ར་སངས་དང་འབྲེལ་བའི་མི་སྣའི་སྐོར་ལ་དཔྱད་པ།

[ཟླ་ཚེས། 2016-04-19 21:00:31][རྩོམ་པ་པོ། ལྕགས་མོ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

200636057347321.jpg

     ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་གཞིར་བཟུང་ནས་ཞང་ཞུང་སྒོ་ཕུག་བར་གསུམ་ལས་སྒོ་པའི་ཡུལ་ར་སངས་ཞེས་པ་ནི་རུས་ཤིག་མིན་པར་ཡུལ་དང་ཚོ་བའི་མིང་ཞིག་ཡིན་པ་དང་། ར་སངས་ཞེས་པའི་ཡུལ་དང་། ར་སངས་ཡུལ་གྱི་རུས་རྒྱུད། ར་སངས་ཞེས་པའི་མིང་དང་འབྲེལ་བའི་མི་སྣ་སྐོར་ཞིག་གླེང་ཡོད་པར་མ་ཟད། ལ་ལས་བོན་གྱི་ཡིག་རྙིང་སྲིད་པ་སྤྱི་མདོས་ཞེས་བྱ་བའི་ཡིག་ཆའི་མཇུག་ཏུ་སངས་པོ་ཁྲིན་ཁོད་བདག་གིས་ཡི་གེར་བཏབ་ཅེས་བྲིས་ཡོད་པར་གཞིགས་ཏེ། དེ་ནི་སྟག་རི་སྙན་གཟིགས་སམ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་ར་སངས་ཁྲི་ནེ་ཁོད་དེ་ཡིན་ཞེས་པའི་ལྟ་ཚུལ་བཏོན་ཡོད་པས་ན། འདིར་བོན་གྱི་ལོ་རྒྱུས་སུ་ར་སངས་ཞེས་པ་དང་འབྲེལ་བའི་མི་སྣ་བྱུང་བའི་མཚན་རྣམས་རེ་རེ་བཞིན་བཀོད་དེ་གསེད་བཀྲོལ་བྱས་ནས་སངས་པོ་ཁྲིན་ཁོད་ཅེས་པ་ར་སངས་ཁྲི་ནེ་ཁོད་ཡིན་པར་ཐག་བཅད་པར་དོགས་གཞི་དང་ཐེ་ཚོམ་གྱིས་དཔྱད་རྩོམ་འདི་བྲིས་པའོ། །
     བརྡ་ཆད་གཙོ་བོ། ར་སངས་ཀྱི་ཡུལ། ར་སངས་ཁྲི་ནེ་ཁོད། ར་སངས་ཁོད་རམ།

     སྒང་པ་བོད་ཀྱི་ལོ་རྒྱུས་སུ་གནའ་ནས་མིང་གཅིག་པའི་སྐྱེ་བོ་གང་མང་ཞིག་བྱུང་མྱོང་བར་མ་ཟད། ཡུལ་མིང་རུས་མིང་དུ་གྱུར་བའམ་ཡང་ན་རུས་མིང་ཡུལ་མིང་དུ་གྱུར་བའི་གནས་ཚུལ་མང་པོ་ཞིག་བྱུང་ཡོད་ཅིང་། ར་སངས་ནི་གནའ་བོའི་ཡུལ་མིང་དེ་ཚོ་བའི་མིང་དང་། དེ་ནས་རུས་མིང་དུ་གྱུར་པའི་རིགས་ཤིག་ཡིན། འདིར་གླེང་གཞིར་གྱུར་པའི་ར་སངས་ཞེས་པ་དེ་ནི་དེང་སྐབས་ལ་ལས་བོན་གྱི་ཡིག་རྙིང་《སྲིད་པ་སྤྱི་མདོས》བྱ་བའི་མཇུག་ཏུ་སངས་པོ་ཁྲིན་ཁོད་བདག་གིས་ཡི་གེ་བཏབ་ཅེས་པའི་ཚིག་འདིར་གཞི་བཅོལ་ཏེ། ཡིག་རྙིང་དེའི་རྩོམ་པ་པོ་ནི་ར་སངས་ཁྲི་ནེ་ཁོད་བྱ་བ་ཞིག་ཡིན་པར་བཤད་པའི་ལྟ་ཚུལ་དེར་དམིགས་ཏེ་ར་སངས་ཞེས་པའི་མིང་དང་འབྲེལ་ནས་བོད་ཀྱི་ལོ་རྒྱུས་སྟེང་བྱུང་མྱོང་བའི་ར་སངས་ཀྱི་རུས་ཡིན་པའི་སྐྱེ་བོ་རྣམས་དུས་རབས་ནམ་ཞིག་གི་མི་ཡིན་པ་དང་། དེ་དག་གིས་མཛད་རྗེས་གང་དག་བཞག་ཡོད་པ་རྣམས་རེ་རེ་བཞིན་བཀྲལ་ཡོད་དོ། །

དང་པོ། ར་སངས་ཞེས་པའི་མིང་གི་དོགས་གཞི་དང་དེའི་མཚན་གྱི་སྐོར།
གཅིག ར་སངས་ཞེས་པའི་མིང་གི་དོགས་གཞི།

     ར་སངས་ཞེས་པ་དེ་བོན་གྱི་ཚིག་མཛོད ་མང་པོ་ཞིག་ཏུ་ཞང་ཞུང་རྒྱལ་པོའི་རུས་རྒྱུད་ཅིག་ཡིན་ཞེས་འགྲེལ་ཡོད་མོད། ང་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་དག་ཁུངས་བཅོལ་ནས་དཔྱད་ན། ར་སངས་ཞེས་པ་ནི་ཡུལ་མིང་ཞིག་ཀྱང་ཡིན་ཏེ། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་གྲས་ལས་སྒོ་པའི་ཡུལ་མིང་ཞིག་ཡིན་པ་ལས། རུས་རྒྱུད་ཅིག་ཡིན་པའི་སྐོར་ཞིག་མ་རྙེད། དེས་ན་རྗེས་ཀྱི་ར་སངས་མཚན་མགོར་བཞག་པའི་རུས་དེ་ཅི་ཡིན་ཞེ་ན། དེའང་ཡུལ་མིང་དང་སྐྱེ་བོའི་མིང་གཉིས་གཅིག་ཏུ་སྦྲེལ་བ་ལས་རུས་རྒྱུད་ཅིག་མིན་པར་འདོད་དེ། ང་ཚོའི་བོད་མི་རྣམས་ཀྱིས་རྟག་པར་ས་མིང་དང་མིའི་མིང་མཉམ་སྦྱར་བྱེད་པའི་སྲོལ་ནི་གནའ་ནས་ད་བར་དུ་ཡོད་པའི་སྣང་ཚུལ་ལས་ཤེས་ཐུབ་སྟེ། 《དེབ་ཐེར་དཀར་པོ》འི་ནང་དུ། “ཡང་ན་ནི་རྗེ་གཉའ་ཁྲི་སོགས་ལ་བོད་དེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང་། ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན། ཡུལ་གྱི་མིང་རྗེ་ལ་ཐོགས་པ་ལྟར་སྣང་མོད་ཀྱི། དོན་ལ་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་དོ། ། དཔེར་ན། ཅིན་གྱི་རྒྱལ་རྒྱུད་ཀྱིས་བཟུང་བའི་རྒྱ་ནག་གི་ཡུལ་ཀུན་ལ་ཅིན་བྱ་བ་དང་། རྒྱལ་པོ་བྷ་ར་ཏས་བཟུང་བའི་རྒྱ་གར་ཡུལ་ཀུན་ལ་བྷཱ་ར་ཏ་ཞེས་གྲགས་པ་བཞིན་ནོ།།” ཞེས་ཡུལ་དང་རུས་ཀྱི་མཚན་ཕན་ཚུན་དུ་འདོགས་པའི་སྲོལ་ཡོད་པའམ་ཡང་ན་ཡུལ་གྱི་མིང་དེ་རུས་སུ་གྱུར་པའི་སྲོལ་ཡོད་པ་བསྟན་ཡོད།
     དེ་ལྟར་ན་ར་སངས་ཞེས་པ་རུས་རྒྱུད་ཅིག་ཏུ་ངོས་མི་འཛིན་པར་ཡུལ་མིང་ཞིག་ཏུ་འདོད་པའི་སྒྲུབ་བྱེད་ཅི་ཡོད་ཅེ་ན། བོན་གྱི་ལོ་རྒྱུས་བསྟན་འབྱུང་དག་ཏུ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་དབྱེ་བ་དང་ས་མིང་བརྗོད་སྐབས་ར་སངས་ཞེས་པའི་ས་མིང་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་དཔེ་ཆ་དེ་དག་ཏུ་བྱུང་བའི་ས་མིང་སྟེ་ར་སངས་ཞེས་པའི་མིང་དེ་གཅིག་མཐུན་ཡིན་པ་སྟེ། མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》དུ“ཞང་ཞུང་སྒོ་བ་ནི། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། ཕྱི་མ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ།། སྟོད་ན་ཁ་ཆེའི་ཡུལ་མཚམས་སིང་གི་ཕྱིན། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད།། སུམ་པ་གླང་གི་གྱིམ་ཤོད་ཡན་ཅད་དང་། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན།། སྦལ་ཏེ་རྐང་ཕྲན་ལ་དྭགས་ཟང་གལ་དང་།། གར་ཞ་ཉུང་ཏི་སྤི་ཏི་ཁུ་ནུ་དང་།། ཚང་དྲུག་ཉི་ཏི་ཅོ་ནམ་ཤ་ཁོག་གྱང་།། ལྦོམ་གློ་སེ་རིབ་དོལ་པོ་ཀྲུག་སྐྱེས་དང་།། ཀོར་ཁ་མང་ཡུལ་ཡན་གྱི་ལྷོ་རྒྱུད་དང་།།རུ་ཐོག་གུ་གེ་སྤུ་ཧྲིང་སྐོར་གསུམ་དབུས།། བཟུང་བའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ།། ཅི་ཅང་ཅི་ན་གུ་རུབ་ཚོག་ཅུ་དང་།། ར་སངས་ནག་ཙང་ཤང་གྱེར་བྱང་རྒྱུད་བཅས།། ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང་།། བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་བྱོན” ཞེས་གསུངས། ཡང་“ཞང་ཞུང་སྒོ་བའི་རྒྱ་ཁྱོན་དང་ཡུལ་སྡེ་གྲུབ་ཚུལ་ནི། སྐྱབས་སྟོན་ཁྲོ་འགྲེལ་ལས། ཕྱི་མ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ། སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་པའི་ཕྱིན།། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། ལྷོ་རྒྱུད་རྒྱ་དཀར་བལ་པོའི་ཡུལ་ཁམས་ཚུན་ཞེས་དང་། ཡང་སྦལ་ཏེ། རྐང་ཕྲན། ལ་དག ཟངས་མཁར། གར་ཞ། ཉུང་ཏི། སྤི་ཏི། ཁུ་ནུ་ཚང་། དྲུག་ཉི། ཉི་རི། ཀྱོ་ནམ། ཤ་ཁོག མགར་ཡངས། ཚང་རོ། རི་དཀར། སླེ་མེ་དང་། ཁོམ་གློ། སེ་རིབ། དོལ་པོ། ཀྲུག་སྐྱེས་སོགས་གོར་ཥ། མོན་ཡུལ་ཡན་གྱི་ལྷོ་རྒྱུད་དང་། རུ་ཐོག གུ་གེ། སྤུ་ཧྲེང་སྐོར་གསུམ་དབུས་བཟུང་བས་ཁ་ཡུག ཁ་སྐྱོར། ཁ་རག་ཡུལ། ཅི་ཤང་། ཅི་ན། གུ་རུབ། ཚོག་བཅུ་དང་ར་སངས། ནག་ཚང་། ཤང་གྱེར། བྱང་རྒྱུད་བཅས་ཡུལ་ཁམས་དྲུག་ཅུ་ཁྲི་སྡེ་བརྒྱད་ཅུའི་ཞིང” ཞེས་གསལ་བ་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》་རུ། “དེའི་དུས་རྗེའི་བླ་བོན་དུ་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད་བྱ་བ། མཐུ་ཆེ་ལ་རྩལ་དྲག་པ་ཞིག་ཡོད་པས” ཞེས་ཡུལ་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད་ཅེས་ཟེར་བ་ཡིན་པས། གོང་གི་ལུང་ཁུངས་འདི་དག་ཏུ་བསྟན་པ་དེ་ལས་ར་སངས་ཞེས་པའི་མིང་དེ་ནི་སྔོན་ལ་ཡུལ་མིང་ཞིག་ཡིན་པ་དང་། རྗེས་སུ་རུས་སུ་གྱུར་བ་རྟོགས་ཐུབ་ཅིང་། འདིའི་སྐབས་སུ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་མིང་དག་གཞིར་བཟུང་ན། གནའ་བོའི་བོད་དུ། ཡུལ་མིང་དང་རུས་རྒྱུད་ཀྱི་མིང་། རིགས་རྒྱུད་ཚོ་བའི་མིང་། རིགས་རྒྱུད་ཚོ་བ་དེས་བཙུགས་པའི་སྲིད་དབང་གི་མིང་རྣམས་གཅིག་ཡིན་པ་ཤེས་ཐུབ་སྟེ། ར་སངས་ནི་ཐོག་མར་ཡུལ་གྱི་མིང་དང་། དེ་ནས་ར་སངས་ཞེས་རིགས་རྒྱུད་དམ་རུས་རྒྱུད་ཀྱི་ཚོ་བའི་མིང་ཞིག་ཡིན་པ་ལས། ཞང་བོད་ཚིག་མཛོད་སོགས་ཚིག་མཛོད་མང་པོ་ཞིག་ཏུའང་ར་སངས་ཞེས་པ་ནི་ཞང་ཞུང་དུས་ཀྱི་རུས་རྒྱུད་ཅིག་ཅེས་བཀོད་པ་ལྟ་བུ་བྱུང་བ་ཡིན་པའོ། །

གཉིས། ལོ་རྒྱུས་སུ་བྱུང་བའི་ར་སངས་དང་འབྲེལ་བའི་མཚན་གྱི་སྐོར།

     འདིར་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་བྱུང་བའི་ར་སངས་ཞེས་པའི་མིང་དང་འབྲེལ་བའི་མཚན་རྣམས་རེ་རེ་བཞིན་བཀོད་ན།ར་སངས་ཁོད་རམས། ར་སངས་ཁྲི་ནེ་ཁོད། ཁྱུང་པོ་ར་སངས་རྗེ་རྒྱལ། ར་སངས་རྗེ་དང་ར་སངས་རྗེ་རྒྱལ། ར་སངས་ཀླུ་རྒྱལ། ར་སངས་གྲུབ་ཆེན་གཡུང་དྲུང་གསས། གྲུབ་ཐོབ་ཆེན་པོ་ར་སངས་གཡུང་འཕན། ར་སངས་འཕན་རྒྱལ། ར་སངས་བསམ་གྲུབ། ར་སངས་གསས་གྲུབ། ར་སངས་ཀུ་མ་ར། ར་སངས་རྦེག་སེ་ཁོད་ཏི། ར་སངས་བསོད་རྩེས། ར་སངས་བསམ་འགྲུབ་དར་མ་ཤེས་རབ། ར་སངས་གཡུང་དྲུང་། ར་སངས་འཕེན་རྒྱལ་གུ་རིབ་གསས་དགའ་སོགས་ཡོད།
     ར་སངས་ཞེས་པའི་མིང་འདི་བྱུང་བ་ཆེས་སྔ་བའི་ཡིག་ཆ་ནི་ཏུན་ཧོང་ཡིག་རྙིང་ཡིན་པར་འདོད་དེ། ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིངP.T1288 དུ། “གླང་གི་ལོ་ལ་བབ་སྟེའ། སྤྱི་ལོ༦༥༣ བཙན་པོ་ཉེན་ཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས། གཡག་དུཿ གནག་ལྀངསཿབཏབ། ད་རྒྱལཿམང་པོ་རྗེསཿ ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློནཿརིང་སྟག་རྒྱ་དང་ཞྀང་གྱྀ་ཚོང་ཆེནཿསྦྱརད།”ཞེས་དང་། ཡང་ཏུན་ཧོང་ཡིག་རྙིང་P.T1060རུ། “ཡུལ་ཆབ་གྱྀ་ཡ་བགོ། མཁར་ཁྱུང་ལུང་རྔུལ་མཁར། གྱི་ནང་ན་རྒྱལ་པོ་ལྀག་སྙ་ཤུར། བློན་པོ་ནྀ་ཁྱུང་པོ་དང་ར་སངས་རྗེ། ཁོལ་གུ་གེ་དང་གུག་ལྖོག་གྱྀ་རྟ་འྀ་ཆོ་དང་འབྲང་དུ།”ཞེས་དུས་རབས་བརྒྱད་པ་དང་དགུ་པ། བཅུ་པའི་ཡིག་ཆར་འདོད་པའི་ཏུན་ཧོང་ཡིག་རྙིང་དུ་ཁྱུང་པོ་ར་སངས་རྗེ་དང་། ར་སངས་རྗེ་ཞེས་བྱུང་བར་བལྟས་ན། ར་སངས་དེ་ཡུལ་གྱི་མིང་དང་ཁྱུང་པོ་ནི་རུས་ཡིན་པའི་སྒྲུབ་བྱེད་དུ་དེ་བས་ཀྱང་འགྲོ་སྟེ། ཁྱུང་པོ་དང་ར་སངས་གཉིས་ལ་ཡུལ་རྒྱུད་དང་ཁྲག་རྒྱུད་ཀྱི་འབྲེལ་བ་ཡོད་ཅིང་། གོང་སྨོས་བཞིན་ཁྱུང་པོ་ནི་རུས་དང་། ར་སངས་ནི་རུས་ཁྱུང་ལས་མཆེད་པ་དང་། དེ་ལྟར་ར་སངས་ཞེས་པའི་ཡུལ་མིང་ཞིག་ཐོགས་པར་འདོད།
     《སྲིད་པ་རྒྱུད་ཀྱི་ཁ་བྱང》དུ། “ཁྱུང་པོ་ར་སངས་རྗེ་རྒྱལ་དང་། བཙད་པོ་ལ་ཁྲི་ལྡེ་གཙུག་བཙན་ནོ། དེ་ལ་སོགས་པ་གཤེན་གྱིས་བཀའ་ལ་བཏགས་སོ། དུས་དེར་ལྷ་ས་ཀླུ་གླིང་དུ། མཆོད་པ་དང་བསྒྲུབ་པ་སྟབས་གཅིག་ཏུ་མཛད། གསས་མཁར་དང་གསས་ཁང་དང་། མཆོད་རྟེན། ཚྭ་ཚྭ་ཡིས་ལྷ་ས་བཀང་། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། དྲི་ཟ་ཉེ་བར་འཁོར་བ་རྣམས་རྒྱུན་དུ་མཆོད། རྗེའི་མངའ་ཐང་ཡང་དར་ཞིང་རྒྱས་སོ། བློན་པོའི་འཁོས་ཁ་ཡང་མ་འདྲལ། སྐུ་གཤེན་ནི་དབུ་མཐོ་ལ་ངག་བཙན་ནོ། དེར་བོན་པོའི་ནང་ནས་ཐར་ཕྱུངས་པ་ནི། ཁྱུང་པོ་གུ་རུབ་བཙན་དོ་རེ་མི་སར་དང་། ཁྱུང་པོ་ར་སངས་རྗེ་རྒྱལ་དང་། བཙད་པོ་ལ་བུ་ལུ་ཁྲི་འཛིན་དང་། སྲུངས་གྱིམ་དང་རྨ་བོ་དང་། སུམ་བོན་དུང་མུ་ཕྱོ་སོགས་མཁས་བཙུན་མང་པོ་བྱུང་ངོ་” ཞེས་ར་སངས་རྗེ་རྒྱལ་ནི་མཐུ་ནུས་ཆེ་བའི་བོན་གྱི་སྐུ་གཤེན་ཞིག་ཡིན་པ་རིགས་བསྒྲེས་བྱེད་ཐུབ་བོ།།
     “ཡང་དེའི་དུས་ཙམ་ན། ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་དང་། བློན་པོ་ཁྱུང་པོ་ར་སངས་གཉིས་ཀྱིས། སྐྱོན་འཁོན་གྱི་ལྷ་འཕངས་ནས། བོད་ཀྱི་གཙང་མའི་ལྷ་དགུ་མནོལ་ནས། ཞང་ཞུང་མི་སྡེ་བརླག་ཁད་དུས་སུ། ཞང་ཞུང་བོན་པོ་ཙོ་མེན་གྱེར་ཆེན་དང་། ཤེལ་ལེ་དམིགས་དམར་ཚས ། སྲིད་པའི་ལྷ་རྒོད་གཉེན་པོ་སྨེ་བ་བསང་། ཏི་ཙེ་གངས་ཀྱི་ལྷ་ཡང་བརྟེན། མ་པང་མཚོ་ལ་སྨན་བརྟེན་ནོ། ”ཞེས་རྒྱལ་པོ་ནི་ལིག་མི་རྐྱ་དང་། བློན་པོ་ནི་ཁྱུང་པོ་ར་སངས་ཞེས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་དུས་ཀྱི་བློན་པོའི་མིང་ལ་ཁྱུང་པོ་ར་སངས་ཟེར་བ་དང་། དེ་ནི་ཏུན་ཧོང་དུ་བྱུང་བའི་ལིག་སྙ་ཤུར་དུས་ལ། ཁྱུང་པོ་ར་སངས་རྗེ་ཞེས་པ་དང་གཅིག་ཡིན་པར་འདོད་ཅིང་། ཁྱུང་པོ་ར་སངས་དེ་ནི་ར་སངས་ཁྲི་ནེ་ཁོད་དམ་ར་སངས་ཁོད་རམ་སོགས་མ་ཡིན་པར། ཁྱུང་པ་ར་སངས་དེ་ཞང་ཞུང་གི་བློན་པོ་ཞིག་ཡིན་པ་རྟོགས་ཐུབ།

གཉིས་པ། ར་སངས་དང་འབྲེལ་བའི་མི་སྣ་ར་སངས་ཁོད་རམ་གྱི་སྐོར།

     བོད་བཙན་པོའི་སྐབས་སུ་བྱུང་བའི་སྐྱེས་བུ་ར་སངས་ཁོད་རམ་ཞེས་པ་འདི་ལ་ཆེ་བའམ་གུས་འབོད་བྱས་པའི་མིང་སྣ་ཚོགས་ཤིག་བྱུང་ཡོད་དེ། བློན་ཆེན་ར་སངས་ཁོད་རམ། གྲུབ་ཐོབ་ར་སངས་ཁོད་རམ། གཤེན་ར་སངས་ཁོད་རམ། གཤེན་བློན་ར་སངས་ཁོད་རམ་སོགས་མང་པོ་ཡོད་ཅིང་། དེ་དག་ལས་བློན་ཆེན་དང་གྲུབ་ཐོབ། གཤེན། གཤེན་བློན་རྣམས་ནི་ཁོང་གི་ལས་ཀའི་ངོ་བོར་བརྟེན་ནས་དེ་ལྟར་བཏགས། ར་སངས་ནི་ཡུལ་མིང་དང་ཁོད་རམ་ནི་མཚན་དངོས་ཡིན་པར་འདོད། བློན་ཆེན་ར་སངས་ཁོད་རམ་ཞེས་པ་བྱུང་བའི་ཐེངས་གྲངས་ཅུང་མང་བ་དང་། ཁོང་ནི་བོད་རྒྱལ་གྲི་གུམ་བཙན་པོའི་དུས་ཀྱི་བློན་ནམ་གཤེན་པོ་ཞིག་ཡིན་པའི་ཆ་ནས་དེ་ལྟར་བཏགས་པ་དང་། གྲུབ་ཐོབ་ར་སངས་ཁོད་རམ་ཞེས་པ་ནི་བོན་གྱི་ལོ་པཎ་དགུའི་གྲས་ཤིག་ཡིན་ཏེ། 《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན 》དུ། “ལོ་པཎ་གཤེན་དགུ་ཞེས་པ་ནི། རྔམ་པ་ལྕེ་རིང་། དམུ་ཚ་གྱེར་མེད། ཟ་རང་མེ་འབར། ཧྲིས་པ་གྱེར་མེད། མུ་སྤུངས་གསལ་ཏང་། རྒྱུང་བོན་མུ་ཁོད། རྗེ་ཆེན་ལྟ་སྒོམ། བློན་ཆེན་མུ་ཐུར། ར་སང་ཁོད་རམ་དང་བཅས་སོ”ཞེས་བྱུང་ཡོད་ཅིང་། དེ་ལྟར་ལོ་རྒྱུས་སུ་ཁོང་ལ་ཕ་རོལ་གྱི་ལུས་སེམས་བདེ་ལ་བསྐྱེད་ནུས་པ་དང་། ཉི་ཟླ་སྟོང་ལ་གནོན་པ་དང་རི་དགས་རྟ་རུ་ཞོན་པ་དང་བྱ་ལྟར་འཕུར་ནུས་པའི་རྫུ་འཕྲུལ་མང་པོ་ལྡན་ནོ། །
     དེ་ཡང་ཁོང་གི་རིགས་རུས་དང་། དུས་ནམ་ཞིག་གི་སྐྱེས་བུ་ཡིན་མིན་དང་བྱས་རྗེས་ཀྱི་ཐད་ལ། བོན་གྱི་ལོ་རྒྱུས་ཁག་མང་པོ་ཞིག་ཏུ་གཅིག་མཚུངས་སུ་མངོན་པ་སྟེ། ར་སངས་ཁོད་རམ་གྱི་རིགས་རུས་ཐད་ནས། ལོ་རྒྱུས་མང་དག་ཅིག་ཏུ་རིགས་ཁྱུང་པོ་དང་འབྲེལ་ཡོད་ཅིང་། ཁྱུང་ཆེན་པོ་ཞང་ཞུང་ཁ་ཡུག་ཏུ་བབས་པ་དང་། ཁྱུང་དེས་སྒོང་ང་དཀར་ནག་སེར་ཁྲ་བྱུང་བས་ཁྱུང་དཀར་ཐོག་ལ་འབར་དང་། ཁྱུང་སེར་ལྷ་ཁྱུང་རྒྱན། ཁྱུང་འཕགས་ཁྲ་བོ། ཁྱུང་ནག་མུ་ཁྱུང་རྒྱན་བཞི་བྱུང་བ་དང་། ཁྱུང་ནག་མུ་ཁྱུང་རྒྱན་ལ་སྲས་ཁྱུང་བོ་སྟག་སྒྲ་དོན་གཙུག་དང་དཔལ་གྱི་གིར་ཏི་གཉིས་བྱུང་ཞིང་། དཔལ་གྱི་གིར་ཏིའི་སྲས་མཆོག་གི་སྒྲོན་མ་དཔུང་སྒྲ་ཟུར་དང་། ཁྱུང་པོ་བཀྲ་རྒྱལ། ཁྱུང་པོ་ལེགས་མགོན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》དང་《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》སོགས་ཀྱི་བོན་གྱི་བསྟན་འབྱུང་རྣམས་ལྟར་ན། ར་སངས་ཁོད་རམ་ཞེས་པའི་སྐྱེ་བོ་འདིའི་རིགས་རུས་སམ་གདུང་རྒྱུད་ནི་ཁྱུང་པོ་ཡིན་པ་ཤེས་ཐུབ་པར་མ་ཟད། ཁོང་ནི་བཙན་པོ་གྲི་གུམ་བཙན་པོའི་དུས་ཀྱི་བློན་གཤེན་ཞིག་ཀྱང་ཡིན་ཏེ། བཙན་པོ་གྲི་གུམ་བཙན་པོས་བོན་ཆོས་བསྣུབས་པའི་ལས་འགུལ་སློང་སྐབས། བོན་གྱི་གཤེན་པོ་ར་སངས་ཁོད་རམ་གྱིས་སྟོང་རྒྱུང་ལ་བོན་རྣམས་གཏེར་དུ་སྦས་ན་གང་དུ་སྦས་པ་དང་ཅི་ལྟར་སྦེད་པ། རྒྱལ་པོ་གྲི་གུམ་བཙན་པོར་གཡུང་དྲུང་བོན་འདི་སྤྱོད་ན་འདི་ཕྱི་གཉིས་ཀ་བདེ་བའི་ཕན་ཡོན་གསུངས་ཏེ་བོན་ཆོས་སྲུང་སྐྱོབ་བྱས་པའི་སྐོར་བརྗོད་ཡོད་དེ། 《བསྒྲགས་པ་རིན་ཆེན་གླིང་གྲགས》སུ “དེ་ལ་ཡང་གཤེན་ར་སངས་ཁོད་རམ་གྱིས་ཞུས་པ། ཀྱེ་ཀྱེ་སློབ་དཔོན་ཆེན་པོ་ལགས། བོན་རྣམས་གཏེར་དུ་སྦས་ན། ས་གནས་གང་དུ་བོན་རྣམས་ཅི་ལྟར་སྦེད། སྦས་པ་རྣམས་ཕྱིས་བོན་གྱི་བསྟན་པ་ཚུགས་པར་འགྱུར་རམ་མི་འགྱུར་ཞེས་ཞུས་པས། སློབ་དཔོན་གྱི་གསུང་ནས་འདུ་གནས་ལ་སོགས་པ་རྟགས་ཅན་རྣམས་སུ་བོན་སྡེ་ཆ་ཚང་བ་བཀའ་རྒྱ་དང་བཅས་པ། བཀའ་སྲུང་ལ་བཅོལ་དམ་བྱས་ལ་སྦེད་དགོས་ཞེས་དང་། ཡང་དེ་ལ་ཡང་ར་སངས་ཀྱིས་ཞུས་པ། དེ་རྣམས་ཀྱི་བར་ཆད་སེལ་ཐབས་དཀར་ཆག་ཏུ་བཏབ་ལ་བཞག་འཚལ་ཞུས་པས་་་་་་་་་། ཕྱི་རབས་རྣམས་ལ་ལུང་བསྟན་དཀར་ཆག་མང་དུ་བཏབ་བོ། ། ཡང་གཤེན་བློན་ར་སངས་ཁོད་རམ་གྱིས། ཀྱེ་ཀྱེ་རྗེ་བཙད་པོ་ལགས། སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གསུམ་གྱི་གནས་སུ་ལྷུང་། དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས། ལྟ་བ་ལ་ཆེན་ཟློས་ན་ཉིད་དུ་མངོན་སངས་རྒྱས། གཡུང་དྲུང་བོན་ལ་སྤྱོད་ན་འདི་ཕྱི་གཉིས་ཀ་བདེ། བློན་པོ་སྨྲ་བ་མང་ན་རྒྱལ་པོ་ཐུགས་ཁྲེལ་སྐྱེ། རྒྱལ་པོ་ཁེ་རྔམ་ཆེ་ན་རྒྱལ་སྲིད་འབངས་ཀྱིས་ཁྱེར” ཞེས་དམུ་ཙ་དང་ར་སངས་ཁོད་རམ་བོན་སྡེ་ཆ་གཅིག་བསྣམས་ནས་བྱང་འབྲོག་སྟོང་རྣམ་སྣང་དུ་སོང་སྟེ་ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང་། རྒྱུ་སྲུབ་གསང་བའི་བྲག་སོགས་སུ་གཏེར་དུ་སྦས་པའོ། ། ར་སངས་ཁོད་རམ་ཞེས་པ་འདི་ཉིད་ནི་བླ་ཆེན་ཁོད་སྤུངས་དྲན་པ་ནམ་མཁའ་དང་། དམུ་ཚ་གྱེར་མེད་སོགས་དང་དུས་མཉམ་དུ་བྱུང་བར་མ་ཟད། ཁོང་གི་མཛད་རྗེས་ཀྱང་བོན་བསྟན་སྲུང་སྐྱོབ་ཀྱི་བྱ་བ་རླབས་པོ་ཆེ་བཞག་ཡོད་པའོ། །
     མདོར་ན། ར་སངས་ཁོད་རམ་ཞེས་པ་ནི་བཙན་པོ་གྲི་གུམ་བཙན་པོ་དུས་ཀྱི་གཤེན་པོ་ཞིག་དང་། ཁོང་ནི་དྲན་པ་ནམ་མཁའ་དང་དམུ་ཚ་གྱེར་མེད་སོགས་དང་འདྲ་བར་གྲི་གུམ་བཙན་པོས་བོན་བསྣུབས་རྗེས་བོན་གྱི་ཆོས་རྣམས་གཡའ་རི་དང་གངས་བྲག་ལ་སྦས་མཁན་གྱི་གཤེན་པོ་རྣམས་ཀྱི་གཅིག་ཡིན་ཞིང་། གེགས་དང་བར་ཆད་ཀྱི་དུས་སུ་གདོང་གཏད་ནས་བོན་ཆོས་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན། ཁོང་གི་རིགས་རྒྱུད་ནི་བོན་ཆོས་ཀྱི་བསྟན་འབྱུང་རྣམས་སུ་ཁྱུང་པོ་ཡིན་པ་དང་། ར་སངས་ཀྱི་བོན་པོ་ཞེས་པའི་ར་སངས་དེ་གཙོ་བོ་ཡུལ་མིང་ཞིག་ལ་གོ་བར་འདོད།

གསུམ་པ། ར་སངས་དང་འབྲེལ་བའི་མི་སྣ་ར་སངས་ཁྲི་ནེ་ཁོད་ཀྱི་སྐོར།

     ར་སངས་ཁྲི་ནེ་ཁོད་ཞེས་པའི་མིང་དེ་བོན་པོའི་ལོ་རྒྱུས་བསྟན་འབྱུང་རྣམས་སུ་ར་སངས་ཁྲི་ནེ་ཁོད་དང་། སྐུ་གཤེན་ར་སངས་ཁྲི་ནེ་ཁོད། སྐུ་གཤེན་ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད། ར་སང་བོན་པོ་ཁྲི་ནེ་ཁོད། ར་སང་ཁྲི་ནེ་ཁོད། གཤེན་པོ་ཁྲི་ནེ། ར་སང་ཁོད། སྐུ་གཤེན་ཁྲི་ནེ་ཁོད། སངས་ཁྲི་ནེ་ཁོད་ཅེས་འབྲི་ཚུལ་རིགས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་ལས་མིང་གི་མགོའི་སྐུ་གཤེན་ནི་ཁོང་གི་ལས་རིགས་ཀྱི་ཁྱད་རྟགས་ཏེ། བོད་ཀྱི་བཙན་པོའི་དུས་སྐབས་སུ་རྗེ་གཉའ་ཁྲི་བཙན་པོ་མན་ཆད་དང་། གནམ་རི་སྲོང་བཙན་གྱི་ཡན་ཆད་ཀྱི་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་རིང་ལ་ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་དང་། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། བྱས་ཐབས་མཆོད་པའི་གསས་ཁང་རེ། སྐད་བསྒྱུར་མཛད་པའི་ལོ་པཎ་བཞག་ཅེས་བཤད་པ་དཔེར་ན། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། དུས་དེ་ཙམ་ཡན་ཆད་ནས། སྐུ་གཤེན་ཕ་བ་མཚེ་གཅོ་མན་ཆད་ལ། རྗེས་བོན་ལ་ཆེ་བའི་ཡིག་ཚངས་གནང་བ་ནི། དང་པོ་མིང་གི་ཡིག་ཚངས་ནི་རྒྱལ་པོའི་སྐུ་འཚོ་བའི་སྐུ་གཤེན་དུ་མཚན་གསོལ་ལོ། བློན་གྲོས་གསོ་བའི་གཤེན་བློན་དུ་མཚན་གསོལ་ལོ། རྒྱལ་པོའི་གདུང་རབས་མཁྱེན་ཅིང་བཀའ་ཟླ་བྱེད་པས། གཤེན་རྒྱལ་དུ་མཚན་ཡང་གསོལ། རྒྱལ་པོས་ཆེ་ཐབས་བོན་ལ་གནང་བས། ཆེ་རྒྱལ་བྱ་བར་མཚན་ཡང་གསོལ། ཁམས་གསུམ་སྲིད་གསུམ་གྲོལ་ཕུགས་ཤེས་པས། ཕ་ཇོ་རྒྱུ་མཚན་ཡང་གསོལ་ལོ། སྟན་པ་རྒྱུད་སྤེལ་ཞིང་བོན་གྱི་རྒྱལ་ཁམས་དཀར་པོར་བསྒྱུར་བས། སྟོན་པ་ཉིད་དུ་མཚན་གསོལ། རྒྱལ་པོའི་བླ་ན་བོན་པོ་ཆེ་བས། བླ་ཆེན་དུ་མཚན་ཡང་གསོལ། འབངས་ཀྱི་ཆབ་སྲིད་སྐྱོང་ཞིང་དམངས་ཀྱི་བུ་གསོ་བས། ཕ་བ་རུ་མཚན་གསོལ་ལོ། གཤེན་ཁྲིམས་ཚད་མར་བསྲུངས་ཤིང་སྐུ་བཙུན་པས། གཤེན་བཙུན་ཉིད་དུ་མཚན་གསོལ་ལོ། དར་རྒུད་སྐྱེ་འཆི་ཕྱུག་དབུལ་མཁྱེན་པས་ཡེ་མཁྱེན་ནོ། རྗེ་ཡི་ཕྱག་ནས་བཟུང་པའི་ལེའུའོ། དེ་ལྟར་མིང་གི་ཡིག་ཚངས་གནང་། ཞེས་སྐབས་དེའི་བོན་པོ་རྣམས་ལ་རྒྱལ་པོས་མཚན་སྙན་གནང་བའི་སྐོར་ཡིན་ཞིང་། འདི་ལས་སྐབས་དེའི་བཙན་པོས་བོན་པོ་རྣམས་ལ་ལས་གནས་མི་མཐུན་པར་དམིགས་ནས་དེར་བསྟུན་གྱི་མིང་རེ་གནང་ཡོད་པ་ཤེས་ཐུབ་བོ། །
     སྐུ་གཤེན་ར་སངས་ཁྲི་ནེ་ཁོད་ཀྱང་བཙན་པོའི་དུས་ཀྱི་སྐུ་གཤེན་ཞིག་ཡིན་ཏེ། ལོ་རྒྱུས་སུ་བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ཞིག་ཡིན་པ་བརྗོད་ཡོད། ར་སངས་ནི་ཚོ་བའམ་ཡུལ་མིང་སྟེ། གོང་དུ་ཞང་ཞུང་སྒོ་ཕུག་བར་གསུམ་ཁྲོད་དུ་གནས་པའི་ས་མིང་ཞིག་ཡིན་པ་གླེང་ཟིན་པས་བསྐྱར་ཟློས་ཀྱི་ངལ་བ་མི་འཛིན།
     ཁྲི་ནེ་ཁོད་ཅེས་པ་ནི་ཁོང་གི་མཚན་ཡིན་ཞིང་། དེའི་རུས་ནི་གོང་དུ་བཤད་པ་བཞིན་ཁྱུང་པོ་ཡིན་པར་འདོད་དེ། “དེ་ནས་རྒྱལ་རབས་བཞི་ཙམ་ནས་ལྡེ་འོད་ནམ་ཕུག་འཛིན་གྱི་བླ་མཆོད་ནི། ཁྱུང་པོ་ར་སང་གིས་བྱས། དེ་ནས་ལྡེ་འཕྲུལ་བོན་རྒྱལ་གྱི་བླ་མཆོད་ནི་ཁྱུང་པོ་གྱེར་ཟླ་མེད་ཀྱིས་བྱས། དེ་ནས་ལྷ་ཐོ་རི་གཉན་བཙན་གྱི་བླ་མཆོད་ནི་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་བྱས། དེའི་སྲས་ཁྲི་གཉན་བཟུང་བཙན་གྱི་བླ་མཆོད་ནི་ཁྱུང་པོ་ལེགས་མགོན་གྱིས་བྱས། དེའི་སྲས་སྟག་གོང་གཉན་གཞིགས་ཀྱི་རིང་ལ་བོད་ཀྱི་རྒྱལ་ས་ཡང་ཁྱུང་པོ་ར་སངས་ཁྲི་ནེ་ཁོད་ཀྱིས་བཟུང་”ཞེས་དང་། ཡང་གོང་གི་ས་བཅད་དུ་གླེང་ཟིན་པ་ལྟར་ར་སངས་ཁྲི་ནེ་ཁོད་དང་ར་སངས་ཁོད་རམ་གཉིས་ནི་བྱ་རྒྱལ་ཁྱུང་ཞིག་ཞང་ཞུང་ཁ་ཡུག་ཏུ་བབས་ཏེ་སྒོང་ང་བཏང་བའི་ཁྲོད་ཀྱི་སྒོང་ནག་མུ་ཁྱུང་རྒྱན་གྱི་རྒྱུད་པ་ཡིན་པ་ལྟར། ཁྱུང་པོ་ར་སངས་ཞེས་རུས་ནི་ཁྱུང་པོ་དང་། ཡུལ་མིང་ནི་ར་སངས། མཚན་ནི་ཁྲི་ནེ་ཁོད་ཡིན་པ་ཤེས་ཐུབ་བོ།།
     དེ་ཡང་ར་སངས་ཞེས་པའི་མིང་འདི་དག་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ཡང་གཙོ་བོ་བོན་གྱི་ཡིག་རྙིང་སྲིད་པ་སྤྱི་མདོས་ཞེས་པ་ལས་བྱུང་བ་དང་། བོད་རིག་པའི་རིག་གཞུང་ཞིབ་འཇུག་གི་ཁྲོད་དུ་ཀུན་གྱིས་ཡིག་རྙིང་འདི་ནི་བོན་གྱི་ཡིག་རྙིང་རྣམས་ལས་ལོ་རྒྱུས་ཆེས་སྔ་ཤོས་ཤིག་ཡིན་ཞིང་། དེ་ནི་སྟོན་པ་གཤེན་རབ་ཀྱིས་སྲིད་པ་རྒྱུད་བོན་གྱི་དམར་མཆོད་རྣམས་གཏོ་དང་གླུད་ཀྱིས་ཚབ་བྱེད་པའི་གཏོར་མའི་ཁུངས་སུ་གཏུགས་པ་དང་། ཡིག་རྙིང་འདི་གཞིར་བཟུང་ནས་བོན་པོའི་དམར་མཆོད་ཀྱི་ལས་ལ་བཀག་སྡོམ་བྱེད་པའི་སྣང་ཚུལ་མཐོང་ཐུབ་པར་མ་ཟད། དེ་ལས་བོན་གྱི་ཐ་སྙད་འདིར་བཟླས་པའམ་སྨྲས་པ་སོགས་ཀྱི་ནང་དོན་ཡོད་པ་ཤེས་པ་དང་། གཞན་ཡིག་རྙིང་འདིའི་ཚིག་གི་སྦྱོར་བ་དང་ཉམས་དེ་ཏུན་ཧོང་ཡིག་རྙིང་གི་རྗོད་བྱེད་ཚིག་གི་ཁྱད་ཆོས་དང་མཐུན་པ་དང་། ལྷག་པར་དུ་ཡིག་རྙིང་འདིའི་མཇུག་ཏུ་སངས་པོ་ཁྲིན་ཁོད་བྱ་བ་བདག་གིས་ཡི་གེར་བཀོད་ཅེས་གསལ་བོར་བཀོད་པ་དེར་གཞིགས་ཏེ། འདིར་བཀོད་པའི་སངས་པོ་ཁྲིན་ཁོད་ནི་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ར་སངས་ཁྲི་ནེ་ཁོད་བྱ་བ་དེ་ཡིན་པ་དང་། དེ་ནི་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ཡིན་ཞེས་ལྟ་བ་འདི་ཡོངས་ཁྱབ་ཀྱིས་ངོས་འཛིན་བྱེད། ཡིན་ཡང་། རང་ལུགས་སུ་སངས་པོ་ཁྲིན་ཁོད་ཅེས་ཚིག་གཅིག་ཆད་དེ་སངས་པོ་ཁྲི་ན་ཁོད་དུ་གྱུར་ཡང་། དེ་ནི་སྟག་རི་གཉན་གཟིགས་དུས་ཀྱི་ར་སངས་ཁྲི་ན་ཁོད་ཅེས་པ་ཡིན་པར་སྒྲུབ་བྱེད་ཅི་ཞིག་ཡོད་པ་དང་། ཅི་ལྟར་ར་སྤྲོད་བྱེད་ཐུབ་མིན་གྱི་ཐད་ལ་དོགས་པ་མི་སྐྱེས་རང་སྐྱེས་སུ་གྱུར་བ་དང་། སྒྲུབ་བྱེད་མེད་པར་གང་དགར་གྱིས་ཏུན་ཧོང་ཡིག་རྙིང་གི་ཁྱད་ཆོས་ལྟར་ཚིག་གཅིག་འབྲི་ཆད་བྱུང་བའི་རྒྱུ་མཚན་ལ་དམིགས་ནས་སྲིད་པ་སྤྱི་མདོས་ཀྱི་ཡིག་རྙིང་འདིའི་མཇུག་ཏུ་བཀོད་པའི་སངས་པོ་ཁྲིན་ཁོད་ཅེས་པའི་མིང་དེའང་ཚེག་ཁྱིམ་ཆད་པའི་སྟབས་ཀྱིས་ཁྲི་ན་ཁོད་དེ་ཁྲིན་ཁོད་དུ་བྲིས་པ་རྒྱུ་མཚན་བྱས་ཏེ་ཁྲིན་ཁོད་ནི་ར་སངས་ཁྲི་ནེ་ཁོད་ཡིན་པའི་སྒྲུབ་བྱེད་དུ་སོང་ཡོད་ཀྱང་། ང་ཚོས་བན་བོན་གྱི་ལོ་རྒྱུས་དེབ་ཐེར་དང་ཏུན་ཧོང་ཡིག་རྙིང་སོགས་གང་ལ་བལྟས་ཀྱང་། ར་སངས་དེ་སངས་པོ་ཞེས་སུ་བྲིས་པ་ཞིག་མེད་པ་དང་། ལོ་རྒྱུས་སུ་ར་སངས་ཁྲི་ནེ་ཁོད་ཅེས་དེའི་མིང་གི་རྣམ་གྲངས་ཀྱི་བྱུང་བ་གོང་དུ་བཀོད་པ་ལྟར་ཡིན་པ་ལས། སངས་པོ་ཁྲིན་ཁོད་ཅེས་པ་ཞིག་བྱུང་མེད། དེ་ལྟར་ན་སངས་པོ་ཁྲིན་ཁོད་དེ་ར་སངས་ཁྲི་ནེ་ཁོད་ཡིན་པའི་སྒྲུབ་བྱེད་མེད་པས་ན། སྲིད་པ་སྤྱི་མདོའི་ཡིག་ཆ་འདིའི་རྩོམ་པ་པོ་ནི་ར་སངས་ཁྲི་ནེ་ཁོད་ཡིན་པ་ད་རུང་ཁག་ཐེག་བྱེད་མི་ཐུབ་པས་འདིའི་སྐོར་ལ་ད་རུང་རྟོགས་ཞིབ་བྱེད་དགོས་པའི་གནས་སུ་འདུག དེ་ལྟར་རིགས་འདེད་བྱས་ན་སྲིད་པ་སྤྱི་མདོ་ཞེས་པའི་ཡིག་ཆ་འདིའང་རྩོམ་པ་པོ་ར་སངས་ཁྲི་ནེ་ཁོད་ཡིན་པར་བསམས་ནས་དེའི་དུས་ཚོད་དེར་ཐག་གཅོད་བྱེད་མི་ཐུབ་པའོ། །
     སྟག་རི་སྙན་གཟིགས་ཀྱི་སྐུ་གཤེན་ཡིན་པའི་སྐོར་ལ་ལྷ་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་ཅིག་བོན་གྱི་ལོ་རྒྱུས་བསྒྲགས་པ་གླིང་གྲགས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་སོགས་སུ་གཅིག་མཐུན་གྱིས་བྱུང་བ་སྟེ། “མཚན་ལ་སྟག་རི་སྙན་གཟིགས་སུ་བཏགས། ཆབ་སྲིད་དབུ་བསྙུང་སྟེ་རྒྱལ་ཕྲན་བཅུ་གཉིས་མངའ་རིས་སུ་བསྡུས། ལྷོ་བྲག་གི་རྒྱལ་པོ་བོང་བ་རྗེ་མ་འདུས་པར། དམག་དང་བཅས་ཏེ་ཤེགས་པས་བོང་བ་རྗེས་སླར་རྒྱལ་སྟག་གུ་སྙན་གཟིགས་བཙོན་དུ་བཟུང་ནས། ཁྲི་མུན་དོང་དུ་སྐུར་ཏེ། བོད་འབངས་ཕམ། དེ་དུས་རྗེའི་བླ་བོན་དུ། ར་སངས་ཀྱི་བོན་པོ་ཁྲི་ནེ་ཁོད་བྱ་བ་མཐུ་ཆེ་ལ་རྩལ་དྲག་པ་ཅིག་ཡོད་པས། ཤེལ་གྱི་བྱ་རྒོད་དུ་སྤྲུལ་ནས་བྱོན་ཏེ། ཐུགས་རྗེས་བཙོན་སྲུང་དང་ཕྱི་འཁོར་ཀུན་བརྒྱལ་ལོ། རྒྱལ་བུ་བཀྱིག་པའི་ལྕགས་ཐག་སྔོན་པོ། གཤོག་པ་མཚམས་རིང་གིས་བཅད་ནས། སྟག་རི་སྙན་གཟིགས་བཙོན་དོང་ནས་བཏོན། བོང་བ་རྗེ་ཞབས་འོག་ཏུ་འཛུལ་ལོ། བོན་ལ་གཙིགས་སུ་གཤེན་པོ་ཁྲི་ནེ་ཁོད་རྒྱལ་ཐབས་སུ་ཕྱུང་སྟེ། རྒྱལ་གོང་ན་བོན་གཉན་པ་ཡང་དེ་ལགས་སོ” ཞེས་ར་སངས་ཁྲི་ནེ་ཁོད་ནི་མཐུ་རྩལ་ཆེ་བའི་གཤེན་པོ་ཞིག་ཡིན་པ་དང་། སྐབས་དེ་ནས་བཟུང་བླ་མཆོད་དམ་གཤེན་པོ་རྣམས་ཀྱིས་ཆབ་སྲིད་ལ་རོགས་བྱེད་པའི་སྲོལ་དར་ཚུལ་དང་བོན་གཤེན་རྣམས་ཀྱི་དབང་ཆེ་བའི་ཚུལ་ཅི་ལྟ་བུ་ཡིན་པ་ཞོར་གྱིས་རྟོགས་ཐུབ། ང་ཚོས་བོན་གྱི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཏུ་བལྟས་པའི་མཇུག་འབྲས་སུ། ར་སངས་ཁྲི་ནེ་ཁོད་བྱ་བ་འདི་ནི་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ཡིན་པ་བསྙོན་མེད་ཡིན་པ་དང་། ཁོང་གིས་མཐུ་དང་རྫུ་འཕྲུལ་ལ་ཤིན་ཏུ་བྱང་བའི་གཤེན་པོ་ཞིག་ཡིན་པ་དང་། ཞང་ཞུང་གི་གྲུབ་ཐོབ་རྒྱུད་པའི་རྣམ་སྤྲུལ་ཏེ་ཞང་ཞུང་སྙན་རྒྱུད་དུའང་ཁོ་ནི་ཞང་ཞུང་གནམ་རྒྱལ་གྱི་སྤྲུལ་པར་བྱུང་བ་དང་། ར་སངས་ཁྲི་ནེ་ཁོད་ཀྱི་སྤྲུལ་པ་ནི་ཁྲི་བཙན་ཇོ་སྲས་བྱ་བ་བྱུང་སྟེ། བདེ་སྟོང་གཉིས་མེད་དོན་གྱི་དགོས་པ་ཡིས། སེམས་ཅན་འཆོལ་བུ་མང་པོ་ཐར་བར་དྲངས་ཚུལ་གླེང་ཡོད།
     དེ་མིན་ཁོང་ཞང་ཞུང་སྙན་རྒྱུད་བླ་མ་ཡིན་པའི་སྐོར་ལ། ཁོང་ནི་བླ་མ་གུ་རུབ་དཔལ་བཟང་གི་སློབ་མ་ཡིན་པ་དང་། ཁོས་མགོ་གཅན་རོང་ཡུལ་ནས་ཉམས་སུ་བླངས་ཏེ་མཆོག་ཐུན་མོང་གི་དངོས་གྲུབ་རྙེད་པར་མ་ཟད། བོན་གྱི་གསང་སྔགས་ཀྱི་སེམས་ཕྱོགས་དེ་ཞང་ཞུང་ནས་རྒྱ་ནག་ཏུ་སྤེལ་བར་ཡང་མཛད་པ་མི་དམན་པ་བཞག་ཡོད།

བཞི་བ། ར་སངས་དང་འབྲེལ་བའི་མཚན་གཞན་དག

     བོད་ཀྱི་ལོ་རྒྱུས་སུ་ར་སངས་ཁྲི་ནེ་ཁོད་དང་ར་སངས་ཁོད་རམ་གཉིས་ལས་གཞན། ད་རུང་ར་སངས་དང་འབྲེལ་བའི་མཚན་བྱུང་བ་ནི། རྫོགས་པ་ཆེན་པོའི་ཞང་ཞུང་སྙན་རྒྱུད་ཀྱི་བཀའ་རྒྱུད་ཀྱི་བླ་མ་ཡིན་ཏེ། ར་སངས་འཕན་རྒྱལ། ར་སངས་ཀླུ་རྒྱལ། ར་སངས་གཡུང་དྲུང་། ར་སངས་འཕེན་རྒྱལ། ར་སངས་གྲུབ་ཆེན་གཡུང་དྲུང་གསས། ར་སངས་བསམ་འགྲུབ། ར་སངས་གསས་གྲུབ། ར་སངས་གཡུང་འཕེན། ར་སངས་ཀུ་མ་ར་ཛ། ར་སངས་རྦེག་སེ་ཁོད་ཏི། ར་སངས་དཔོན་ཆེན་ཏ་པི་ཧྲི་ཙ། ར་སངས་བསོད་རྩེ་སོགས་བྱུང་ཡོད་ཅིང་། བོན་གྱི་ལོ་རྒྱུས་དེབ་ཐེར་དག་གཞིགས་ན། སྙན་རྒྱུད་ཅེས་པ་ནི་འཕགས་པའི་སྐྱེ་བོ་ཞིག་གམ་ལྷ་ཞིག་གིས་བཀའ་འབེབས་ལྟར་རྒྱུས་མངའ་ཅན་གྱི་སྐྱེ་བོས་ཡི་གེ་ཕབ་པར་གྲགས། བོད་ཀྱི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ལྟར་ན། ཞང་ཞུང་སྙན་རྒྱུད་ནི་དུས་རབས་བརྒྱད་པའི་སྐབས་བྱོན་པའི་བོན་གྱི་མཁས་པ་གྱེར་སྤུངས་སྣང་བཞེར་ལོད་པོ་ཡིས་ཐོག་མར་སྤེལ་བར་གྲགས་ལ། སྤ་བསྟན་རྒྱལ་བཟང་པོས་མཛད་པའི《ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར》གྱི་ནང་དུ“ཞང་ཞུང་སྙན་བརྒྱུད་ནི་ཐོག་མའི་སྲོལ་གཏོད་པ་པོ་སྣང་བཞེར་ལོད་པོ་ནས་ཁོང་རང་ཉིད་བར་རྒྱུན་མ་ཆད་པར་བརྒྱུད་ནས་དར་ཡོད་ཚུལ་གསུངས་སོ།” ཞེས་དུས་རབས་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནས་ཐོག་མར་དར་བ་ཡིན་ཞེས་བཤད་མོད། དོན་དངོས་སུ་ལོ་རྒྱུས་སྟེང་ཞང་ཞུང་སྙན་རྒྱུད་ལ་དྲོད་སྐྱེས་དང་སྒོང་སྐྱེས། རྫུས་སྐྱེས་གསུམ་ཡོད་པ་དང་། དེར་དྲོད་སྐྱེས་ནི་འཆི་མེད་གཙུག་ཕུད་ནས་རིམ་པར་རྒྱུད་པ་དང་། སྒོང་སྐྱེས་ནི་ཡེ་གཤེན་གཙུག་ཕུད་ནས་བརྒྱུད་པ་སྟེ། འཆི་མེད་གཙུག་ཕུད་ནས་གཤེན་ཧོར་ཏི་ཆེན་པོ་ལ་བརྒྱུད་པ་དང་། དེས་བླ་མ་ཀུན་མཁྱེན་དོན་གྲུབ་ལ་ཞུས་པ་དང་། དེས་ཚེ་སྤུངས་ཟླ་བ་རྒྱལ་མཚན་ལ་ཞུས། བོན་ཟླ་བ་རྒྱལ་མཚན་གྱིས་བྲག་དམར་ཆད་ག་ཤིག་གི་གནས་སུ་ལོ་དགུ་ཉམས་སུ་བླངས་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ཀ་བསྙེམས་ཏེ་དཔོན་ཆེན་ར་སངས་ཀླུ་རྒྱལ་ལ་བརྒྱུད། དཔོན་ཆེན་ར་སངས་ཀྱིས་སྤོ་དམར་དུ་ལོ་བདུན་ཉམས་སུ་བླངས་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྙེམས་པ་ལགས་སོ། དེས་ཏ་པི་ར་ཙ་ལ་བརྒྱུད་དེ་རྒྱུ་འབྲས་ཀྱི་བོན་ཐམས་ཅད་མ་ལུས་པར་བསྟན། བླ་མ་ཏ་པི་ར་ཙ་ལས་སྲས་ར་སངས་ཀུ་མ་ར་ཙར་བརྒྱུད། དེས་ནི་རིངས་སུ་ལོ་དགུ་ཉམས་སུ་བླངས་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་དུ་མ་བསྙེམས་ཏེ་མཆེད་པོ་ར་སངས་བསམ་གྲུབ་ལ་བརྒྱུད། དེས་གནས་མ་བཟུང་པར་རི་ཤི་བུ་ལོ་གསུམ་ཙམ་བྱས་པས། ཐུན་མོང་དང་མཆོག་གི་དངོས་གྲུབ་བསྙེམས་ནས་བླ་མ་ར་སངས་བསམ་གྲུབ་ལ་བརྒྱུད། དེས་ཞང་ཞུང་སད་ནེ་ག་བུས་ཞུས་། བླ་མ་ཞང་ཞུང་སད་ནེ་གའུ་དེ་ལ། གུ་རུབ་ལྷ་སྦྱིན་གྱིས་ཞུས། བླ་མ་གུ་རིབ་ལྷ་སྦྱིན་ལ། གུ་རིབ་དཔལ་བཟང་གིས་ཞུས་པ། བླ་མ་གུ་རིབ་དཔལ་བཟང་ལ་ར་སངས་ཁྲིན་ནེ་ཁོད་ཀྱིས་ཞུས་པས། བླ་མའི་ཞལ་ནས། མཁར་པར་བློ་སྦྱོང་བཙུན་པར་ཁྲིམས་མ་ནོས་བྱ་བ་ཡིན་གསུངས་ནས་རྒྱུ་འབྲས་ཀྱི་བོན་ཐམས་ཅད་གནང་། བླ་མའི་ཞལ་ནས། གདམས་ངག་ཐོབ་ནས་སྣང་བ་ལ་མི་ཆགས་པ། མ་མོ་བུ་ལ་དྲི་ལོག་པ་འདྲ་བ་ཞིག་མ་བྱུང་ན། བོན་ཆུད་གསོན་པས་རེམས་ལ་འབོད་ཅིག་གསུངས་སོ། །དེས་ལྷོ་གཅེན་འཕྲོང་རོང་གི་རི་ལ། སྟག་མི་ཟན་ཆིབས་ནས་འབྱོན་པའམ། ཆབ་ལ་གྲུ་མེད་པར་གཤེགས་པའམ། གྲུབ་རྟགས་དུ་མ་མངའ་བ་ལགས། བླ་མ་ར་སངས་ཁྲིན་ནེ་ཁོད་ཀྱིས། སུམ་པའི་བོན་པོ་ཨ་བ་ལྡོང་ལ་བརྒྱུད། དེས་རྒྱའི་བོན་པོ་གསལ་བ་འོད་ཆེན་ལ་བརྒྱུད་པ་དང་དེ་གཉིས་ཀྱི་སུམ་པ་དང་རྒྱའི་ཡུལ་དུ་བརྒྱུད། དེས་ཇག་རོང་གསས་མཁར་ལ་གདམས། དེ་ཡང་བླ་མ་ཞལ་རྒྱུད་པའི་གདམས་པ་དང་། ཉམས་སུ་བླངས་པའི་གདམས་པ་དང་། ཡིད་ཆེས་པའི་གདམས་པ་དང་གསུམ་གནང་སྟེ་བླ་མ་ཇག་རོང་གི་ཞལ་ནས། རྣལ་འབྱོར་པ་ལ་འདུག་ཚུལ་གསུམ་ཡིན་ཏེ། སེང་གེ་ལྟ་བུའི་རྣལ་འབྱོར་པ་དང་། སྣང་བ་ལ་ཞེན་པ་ལོག་པ། མ་མོ་བྱ་མི་འདོད་པ་ལྟ་བུ་དང་། རྒྱལ་བོ་ལྟ་བུའི་རྣལ་འབྱོར་བ། སྣང་བ་ལ་སྤྱོད་པ་མ་ཆགས་པ། ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་དང་། དུན་ཙེ་དུང་རྣ་ལྟ་བུའི་རྣལ་འབྱོར་པ། སྣང་བ་ལ་རྨི་ལམ་ལྟ་བུར་འཛིན་ཆགས་དང་བྲལ་བའོ།། དེ་གསུམ་གང་འཐད་གྱིས་ཤིག་གསུངས། ཁོང་གིས་ཁབ་སྲས་དང་མང་དུ་མཛད་དེ། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པ་དང་བླ་མ་དེས་སྲས་གསུམ་གྱི་བར་མ་ལ་གདམས། བླ་མ་ཇག་རོང་གསས་མཁར་དེ་ལ་ཁྱུང་པོ་ཨ་བ་ལྡོང་གིས་ཞུས། བླ་མ་ཁྱུང་པོ་ཨ་བ་ལྡོང་ལ་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་གྱིས་ཞུས། བླ་མ་ཁྱུང་པོ་བཀྲ་ཤིས་རྒྱལ་མཚན་དེ་ལ། དེའི་སྲས་ཁྱུང་པོ་ལེགས་མགོན་གྱིས་ཞུས། བླ་མ་ཁྱུང་པོ་ལེགས་མགོན་དེ་ལ་མ་ཧོར་སྟག་གཟིག་གིས་ཞུས། བླ་མ་མ་ཧོར་སྟག་གཟིག་དེ་ལ། གུ་རིབ་སྣང་བཞེར་ལོད་པོས་ཞུས་ཤིང་གདམས་པས། འདི་ནི་ཧོར་ཏི་ཆེན་པོ་ནས་རྒྱུད་ཅིང་གྱེས་པའི་རྒྱུད་པ་རྐང་གཅིག་ཡིན་ནོ། །
     རྫུས་སྐྱེས་ཅིང་ཡང་སྤྲུལ་པའི་སྟོན་པ་གསང་བ་འདུས་པ་དེས། ལྷ་བོན་ཐོད་དཀར་ལ་གདམས། དེས་ཡེ་གཤེན་བསམ་གྲུབ་ལ་གདམས། དེས་གྱེར་སྤུངས་ལེགས་གྲུབ་ལ་གདམས། དེས་རྒྱུང་ཡར་བཙད་པོ་ལ་གདམས། དེས་ཁྲེ་སྲས་རྒྱལ་བ་ལ་གདམས། དེས་ཞང་ཞུང་དགའ་རབ་ལ་གདམས། དེས་ར་སངས་བསོད་ནམས་བརྩེག་ལ་གདམས། དེས་ཞང་ཞུང་བཀྲ་ཤིས་རྒྱལ་མཚན་ལ་གདམས་སོ། དེས་སྣང་བཞེར་ལོད་པོ་ལ་བརྒྱུད་དོ།།

མཇུག་བསྡུའི་གཏམ།

     བོད་ཀྱི་ལོ་རྒྱུས་སུ་མིང་གཅིག་པའི་སྐྱེས་བུ་མང་པོ་ཞིག་བྱུང་སྟེ་དེ་དག་གི་མཛད་རྗེས་གླེང་སྐབས་བརྩམས་ཆོས་རྩོམ་མཁན་ལ་གོ་ལོག་ཐེབས་པ་ལས་དེའི་བརྩམས་དུས་དང་། ཡང་ན་ལོ་རྒྱུས་ཡོངས་ལ་གོ་ནོར་ཐེབས་ཏེ་རྙོག་དྲ་ཆེན་པོ་བཟོ་ཀྱིན་ཡོད། དེ་བས་འདིར་གླེང་བྱར་གྱུར་པའི་ར་སངས་དང་འབྲེལ་བའི་མི་སྣའི་སྐོར་གྱི་དོགས་གནད་འདིས་ཀྱང་ང་ཚོར་ལོ་རྒྱུས་ཀྱི་དཔྱད་གཞིའི་ཁུངས་སྣེ་མི་འདྲ་བ་མང་པོ་སྟེར་སྲིད་ལ། གནད་དོན་མང་པོ་ཞིག་ལ་གོ་ལོག་ཐེབས་སུའང་འཇུག་ངེས། དཔྱད་རྩོམ་གྱི་གཞུང་ངོས་སུ་བཤད་པ་བཞིན་ར་སངས་ནི་ཡུལ་མིང་ལས་རུས་སུ་གྱུར་བ་དང་། བོན་གྱི་ལོ་རྒྱུས་སུ་ར་སངས་དང་འབྲེལ་བའི་མི་སྣ་མང་པོ་ཞིག་བྱུང་ཡོད་པ་དཔེར་ན། ར་སངས་ཁོད་རམ་དང་ར་སངས་ཁྲི་ནེ་ཁོད། ར་སངས་ཀླུ་རྒྱལ། ར་སངས་རྗེ་རྒྱལ། ཁྱུང་པོ་ར་སངས་རྗེ་སོགས་ལྟ་བུ་དང་། དེ་ལས་ར་སངས་ནི་ཡུལ་མིང་དང་། ཁྱུང་པོ་ནི་ར་སངས་ཀྱི་མི་སྣ་སོ་སོའི་རུས་རྒྱུད་ཀྱི་མིང་ཡིན། དེ་ནི་ཏུན་ཧོང་ཡིག་རྙིང་སོགས་སུ་བྱུང་བའི་ར་སངས་རྗེ་རྒྱལ་དང་ཁྱུང་པོ་ར་སངས་རྗེ་སོགས་ལས་ཤེས་ཐུབ་པར་མ་ཟད། ར་སངས་ཁོད་རམ་ནི་བོད་ཀྱི་རྒྱལ་པོ་གྲི་གུམ་བཙན་པོའི་དུས་ཀྱི་གྲུབ་ཐོབ་ཅིག་ཡིན་པ་དང་། ར་སངས་ཁྲི་ནེ་ཁོད་ནི་བོན་གྱི་བསྟན་འབྱུང་དང་ཆོས་འབྱུང་ཁག་མང་པོའི་ཁྲོད་དུ་རྒྱལ་པོ་སྟག་རི་གཉན་གཟིགས་དུས་ཀྱི་སྐུ་གཤེན་ཞིག་ཡིན་པ་གསལ་བོར་བཀོད་ཡོད། འོན་ཀྱང་བོན་གྱི་ཡིག་རྙིང་སྲིད་པ་སྤྱི་མདོས་ཞེས་པ་དེའི་མཇུག་ཏུ་སངས་པོ་ཁྲིན་ཁོད་ཅེས་བཀོད་པར་གཞིགས་ཏེ། མི་རྣམས་ཀྱིས་སངས་པོ་ཁྲིན་ཁོད་ནི་ར་སངས་ཁྲི་ནེ་ཁོད་ཡིན་པ་དང་། མི་སྣ་དེ་ནི་བོད་ཀྱི་ལོ་རྒྱུས་སུ་ཐེངས་གཉིས་ལ་བྱུང་བ་སྟེ་སྟག་རི་གཉན་གཟིགས་དང་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བའི་ལྟ་ཚུལ་འདུག ཡིན་ཡང་ང་ཚོས་བོན་གྱི་ལོ་རྒྱུས་ཀྱི་དེབ་གཙོ་བོ་དག་ཏུ་བཙལ་ཡང་། གྲི་གུམ་བཙན་པོའི་དུས་ཀྱི་ར་སངས་ཁོད་རམ་དང་། སྟག་རི་གཉན་གཟིགས་དུས་ཀྱི་ར་སངས་ཁྲི་ནེ་ཁོད། དེ་མིན་ཏུན་ཧོང་དུ་ཞང་ཞུང་རྒྱལ་པོ་ལིག་མི་རྒྱ་དང་མཉམ་དུ་བྱུང་བའི་ཁྱུང་པོ་ར་སངས་རྗེ། ཞང་ཞུང་སྙན་རྒྱུད་ཀྱི་ར་སངས་དང་འབྲེལ་བའི་ར་སངས་ཀླུ་རྒྱལ་སོགས་ཀྱི་ར་སངས་དང་འབྲེལ་བའི་མི་སྣ་མང་པོ་ཞིག་བྱུང་ཡོད་པ་དང་། ང་ཚོས་སངས་པོ་ཁྲིན་ཁོད་དེ་ནི་བོད་ཡིག་གི་ཚིག་གཅིག་ཆད་པ་ཙམ་གྱིས་སངས་པོ་ཁྲིན་ཁོད་དེ་ར་སངས་ཁྲི་ནེ་ཁོད་ཡིན་པའི་བདེན་དཔང་དང་སྒྲུབ་བྱེད་དུ་མི་འགྲོ་བར་མ་ཟད། དེ་ལྟར་འགྲོ་བའི་གནས་ལུགས་ཀྱང་མེད་ལ། དེ་བས་ན་སྲིད་པ་སྤྱི་མདོས་ཞེས་པའི་ཡིག་རྙིང་འདི་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིན་པའི་ངེས་པ་མེད་ལ། ལོ་རྒྱུས་སྟེང་གི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ར་སངས་ཁྲི་ནེ་ཁོད་ཅེས་པ་ཞིག་ཀྱང་བྱུང་ཡོད་མེད་མི་ཤེས་པས། གནས་དེ་ནི་ད་རུང་མུ་མཐུད་དུ་དཔྱད་བྱར་གྱུར་པ་དང་། ང་ཚོས་ཡིག་ཆ་མང་པོ་བཙལ་བ་བརྒྱུད་དེ་དག་གི་གསང་བའི་ཁུངས་བརྟོལ་དགོས་པ་ལགས་སོ།།

དཔྱད་མཆན།

༡ དགེ་བཤེས་བློ་གྲོས་རབ་གསལ་གྱིས་གཙོ་སྒྲིག་བྱས། གནའ་བོའི་ཞང་བོད་ཚིག་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ1པོའི་པར་གཞི་དང་པོ། ཤ418 ར་སངས་ནི་ཞང་ཞུང་རྒྱལ་པོའི་རུས་རྒྱུད་ཅིག
༢ དོན་གྲུབ་ལྷ་རྒྱལ་གྱིས་གཙོ་སྒྲིག་བྱས། བོན་གྱི་ཤེས་རིག་ཚིག་མཛོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་ཟླ12པར་པར་གཞི་དང་པོ། ཤ613 ར་སངས་ནི་ཞང་ཞུང་རྒྱལ་པོའི་རུས་རྒྱུད་ཅིག
༣ Yasuhiko Nagano,Samten G.Karmay 《A Lexicon of Zhangzhung and Bonpo Terms》National Museum of Ethnology Osaka 2008 P244 ར་སངས་ནི་ཞང་ཞུང་རྒྱལ་པོའི་རུས་རྒྱུད་ཅིག
དགེ་འདུན་ཆོས་འཕེལ་གྱིས་བརྩམས། དེབ་ཐེར་དཀར་པོ། མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླདང་པོར་པར་ཐེངས་བཞི་པ། ཤ7
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས། (པོད་བརྒྱད་པ།) བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ཞང་བོད་ཤེས་རིག་ཞིབ་འཇུག་དར་སྤེལ་ལྟེ་གནས་ཀྱིས་པར་དུ་བསྐྲུན། ཤ47-48
ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྲིད་གྲོས་ནག་ཆུ་ས་གནས་ཨུ་ཡོན་ལྷན་ཁང་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ9པར། ཤ2
བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། སྤ་བསྟན་རྒྱལ་བཟང་པོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར། ཤ159
དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ4པར། ཤ234
དཔལ་ཚུལ་གྱིས་བརྩམས།《སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་བཟང་མགྲིན་རྒྱན》 མིང་ཆ་ཚང་ལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ་ཟེར། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ11པའི་པར་གཞི། ཤ88
དྲན་པ་ནམ་མཁའ་སོགས། མིང་ཆ་ཚང་ལ་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ཟེར། བོན་གྱི་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་བོད་ཡིག་བོད་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ9པར། ཤ161
དྲན་པ་ནམ་མཁའ་སོགས། མིང་ཆ་ཚང་ལ་གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས་ཟེར། བོན་གྱི་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་བོད་ཡིག་བོད་རྙིང་དཔེ་སྐྲུན་ཁང་། 2010ལོའི་ཟླ9པར། ཤ236
ནག་ཆུའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྲིད་གྲོས་ནག་ཆུ་ས་གནས་ཨུ་ཡོན་ལྷན་ཁང་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ9པར། ཤ92
བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། སྤ་བསྟན་རྒྱལ་བཟང་པོས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར། ཤ159
རྩོམ་པ་པོ་མི་གསལ། ཞང་ཞུང་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར བོད་བརྒྱུད་ནང་བསྟན་དཔེ་ཚོགས་ལྟེ་གནས་ལས་བཏུས། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།