས་དེ་ལྟ་བུའི་ཚེག་བར་གྱི་གྲངས་མི་མཉམ་པའི་དོན་ནི་རྒྱུ་མཚན་དམིགས་བསལ་བ་ཞིག་ཡོད་པར་བཞེད་པ་ནི། 《ཁམས་འགྲེལ》ལས། “བམ་པོའི་ཚད་ནི་སྔར་བཤད་པ་ཡིན་ལ། དེ་ཡང་མདོ་ལ་བམ་པོ་མང་ཉུང་དུ་འོང་བའི་གོ་བ་ནི་ཡེ་གཤེན་སུམ་བརྒྱ་དྲུག་ཅུས་ནང་མ་གཅིག་ལ་བཀླགས་པའི་དུས་སུ་གཞུང་དུམ་བུ་སུམ་བརྒྱ་དྲུག་ཅུ་བྱུང་བ་ལ་བམ་པོར་བཞག་ལ། དེ་ཡང་ཀློག་བཟང་ངན་གྱིས་དམ་པོར་བྱུང་བ་ཡིན་ལ། དེ་ལྟར་བཀླགས་པར་ཡང་སྣང་བའི་ཁམས་ལས་གསུངས་པ་ཡིན་ནོ་ཞེས་གསུངས་པ་ལ། དེ་ལྟར་བརྟེན་ལ་བཤད་པར་བྱའོ། །”8ཞེས་གསལ་བ་དེ་ཡིན། འོན་ཏེ་བཞེད་སྲོལ་འདི་ཉིད་རྨེའུ་ལྷ་རི་གཉེན་པོའི་བཞེད་ཕྱོགས་དང་མཐུན་ནམ་ཞེ་ན། དེ་ཡང་མཐུན་དཀའ་བ་སྟེ་གོང་གསལ་ལྷ་རི་གཉེན་པོས“ཁམས་རང་ལས་ཚིགས་ཤད་རབ་འབྲིང་ཐ་མ་གསུམ་བྱུང་སྟེ།” ཞེས《ཁམས་ཆེན》གཞུང་དུ་བམ་པོ་རྣམས་ཚེག་བར་གྲངས་མི་མཉམ་པའི་རྒྱུ་མཚན་ནི་ཁམས་རེ་རེར་ཚིག་བཅད་ཀྱི་ཤད་བར་མི་འདྲའི་དབང་གིས་བྱུང་བར་བཞེད་པ་ལས། ཡེ་གཤེན་རྣམས“ཀློག་བཟང་ངན”གྱིས་ཕྱེས་མེད་པ་དེ་རེད། ཡང《དུང་དཀར་ཚིག་མཛོད་ཆེན་མོ》ལས། “དེ་སྔོན་བཙན་པོའི་དུས་སྐབས་སུ་བོད་ཡིག་གི་གསུང་རབ་རྣམས་ཤོག་དྲིལ་དུ་བྱས་ནས་འཇོག་པ་དང་གླེགས་བམ་དུ་བྱས་ན་འཇོག་པ་སྣ་ཚོགས་ཡོད། བམ་པོ་ནི་བོད་ཡིག་གི་དབང་དུ་བྱས་ན་ཚིགས་བཅད་ལ་ཚིག་རྐང་བཞི་དང་། ཚིག་ལྷུག་མར་ཚེག་བར་ཏེ་ཡིག་འབྲུ་སུམ་ཅུ་སོ་གཉིས་རེ་ལ་ཤོ་ལོ་ཀ་རེ་དང་ཤོ་ལོ་ཀ་སུམ་བརྒྱ་སྟེ་ཚེག་བར་སུམ་སྟོང་བརྒྱ་དང་ཉི་ཤུ་ཐམ་པ་9ལ་བམ་པོ་གཅིག་ཏུ་རྩིས་པ་ཡིན། སྐབས་རེ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུ་དང་། བཞི་བརྒྱ་ཙམ་ལ་བམ་པ་རེར་རྩིས་པ་ཡང་མི་ཉུང་བ་ཡོད།”10ཞེས་གསལ་བ་ལྟར་ན་བམ་པོ་ནི་ཚིག་བཅད་ཡིན་ན་ཚེག་བར་བཞི་རེ་དང་། ཚིག་ལྷུག་ཡིན་ན་ཚེག་བར་སོ་གཉིས་11རེ་ལ་ཤོ་ལོ་ཀ་རེ་བརྩིས་ཏེ། དེ་འདྲའི་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེ་བརྩི་བ་དང་། དེ་ཡང་མཐའ་གཅིག་ཏུ་མ་ངེས་པར་སྐབས་འགར་བམ་པོ་རེ་ལ་ཤོ་ལོ་ཀ་སུམ་བརྒྱ་ལྔ་བཅུའམ། བཞི་བརྒྱ་ཙམ་ལ་བྱས་པ་ཡང་ཡོད་པར་གསུངས། གོང་གསལ་ཡིག་ཆ་དེ་དག་གི་དོན་ཧྲིལ་གྱིས་དྲིལ་ན་བམ་པོ་ནི་རྩ་བའི་ཡིག་འབྲུའམ་ཤད་བར་མང་ཉུང་གི་སྒོ་ནས་འཇོག་པ་དང་། དེ་ཡང་ཚིག་བཅད་ལྷུག་གཉིས་སུ་ཕྱེས་ཏེ་ཚིག་བཅད་ཡིན་ན་ཤད་བར་དང་། ཚིག་ལྷུག་ཡིན་ན་ཚེག་བར་མང་ཉུང་གིས་འཇོག་པ་དང་། དེ་ལའང་ནང་གསེས་འཇོག་ལུགས་མི་འདྲ་བ་དུ་མ་ཞིག་ཡོད་ཅིང་སྤྱི་ཡི་ཆ་ནས་བམ་པོ་རེ་ལ་ཤོ་ལོ་ཀ་སུམ་བརྒྱ་ཙམ་ལ་བྱེད་པ་དང་། གཞན་པའི་འཇོག་ཚུལ་ཡང་ཡོད་པ་སོགས་དཔྱད་གཞི་མང་བ་དང་། ལྷག་དོན་དུ་ཁམས་ཆེན་སོགས་སྟོན་པའི་བཀའ་མང་པོ་ཞིག་ཏུ་བམ་པོའི་སྐོར་དེ་གསལ་ཡང་དེ་དག་འཇོག་ཚུལ་ལ་ཞིབ་ཏུ་བསམ་ན་ཇི་ལྟར་ཡིན་མིན་སོགས་དཔྱད་བྱ་མང་ཡང་འདི་ནི་འཕྲོས་གཞི་ཙམ་བསྟན་པའོ། །

གསུམ། སྐབས་སུ་བབ་པ་གཡུ་ལོའི་ཐར་མདོའི་བམ་པོའི་སྐོར་ལ་དཔྱད་པ།

  དེ་ཡང་ད་ལན་ཁོ་བོས་གཡུ་ལོའི་ཐར་མདོ་དཔེ་ཁུངས་མི་འདྲ་བ་བཞི་དཔྱད་བསྡུར་བྱས་པ་ནི་གོང་གསལ་ལྟར་རྩ་བའི་གཞི་འཛིན་ས་ཀུན་གྲོལ་ལྷ་སྲས་དཔར་མ་དང་། གཞན་གསུམ་ནི་ཁྲོ་ཆེན་གྱི་ཤིང་པར་གཅིག ཨ་མདོ་ཤར་ཁོག་ནས་བྱུང་བའི་ལག་བྲིས་གཅིག སྦྲ་ཆེན་སྤུ་ལ་ནས་བྱུང་བའི་ལག་བྲིས་གཅིག་བཅས་ཡིན། དེ་བཞི་པོ་ལ་རྩ་བའི་བམ་པོའི་སྐོར་གསལ་འདུག་མོད། བམ་པོའི་གྲངས་དང་དེ་དག་གཞུང་ཚིག་མཚམས་གང་ཞིག་ཏུ་ཡོད་པ་འདྲ་མི་འདུག དེ་ཡང་བམ་པོ་དེ་དག་གཞི་རྐང་ལེའུ་གང་ཞིག་གི་མཇུག་ཏུ་ཡོད་པ་འདྲ་བས་འདིར་ཡང་ལེའུ་དང་འབྲེལ་ཏེ་དཔྱད་ན་སྟབས་བདེ་བར་འདུག་སྟབས་དེ་བཞིན་བྱས་ན། དཔེ་བཞི་ཀར་ལེའུའི་སྐོར་ལ་གླེང་གཞིའི་ལེའུ་དང་པོ་ནས་སྡིག་ཆེན་རྣམས་ལ་ཕན་གདགས་པའི་ལེའུ་སྟེ་སོ་གཉིས་པ་ཡན་དངོས་བསྟན་ལེའུ་སོ་གཉིས་དང་། ད་དུང་དེའི་འཕྲོ་ནས་གཞུང་འདི་ཇི་ལྟར་བསླབ་པའི་ཚན་པ་ཞིག་འདུག་པ་བཅས་བསྡོམས་ལེའུ་སོ་གསུམ་ཡོད་པར་མཚུངས། བམ་པོའི་སྐོར་ལ་དཔེ་བཞི་ཀར་བམ་པོ་དང་པོ་ཞེས་དངོས་སུ་མ་གསལ་12ཞིང་།13 《ཤར་ཁོག》དང《སྤུ་ལ》གཉིས་སུ་ལེའུ་ལྔ་པའི་མཇུག་ཏུ་བམ་པོ་གཉིས་པ་14གསལ། དེ་ནས་དཔེ་བཞི་ཀར་ལེའུ་བརྒྱད་པའི་མཇུག་ཏུ་བམ་པོ་གསུམ་པ་ནས། ལེའུ་བཅུ་གཅིག་པའི་མཇུག་ཏུ་བམ་པོ་བཞི་པ། ལེའུ་བཅུ་བཞི་པའི་མཇུག་ཏུ་བམ་པོ་ལྔ་པ། ལེའུ་བཅུ་བདུན་པའི་མཇུག་ཏུ་བམ་པོ་དྲུག་པ། ལེའུ་ཉི་ཤུ་པའི་མཇུག་ཏུ་བམ་པོ་བདུན་པ། ལེའུ་ཉེར་གསུམ་པའི་མཇུག་ཏུ་བམ་པོ་བརྒྱད་པ་བར་འགྲིག དེ་ནས《ཤར་ཁོག》ནང་ལེའུ་ཉེར་བཞི་པའི་མཇུག་ཏུ་བམ་པོ་དགུ་པ་ནས། ལེའུ་རེ་རེའི་མཇུག་ཏུ་བམ་པོ་རེ་བྱས་པའི་ལེའུ་སོ་གཉིས་བར་རིམ་པར་བམ་པོ་བཅུ་བདུན་ཡན་གསལ། གཞན《རྩ་དཔེ》《ཁྲོ་ཆེན》《སྤུ་ལ》ནང་ལེའུ་ཉེར་བདུན་པའི་མཇུག་ཏུ་བམ་པོ་དགུ་པ། ལེའུ་ཉེར་བརྒྱད་པའི་མཇུག་ཏུ་བམ་པོ་བཅུ་པ། ལེའུ་སུམ་ཅུའི་མཇུག་ཏུ་བམ་པོ་བཅུ་གཅིག་པ་གསལ། མདོར་ན《ཤར་ཁོག》ཅན་ནང་བམ་པོ༼༡༧༽དང་། 《རྩ་དཔེ》《ཁྲོ་ཆེན》《སྤུ་ལ》ནང་བམ་པོ༼༡༡༽གསལ་བ་དེ་རེད། ཡང་འདིའི་སྐོར་འབྲེལ་ཡོད་དཔྱད་གཞི་གཞན་ཞིག་ཡོད་པ་ནི་མདོ་འདི་དང་ཚིག་དོན་གང་ཐད་ནས་ཧ་ལམ་གཅིག་པ་ཡིན་པ《གཉེན་འཐིང་ཐར་མདོ》15ཞེས་པ་དེ་ཡིན་16ལ་གཞུང་དེར་བམ་པོའི་སྐོར་ལ་ཡང་བམ་པོ་དང་པོ་ཞེས་དངོས་གསལ་མེད་ཅིང་གཞན་ལེའུ་ལྔ་པའི་མཇུག་ཏུ་བམ་པོ་གཉིས་པ་དང་། ལེའུ་བརྒྱད་པའི་མཇུག་ཏུ་བམ་པོ་གསུམ་པ། ལེའུ་བཅུ་གཅིག་པའི་མཇུག་ཏུ་བམ་པོ་བཞི་པ། ལེའུ་བཅུ་བཞི་པའི་མཇུག་ཏུ་བམ་པོ་ལྔ་པ། ལེའུ་བཅུ་བདུན་པའི་མཇུག་ཏུ་བམ་པོ་དྲུག་པ། ལེའུ་ཉི་ཤུ་པའི་མཇུག་ཏུ་བམ་པོ་བདུན་པ། ལེའུ་ཉེར་གསུམ་པའི་མཇུག་ཏུ་བམ་པོ་བརྒྱད་པ། ལེའུ་ཉེར་བདུན་པའི་མཇུག་ཏུ་བམ་པོ་དགུ་པ། ལེའུ་ཉེར་བརྒྱད་པའི་མཇུག་ཏུ་བམ་པོ་བཅུ་པ། ལེའུ་སུམ་ཅུ་པའི་མཇུག་ཏུ་བམ་པོ་བཅུ་གཅིག་པ་བཅས་བསྡོམས་བམ་པོ་བཅུ་གཅིག་ཡོད་པ་ནི། གོང་གསལ《རྩ་དཔེ》《ཁྲོ་ཆེན》《སྤུ་ལ》གསུམ་དང་མཚུངས་འདུག་པ་དེ་རེད། དེ་ལྟར་ན《གཡུ་ལོའི་ཐར་མདོ》ལ་བམ་པོའི་གྲངས་དེ་འདི་ལྟར་ངེས་སྙམ་པའང་བྱུང་ཞིང་གཤམ་དུ་དཔྱད་པར་བྱའོ། །

བཞི། ཡང་སྙིང་གཡུ་ལོའི་ཐར་མདོ་ལ་བམ་པོ་ཇི་ཙམ་ཡོད་མེད་ལ་དཔྱད་པ།

  གོང་གསལ་གྱི་དཔྱད་གཞི་དེ་དག་ལས་གསལ་པོར་ཤེས་ཐུབ་པ་ནི་སྤྱིར་བམ་པོའི་ཚད་དང་དགོས་སུ《གཡུ་ལོའི་ཐར་མདོ》ལ་བམ་པོའི་སྐོར་ངེས་གཏན་ཞིག་བཤད་པ་ལ་དཀའ་རྙོག་ཆེ་བ་ཟུར་བལྟས་ལེབ་མཐོང་དུ་གྱུར་ཡོད་པ་དང་། ཡང་སྙིང《གཡུ་ལོའི་ཐར་མདོ》ལ་བམ་པོ་ཇི་ཙམ་ཡོད་དམ་ཞེ་ན། སྤྱིར་གོང་གསལ《གཡུ་ལོའི་ཐར་མདོ》གཞུང་རང་ངོས་ལ་བལྟས་ན་བམ་པོ་བཅུ་གཅིག་གམ་ཡང་ན་བཅུ་བདུན་གང་རུང་དུ་ངེས་དགོས་པ་འདྲ་ཞིག་འདུག་མོད། དེ་གཉིས་ལ་དཔྱད་གཞི་འདི་འདྲ་ཡོད་དེ། མ་གཞི《གཡུ་ལོའི་ཐར་མདོ》ལའང་དཔེ་ཁུངས་མི་འདྲ་བ་ཁག་ཏུ་ལྡེབ་མ་བཅུ་ལྷག་གིས་མང་ཉུང་ཡོད་འདུག་ལ། མ་དཔེ་ལྷ་སྲས་ཅན་དེ་ལ་མཚོན་ན་ཡིག་འབྲུའམ་ཚེག་བར༼༣༦༢༢༤༽ཙམ་ཡོད་ཅིང་། དྲང་དོན་ལས། “གཡུང་དྲུང་ཚིག་བར་བདུན་ནས་བཅོ་ལྔའི་བར་ལ། གཡུང་དྲུང་ཤད་བར་གཅིག” ཅེས་ཚེག་བར་ཉུང་ཤོས་བདུན་རེའི་དབང་དུ་བྱས་པའི་ཤད་བར་རེ་དང་། ཤད་བར་བཞི་ལ་ཤོ་ལོ་ཀ་གཅིག ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བརྩིས་ན་བམ་པོ་གཅིག་ལ་ཚེག་བར༼༨༤༠༠༽ཡོད་དགོས་པ་གཞིར་བྱས། 《གཡུ་ལོའི་ཐར་མདོ》ལ་ཚེག་བར༼༣༦༢༢༤༽ཡོད་པ་དེ་གོང་གསལ་ལྟར་བམ་པོ༼༡༡༽ཡོད་པའི་དབང་དུ་བྱས་ན་བམ་པོ་རེ་ལ་ཚེག་བར༼༣༢༩༣༽ཐོབ་པ་དང་ལྷག་མ་ཚེག་བར༼༡༽ཡོད། ཡང་བམ་པོ༼༡༧༽ཡོད་པའི་དབང་དུ་བྱས་ན་བམ་པོ་རེ་ལ་ཚེག་བར༼༢༡༣༠༽ཐོབ་པ་དང་ལྷག་མ་ཚེག་བར༼༡༤༽ཡོད། དེ་ལྟར་བམ་པོ༼༡༡༽དང་ཡང་ན༼༡༧༽གང་ཞིག་བྱས་རུང་རྩ་བའི་བམ་པོ་རེ་ལ་ཚེག་བར༼༨༤༠༠༽རེ་ཡོད་པའི་དབང་དུ་བྱས་ན་འདི་འཐད་དོ་སྙམ་པ་ཞིག་གཏན་ནས་ཡོང་ཐབས་མི་འདུག ཡང་བམ་པོ་རྩི་སྟངས་དྲང་དོན་ལུང་ལྟར་མ་མཐའི་ཚེག་བར་བདུན་རེ་ལ་ཤད་བར་རེ་དང་། 《གཡུ་ལོའི་ཐར་མདོ》ལ་ཚེག་བར༼༣༦༢༢༤༽ཡོད་པ་དེ་བམ་པོ་རེ་ལ་ཤོ་ལོ་ཀ༼༣༠༠༽དང་ཚེག་བར༼༨༤༠༠༽རེ་ཡོད་པའི་དབང་དུ་བྱས་ཏེ་བརྩིས་ན། 《གཡུ་ལོའི་ཐར་མདོ》ལ་བམ་པོ༼༤༽དང་ཤོ་ལོ་ཀ༼༩༣༽དང་ཚེག་བར༼༢༠༽ཡོད་འདུག་པས་མདོར་ན《གཡུ་ལོའི་ཐར་མདོ》ལ་བམ་པོ་བཞི་ལྷག་ཙམ་ཡོད་པ་དེ་རེད། ཡང་གོང་གསལ་གྱི《ཐར་མདོ》གཏེར་ཁ་མི་འདྲ་བ་དང་། དཔེ་ཁུངས་མི་འདྲ་བ་དེ་དག་ལས《གཡུ་ལོའི་ཐར་མདོ》ཤར་ཁོག་བར་རོང་དྲན་པ་ཚང་ཅན་དུ་བམ་པོ༼༡༧༽བྱུང་བ་ལས། གཞན་ཚང་མར་བམ་པོ༼༡༡༽རེ་ཡོད་པ་གཅིག་མཚུངས་སུ་གྱུར་པ་འདིས་ཡང་སྙིང《གཡུ་ལོའི་ཐར་མདོ》ལ་བམ་པོ་པོ༼༡༡༽ཏུ་ངེས་སམ་སྙམ་མོད། ད་དུང་དེ་བས་ཁ་གསལ་ཞིང་གཏིང་ཆོད་པའི་དཔྱད་གཞི་རྙེད་ན་དེ་ལུགས་བློ་ལྡན་དག་གིས་མཁྱེན་པར་མཛོད་ཅིག་ཅེས་བསྐུལ་མ་དང་བཅས་སྐབས་ཀྱི་རྩོམ་མཇུག་གྲུབ་པའོ།། །།

  དཔྱད་མཆན།

  1 ཁ་བྱང་འདི་བཀའ་འགྱུར་ཀུན་གྲོལ་ལྷ་སྲས་དཔར་མའི་པོད་གྲངས༼༤༣༽དུ་བཞུགས་པའི་ཁ་བྱང་ལྟར་ཡིན་ལ། དཔེ་ཁུངས་གཞན་པ་རྣམས་སུ་ཁ་བྱང་མི་འདྲ་བའང་ཡོད།

  2 བསྡུར་དཔེ་གསུམ་ནི། དཔེ་ཁུངས་རྒྱལ་རོང་ཁྲོ་ཆེན་ཤིང་པར་ཅན་ཞིག་དང་། སྦྲ་ཆེན་སྤུ་ལ་ནས་ཡིན་པའི་ལག་བྲིས་ཤིག ཨ་མདོ་ཤར་ཁོག་ནས་ཡིན་པའི་ལག་བྲིས་ཅན་དང་གསུམ་ཡོད།

  3 སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་ཆ་ལག་དང་བཅས་པ་བཞུགས། ཞེས་པའི་ཤོག་ངོས༼༡༢༥༽པར་གསལ། མཛད་པ་པོ་དག་པོ་དྲན་པ་ནམ་མཁའ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།

  4 དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱི་ལག་བྲིས་ཟིན་ཐོའི་དེབ་ཅིག་ཏུ་འཁོད་ཡོད་ལ་དེ་མཛད་མཁན་སུ་ཡིན་མ་གསལ།

  5 སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ། ཁམས་བརྒྱད་ཞུན་ཏིག ཤོག་ངོས། ༣༡༤པར་གསལ།

  6 གོང་མཚུངས་ཤོག་ངོས། ༣༡༦པར་གསལ།

  7 རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་བཞུགས་སོ། །སྟོད་ཆ། ཤོག་ངོས། ༡༥༣པར་གསལ།

  8 གོང་མཚུངས་ཤོག་ངོས། ༡༥༤ པར་གསལ།

  9 འདིར“ཤོ་ལོ་ཀ་སུམ་བརྒྱ་སྟེ་ཚེག་བར་སུམ་སྟོང་བརྒྱ་དང་ཉི་ཤུ་ཐམ་པ”ཞེས་པ་འདི་རྩི་ལུགས་གང་ཡིན་གསལ་པོ་ཤེས་མ་སོང་།

  10 དུང་དཀར་ཚིག་མཛོད་ཆེན་མོ། ཤོག་ངོས། ༡༤༠༡པར་གསལ།

  11 ཚེག་བར་སོ་གཉིས་པོ་ཚོ་བཞི་ལ་བགོས་ན་ཚོ་རེར་ཚེག་བར་བརྒྱད་རེ་ཡོང་འདུག་ཅིང་། ཚད་དེ་ལྟོས་གཞི་ཚིག་བཅད་འབྲིང་ཙམ་ལ་ལྟོས་ཏེ་བཞག་པར་སྙམ།

  12 བམ་པོ་དང་པོ་ཞེས་དངོས་སུ་མ་གསལ་བ་ནི་སྤྱིར་བམ་པོ་ནི་གཞུང་དེའི་དབུ་ནས་མར་བརྩི་བའི་སྲོལ་ཡོད་པ་ལྟར་ཚིག་ཟིན་དུ་མེད་པ་ཙམ་ལས་དོན་དུ་ཡོད་པར་སྙམ།

  13 འདི་ནས་བཟུང་དཔེ་ཁུངས་ལྷ་སྲས་ཅན་ལ《རྩ་དཔེ》ཞེས་དང་། ཁྲོ་ཆེན་ཅན་ལ《ཁྲོ་ཆེན》 ཤར་ཁོག་ཅན་ལ《ཤར་ཁོག》 སྤུ་ལ་ཅན་ལ 《སྤུ་ལ》ཞེས་བསྡུས་མིང་རེས་མཚོན་པར་བྱས་ཡོད།

  14 འདི་ལྟར་ན་ལེའུ་དང་པོ་ནས་ལྔ་པའི་བར་ཀྱི་ལེའུ་ལྔ་པོ་དེ་བམ་པོ་གཅིག་ལ་བརྩི་དགོས་པའི་ཚོད་དུ་གྲུབ་ཡོད།

  15 གཏེར་སྟོན་གཉེན་འཐིང་རེ་ངན་ནམ་གཉེན་སྟོན་ཤེས་རབ་རྡོ་རྗེ་ཞུ་བ་ཁོང་གིས་གཏེར་ནས་ཐོན་པའི་ཐར་མདོ་ལ་མིང་དེ་སྐད་དུ་གྲགས།

  16 འདིའི་དཔེ་ཁུངས་ལྷ་སྲས་དཔར་མའི་བཀའ་འགྱུར་དང་། གཞན་ལག་བྲིས་རྒྱ་གར་ལྡི་ལའི་དཔར་མ་ཞིག་དང་། ཨ་མདོ་ཤར་ཁོག་གི་ལག་བྲིས་གསུམ་འདུག་པ་ལས་བམ་པོའི་སྐོར་གཅིག་མཚུངས་རེད་འདུག

  དཔྱད་གཞིའི་ཡིག་ཆ།

  ༡༽ དག་པོ་དྲན་པ་ནམ་མཁའ། སྙན་རྒྱུད་རིན་པོ་ཆེ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་གཞུང་ཆ་ལག་དང་བཅས་པ། དེབ་གཟུགས། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༤

  ༢༽ བསྟན་འཛིན་རྣམ་རྒྱལ་གྱི་ཟིན་བྲིས་དེབ། ལག་བྲིས། དཔེ་བདག་བསྟན་འཛིན་རྣམ་རྒྱལ།

  ༣༽ སྟོན་པ་གཤེན་རབ། རིག་འཛིན་ཐུགས་སྤྲུལ་གཡུ་ལོ་དཀར་པོའི་གཏེར་མ་རིགས་དྲུག་ཐར་ལམ་གྱི་མདོ། ལག་བྲིས་དཔེ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ ༡༡

  ༤༽སྟོན་པ་གཤེན་རབ། རིགས་དྲུག་ཐར་ལམ་མདོ་དབུ་ཕྱོགས་བཞུགས་སོ། །ཁྲོ་ཆེན་ཤིང་ཁར་དཔེ་གཟུགས། དཔེ་བདག་རྫ་སྨོན་རྒྱལ་དགོན།

  ༥༽སྟོན་པ་གཤེན་རབ། རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་དབུ་ཕྱོགས་བཞུགས་སོ། །ལག་བྲིས་དཔེ་གཟུགས། དཔེ་བདག་ཤར་ཁོག་བར་རོང་དྲན་པ།

  ༦༽ སྟོན་པ་གཤེན་རབ། རིགས་དྲུག་ཐར་ལམ་གྱི་མདོཞེས་བྱ་བ་བཞུགས་པ་ལེགས་སོ། །ལག་བྲིས་དཔེ་གཟུགས། དཔེ་བདག་སྦྲ་ཆེན་སྤུ་ལ་སྤེན་ནེ་ཚང་།

  ༧༽ སྟོན་པ་གཤེན་རབ། རིགས་དྲུག་ཐར་ལམ་གྱི་མདོ་གཉེན་མཐིང་གི་གཏེར་མ་བཞུགས་པ་དགེ་ལེགས་འཕེལ་བའི་ལེའུ་སྟེ། ལག་བྲིས་དཔེ་གཟུགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ ༡༡

  ༨༽ སྟོན་པ་གཤེན་རབ། ཐར་ལམ་དེ་མ་ཞེས་བྱ་བ་དབུ་ཕྱོགས་བཞུགས་པ་དགེ་ལེགས་འཕེལ་ལོ། །ལག་བྲིས་དཔེ་གཟུགས། དཔེ་བདག་ཤར་ཁོག་བར་རོང་དྲན་པ།

  ༩༽ སྟོན་པ་གཤེན་རབ། རིགས་དྲུག་ཐར་པ་ཆེན་པོའི་མདོ་བཞུགས་སོ། །ལག་བྲིས་དཔེ་གཟུགས། རྒྱ་གར་ལྡི་ལིའི་དཔར་མ། དཔེ་བདག་དགེ་བཤེས་བསྟན་རྣམ།

  ༡༠༽ བླ་ཆེན་དྲན་པ་དང་། རྨེའུ་ལྷ་རི་གཉེན་པོ། སྲིད་པ་ལས་ཀྱི་གཏིང་ཟློག་གི་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ། ཁམས་བརྒྱད་ཀྱི་ཞུན་ཏིག དཔེ་གཟུགས། ༢༠༡༧ ༨

  ༡༡༽མཁས་པ་དཔལ་ཆེན་པ། རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་བཞུགས་སོ། །སྟོད་ཆ། དེབ་གཟུགས། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། ༢༠༠༥

  ༡༢༽དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ༤

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།