བོད་ཡིག་གི་བྱུང་རིམ་དང་སུག་བུ་ཆུང་གི་སྐོར་དཔྱད་གླེང་།

[ཟླ་ཚེས། 2018-08-11 11:18:58][རྩོམ་པ་པོ། ཞུ་འོད་རྒྱས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1533957665102372.jpg
༡ བོད་ཀྱི་འཕྲུལ་ཡིག་བཞི་བཅུའི་བྱུང་རིམ་སྐོར།

   སྤྱིར་གཡུང་དྲུང་བོན་གྱི་བཀའ་འགྱུར་མདོ་འབུམ་རྒྱུད་མཛོད་སོགས་སྒོ་བཞི་མཛོད་ལྔའི་བོན་སྡེ་ཀུན་ལས་འཕྲུལ་ཡིག་བཞི་བཅུ་སྟོན་པས་མཛད་པར་གསལ་པོར་བསྟན་ཡོད་ལ། མཛད་དགོས་དོན་ཡང་། སྟོན་པ་གཤེན་རབ་མ་བྱོན་གོང་ནས་སྡེབ་སྦྱོར་ཡི་གེ་དང་། འདྲ་གཟུགས་ཡི་གེ་གང་ཡིན་མ་དཔོགས་ཀྱང་སྲིད་པའི་ཡི་གེ་ཁྲི་དང་འབུམ་ཙམ་ཡོད་པ་དེ། བདུད་ཀྱིས་མེ་ལ་བསྲེགས་པ་དང་། ཚིག་འཕྲོ་འབྱུང་ལྔ་མཚོན་བྱེད་དམ། འབྱུང་ལྔའི་ས་བོན་ཡི་གེ་ལྔ་ལུས་པ་དེར། གཞི་བྱས་ཏེ། དེ་ལས་འཕྲོས་པས་འབྱུང་བ་རེར་ཡི་གེ་འབྲུ་བརྒྱད་རེ་སྤྲོས་ནས་མཛད་པར་གསལ་ཡོད། དེ་ཡང་ཀ་ནས་ཨ་བར་གསལ་བྱེད་སུམ་ཅུའི་ཐོག་སྐབས་སྦྱོར་བཅུ་སྟེ། དབྱངས་བཞི་དང་དབུ་ཚེག་ཤད་གསུམ་མ་གླད་ཀོར། ཡ་བཏག་ར་བཏག་བཅས། ཁྱོན་བསྡོམས་པས་འཕྲུལ་ཡིག་བཞི་བཅུ་ཞེས་སུ་གྲགས་པ་དེ་ཡིན། དེ་བཞིན་བཀའ་རྟེན་རྣམས་ལས་ཀྱང་སྟོན་པ་གཤེན་རབ་སྐབས་ནས་འཕྲུལ་ཡིག་བཞི་བཅུ་ཡོད་པར་བཤད་ཡོད་པ་རེད།  སྟོན་པ་གཤེན་རབ་སྐབས་སུ་ལྷ་ཡི་ཡིག་གཟུགས་སམ། སྤུངས་སོ་ཆེ་བ་ཡིན་པར་གསལ་བའི། སྤུངས་སོ་ཆེ་བའི་ཡིག་གཟུགས་མཛད་པ་པོ་སྟོན་པ་གཤེན་རབ་ཡིན་པ་ང་ཚོས་དཔོགས་ཐུབ། ལྷ་ཡི་ཡི་གེ་དང་ཚང་པའི་ཡི་གེ་གཉིས་གཅིག་ཡིན་མིན་དཔྱད་རྒྱུ་འདུག་དྲན། དེ་བཞིན་ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་དང་བོད་ཡིག་དབུ་མེད་དང་དབུ་ཅན་བཅས་ཀྱི་ཡིག་གཟུགས་དེ་དག་སུས་སྲོལ་གཏོད་དམ་ཞེ་ན། བོན་གཞུང་ཁག་ལས་མུ་ཁྲིའི་སྐབས་ཙམ་དུ་བྱོན་པའི་ལོ་ཙྭ་བ་དྲུག་གིས་གཡུང་དྲུང་གི་བོན་སོ་སོའི་ཡུལ་དུ་བསྒྱུར་ཞེས་དང་། གྲི་གུམ་གྱི་གོང་ཙམ་བྱོན་པའི་ཞང་བོད་མཁས་པ་མི་བཞིས་གཡུང་དྲུང་གི་བོན་ཞང་ཞུང་གི་སྐད་ལས་བོད་སྐད་དུ་བསྒྱུར་ཞེས་པ་ཙམ་ལས་སུས་མཛད་པ་གསལ་པོར་ཕྲན་གྱིས་མ་མཐོང་མོད། ལ་མོ་བསྟན་འཛིན་འགྱུར་མེད་ཀྱིས་རྩོམ་པས། དབུ་མེད་ལ་འཇུག་པའི་སྒོ་ཞེས་པར། བོད་ཡིག་བྱུང་རིམ་སྐོར་མདོར་ཙམ་བཤད་པ་དེར་ལས། (བོད་འདིར་ཡིག་གེ་ཐོག་མར་དར་ནས་ལོ་ངོ་སུམ་སྟོང་ཙམ་སོང་བར་གྲགས་)ཞེས་དང་། ཡང་(ཞང་ཞུང་ལ་སྐབས་དེར་སྨར་ཆེན་སྨར་ཆུང་ཡོད་པ་དང་སྨར་ཆེན་སྲོལ་གཏོད་པ་པོ་ཁྲི་ཐོག་སྤར་ཙ་ཞེས་པ་༼ ལོ་ཙྭ་བ་དྲུག་གི་ཡ་གྱལ་༽དེ་ཡིན་པ་དང་། སྨར་ཆུང་སྲོལ་གཏོད་པ་པོ། སྟོང་རྒྱུང་མཐུ་ཆེན་ཞེས་པ་༼ ཞང་བོད་མཁས་པ་མི་བཞིའི་ཡ་གྱལ་༽དེ་ཡིན། སྨར་ཡིག་དེའང་སྡེབ་སྦྱོར་གྱི་ཡི་གེ་ཡིན་ཞིང་དེ་ལ་གསལ་བྱེད་སུམ་བཅུ་ཐམ་པ་དང་། དབྱངས་བཞི། བརྩེགས་པ་གསུམ། སྨད་འདོགས་འཞི་བཅས་ཡོད།)ཅེས་གསུངས་ཡོད་ཁུངས་གང་ལ་བཅོལ་ཡོད་པ་མ་གསལ། དེ་མིན་དཔལ་བསྡུས་ཀྱིས་བརྩམས་པས།{ཐོན་མི་རྗེས་དྲན་ཡིག་གཟུགས་ཀྱི་མ་ཕྱི་ཀུན་འཛོམས།}ཞེས་པར་སྡེབ་སྦྱོར་ཡི་གེ་ཐོག་མར་སྟོན་པ་གཤེན་རབ་ཀྱིས་མཛད་པ་དང་(སྤུངས་སོའམ་ཞང་ཞུང་ཡིག་རྒན་དང་། སྨར་ཆེན་གྱི་ཡིག་གཟུགས་ཀྱིས། རི་བོ་ཧི་མ་ལ་ཡི། ཤེས་རིག་གི་ས་བོན་དང་གཡུང་དྲུང་གི་བོན་དང་སྲིད་སྤེལ་བྱེད་དུ་གྱུར།)ཞེས་དང་ཡང་( དབུ་མེད་ཀྱི་ཡི་གེ་ནི་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ནས་རྒྱལ་རབས་སོ་གསུམ་བར་དུ་ཞང་ཞུང་དྲག་ཡིག་དང་། མགོ་སྣོག། ཁྲ། སྟ་རེ་མ་སོགས་ཀྱིས་བོན་སྲིད་དར་རྒྱས་ལ་ཕན་པ་ཡོད།)ཅེས་དང་། ཐུ་མིས་ཐོག་མར་བྲིས་པའི་ཡིག་གཟུགས་ལ་སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ་ཞེས་པ་ནི། དབུ་མེད་ཡིན་པ་ད་ལྟ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དུ་བཙུན་མོ་ཚལ་དགོན་པ་ན། ཛེན་ཁོག་སྣ་རྡོའི་ལྷ་ཁང་གི་བྲག་ལྡེབས་སུ་བརྐོས ཡོད་པ་མཇལ་དུ་ཡོད། ཐུ་མིས་དབུ་ཅན་གྱི་ཡིག་གཟུགས་གསར་གཏོད་མཛད་པའི་མིང་ལ་སྦལ་ནག་བགྲད་འདྲ་ཞུ་བ་དེང་སང་སེ་རའི་རི་ཁྲོད་ཕ་བོང་ཁའི་བྲག་ངོས་ན་མཇལ་དུ་ཡོད་པའི་མ་ཎི་འབྲུ་དྲུག་དེ་ཡིན།)ཞེས་གསུངས་འདུག་ཁུངས་གང་ཡིན་མ་ཤེས།  དེ་བཞིན་བཀྲ་ཤིས་བསམ་གྲུབ་དང་འཕྲིན་ལས་རྒྱལ་མཚན་ཀྱིས་རྩོམ་སྒྲིག་མཛད་དེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྤར་དུ་སྐྲུན་པས།{བོད་ཡིག་ངོས་འཛིན་དང་ཚུགས་འབྲི་ཚུལ།}ཞེས་པ་ལས། (བོད་ཀྱི་ཡིག་གཟུགས་དེ་ཐོག་མར་ཞང་ཞུང་ནས་བྱུང་བ་དང་སྲོལ་གཏོད་པ་པོ་ནི། གཤེན་རབ་མི་བོ་ཆེ་ཡིན་པར་བཤད། ཁོང་གིས་རྩ་བའི་ཡིག་འབྲུ་སུམ་ཅུ་དང་། དབྱངས་དང་ཚིག་སོགས་ཡན་ལག་བརྒྱད་དམ་བཅུ་བཅས། ཡི་གེ་བཞི་བཅུ་ལས་གྲུབ་པའི་སྒྲ་སྦྱོར་གྱི་ཡི་གེ་མཛད་པའི་གཏམ་རྒྱུད་བྱུང་)ཞེས་གསུངས་འདུག། བོན་གྱི་བཤད་སྲོལ་ལ་མཁས་པ་མི་བཞི་གྲས་ཤ་རི་དབུ་ཆེན་གྱིས་བོད་ཡིག་མཛད་པ་རེད་ཅེས་བཤད་སྲོལ་ད་བར་ཡོད་པ་བསྡད་རེད།

1533957665953498.jpg
༢ སུག་བུ་ཆུང་གི་སྐོར།

    བོད་ཀྱི་བརྡ་རྙིང་ཁག་ལས། ལག་པའི་བརྡ་རྙིང་སུག་ལག་དང་། ལག་པས་ལས་དཀའ་བྱས་པར་སུག་ལས་བྱས་པ། ལག་པས་ཡི་གེ་བྲིས་པའི་བརྡ་རྙིང་ལ་ཡང་སུག་ལས་བགྱིས་པ། དེང་སང་ཡང་ཡི་གེ་འབྲི་བར་སུག་བྲིས་བྱས་པ་ཞེས་ཟེར་ལ། ཡི་གེ་ལ་བརྡ་རྙིང་གི་མིང་ལ་སུག་བུ་ཟེར་བ་དང་། ཡི་གེའི་མིང་སུག་བུ་ཞེས་པའི་བརྡ་རྙིང་དེངས་སང་བར་འཕྲོ་ལུས་བསྡད་པ་ཡི་གེ་འབྲི་ཤེས་མིན་ལ། སུག་བྲིས་འབྱོར་མི་འབྱོར་དང་། ཡི་གེ་རྐང་པ་ཐུང་ངུའི་ཡིག་གཟུགས་ལ་སུག་ཐུང་།
   ཡི་གེ་རྐང་པ་རིང་བའི་ཡིག་གཟུགས་ལ་སུག་རིང་ཅེས་དུས་ད་ལྟའི་བར་དུ་ས་ཁྱབ་རྡོ་ཁྱབ་ཡིན་ལ། ཕྱིས་སུ་སུག་བྲིས་ལ་ཚུག་བྲིས། སུག་ཐུང་ལ་ཚུག་ཐུང་དང་། སུག་རིང་ལ་ཚུག་རིང་ཅེས་པའི་མིང་ཚབ་རེ་བཏགས་འདུག་པ་མཐོང་ཀྱང་ད་ལྟ་གཉིས་ཀའི་མིང་བེད་སྤྱོད་བཏངས་བཞིན་གནས་ཡོད།
   རྒན་ཆབ་མདོ་ཤེས་རབ་ཀྱིས་དཔྱད་རྩོམ་ལས། ཏུན་ཧོང་ཡིག་རྙིང་དུ། གནམ་རི་སྲོང་བཙན་སྐབས་སུ། རྔུལ་གྱི་སུག་བུ་ཆུང་སྩལ་ཞེས་འཁོད་པ་དེ།   དངུལ་གྱི་ཡི་གེ་ཆུང་བ་བསྩལ་ཞེས་པའི་དོན་རེད་གསུངས་པ་དང་། འབྲི་གུང་ཆེ་ཚང་གིས་དངུལ་གྱི་སྤུག་བུ་ཆུང་བསྩལ་ཞེས་གསུངས་ཡོད་པ་ལས། ཆབ་མདོ་ཤེས་རབ་ཀྱིས་བཞེད་པ་འདི་ཤིན་ཏུ་ཡང་བདེན་པར་སྙམ་ལ། རྒྱུ་མཚན་གཅིག་གོང་གསལ་ལྟར་སྲོང་བཙན་གོང་དུ་ཡི་གེའི་མིང་ལ་སུག་བུ་ཞེས་ཟེར་སྲོལ་ཡོད་པའི་རྗེས་ཤུལ་དེང་སང་ཀྱང་ཡི་གེ་འབྲི་བར་སུག་བྲིས་བྱས་ཞེས་འབོད་སྲོལ་ཡོད་བསྡད་པ་དང་། རྒྱུ་མཚན་གཞན་ཞིག་ནི། གཉའ་ཁྲིའི་སྐབས་ནས་ཡིག་ཚང་ཅེས་ཡོད་པར་རྒྱལ་རབས་འགའ་ལས་གསལ་བ་དང་། ལོ་རྒྱུས་འགའ་ཞིག་ལས་སྲོང་བཙན་སྐབས་སུ། ཡིག་ཚང་ལམ་ལུགས་ཀྱི་སྒྲིག་གཞི་ཆ་ཚང་ཡོད་པའི་ནང་། ཡི་གེ་ཆེ་བ་དྲུག་དང་ཆུང་བ་དྲུག་གི་གྲས་སུ་དངུལ་ཡིག་ཆུང་བ་ཞེས་དངོས་སུ་གསལ་བ་ལས་ཀྱང་དངུལ་གྱི་སུག་བུ་ཆུང་ཅེས་པ་དངུལ་ཡིག་ཆུང་བ་ཡིན་པ་ཤིན་ཏུ་ནས་གསལ་པོ་བྱུང་ཡོད་ལ། འབྲི་གུང་ཆེ་ཚང་གིས་སྤུག་བུ་ཞེས་པ་གཡུ་ཡི་བརྡ་རྙིང་ཡིན་པར་གསུངས་པ་བདེན་མོད། དེ་ལ་གནོད་བྱེད་གཉིས་འབེབས་ཏེ། གཅིག་ཏུན་ཧོང་ཡིག་རྙིང་དངོས་ལ། སུག་བུའམ། པུག་བུ་ཞེས་བྲིས་ཡོད་པ་ལས། སྤུག་བུ་དང་ཡུག་བུ་ལྟ་བུ་བྲིས་མེད་པས། སུག་ལ་སྤུག་ཅེས་འགྲེལ་ཏེ། རང་འདོད་ལྟར་བརྡ་རྙིང་ཡི་གེ་ལ་བཅོས་བསྒྱུར་བྱས་པ་ལྟ་བུ་གནད་ཆེའི་ནང་དོན་ལ་གཟབ་ནན་མ་བྱས་ན། ལོ་རྒྱུས་མཁན་པོའི་ནག་ཉེས་བཀྲུས་ན་མི་དག་པ་ཞིག་ཡིན་པ་དགོངས་བཞིན་འདི་ལྟར་བཟོས་པ་ནི་ནོར་འཁྲུལ་ཞིག་རེད་སྙམ། 

1533957665107669.jpg

  གཉིས་སུ་དངུལ་གྱི་སྤུག་བུ་ཆུང་ཅེས། རིན་པོ་ཆེ་དངུལ་དང སྤུག་གཉིས་མཉམ་སྦྱོར་གྱི་མིང་དགོས་པའི་རྒྱུ་མཚན་གང་ཡང་བཤད་དུ་མེད་པའི་མ་ཚད། དེའི་རྗེས་སུ་སྲོང་བཙན་སྐབས་ཡིག་ཚང་བཅུ་གཉིས་ལས། གཡུ་ཡི་ཡི་གེ་ནི། ཡི་གེ་ཆེ་དྲུག་གི་གྲས་སུ་ཡོད་ལ། དངུལ་ཡིག་ནི་ཡི་གེ་ཆུང་དྲུག་གི་གྲས་སུ་སོ་སོར་ཡོད་པའི། གནམ་རིའི་སྐབས་མཉམ་དུ་སྦྱར་ཡོད་པ་མི་སྲིད་པ་དང་གལ་སྲིད་སྦྱར་ཡོད་ནའང་། སྲོང་བཙན་སྐབས་སུ་ཡང་དེ་ལྟར་འབྱུང་དགོས་སྙམ།  ཏུན་ཧོང་ཡིག་གེར་བོད་ལ་སྔ་ན་ཡིག་གེ་མེད་པ་ཡང་། བཙན་པོ་འདིའི་སྐབས་སུ་བྱུང་ཅེས་པ་ཡང་ཡིག་ཚང་ཆེ་ཆུང་ཁག་ལ་སྐབས་དེར། གསེར་གྱི་སུག་བུ་དང་གཡུ་ཡི་སུག་བུ་དངུལ་གྱི་སུག་བུ་ཞེས་ཟེར་སྲོལ་ལས། གསེར་ཡིག་དང་གཡུ་ཡིག་དངུལ་ཡིག་སོགས་ཟེར་སྲོལ་མེད་པའི་དོན་རེད་ཅེས་པའང་ཤིན་ཏུ་དཔྱད་རིན་ཡོད་འདུག་སྙམ་ལ། ཡང་མཁས་དབང་ཁ་ཅིག་གིས་དེའི་དོན་ནི། སྲོང་བཙན་གོང་དུ་བོད་ལ་ཁྲིམས་ཀྱི་ཡི་གེ་མེད་པ་དང། སྲོང་བཙན་སྐབས་སུ་བོད་རྒྱལ་ཁབ་ལ་ཁྲིམས་བཅས་པ་དང་། བཅའ་ཁྲིམས་དང་རྩ་ཁྲིམས་ཀྱི་ཡི་གེ་གསར་དུ་བཟོས་པས་དོན་དུ་འགྲེལ་བ་ནི། ཤིན་ཏུ་བདེན་པར་དྲན་ནོ་དྲན།། །།

ཞུ་འོད་རྒྱས་པས་ཟླ་དགོན་རི་ཁྲོད་དུ་༢༠༡༨*༧*༢༨ཉིན་བྲིས།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།