ཞང་བོད་མྱེས་པོའི་སྲོལ་རྒྱུན་ཀླུང་རྟའི་སྐོར་གྱི་དཔྱད་གཏམ།

[ཟླ་ཚེས། 2016-03-27 22:08:39][རྩོམ་པ་པོ། དབྲ་ཁྱུང་སྐལ་བཟང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༩༩༩.jpg

   ཞང་བོད་འཛིན་མའི་གྲོང་དུ་རྟེན་འབྲེལ་བཟང་པོའི་མངལ་དུ་སྦྲུམ་ཞིང་། ལང་ཚོའི་འབྲས་བུ་རབ་ཏུ་སྨིན་པའི་བོད་གངས་ཅན་པའི་སྲོལ་རྒྱུན་རིག་གནས། ཡ་ཐོག་སྲིད་པའི་བོན་དང་འབྲེལ་བའི་༼དར་ལྕོག༽་གམ་༼ཀླུང་རྟ༽འི་སྐོར་གྱི་དཔྱད་རྩོམ་ཞིག་ཡིན། དེ་ཡང་རང་རེའི་ཁ་བ་གངས་ཅན་པའི་ཞིང་མཆོག གདོང་དམར་མྱེས་པོའི་ཕ་ས་དྲོ་མོ་རུ་སྲིད་པའི་བོད་པ་རྒས་པོའི་ལྟེ་ཁྲག་ཐོག་མར་འཐོར་བ་ནས་བཟུང་། དབང་བསྒྱུར་གྱི་དུས་རབས་དང་གནས་བབ་མི་འདྲ་བའི་འོག དུས་མཚམས་ཁག་དྲུག་གམ་བཅུ་གཉིས་སུ་དབྱེ་བ་ཡོད་པས། ཐོག་མར་དགོས་དབང་བསྟུན་ནས་དབང་བརྒྱུར་གྱི་གནས་བབས་སྐོར་ཅུང་ཞིག་གླིང་བར་འདོད་། ༼རྒྱལ་པོའི་བཀའ་ཐང༽ལས། ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་དུ་བྱུང་། ཞེས༼གླིང་བཞི་བསྟན་པའི་འབྱུང་ཁུང༽དང་མཐུན་པའི་སྒོ་ནས་མངའ་མཛད་དྲུག་གི་དུས་རིམ་སྐོར་དབྱེ་བར་འདོད་པ་དག་གིས།
   ཐོག་མར་རང་རེའི་བོནད་ཁམས་འདིར་གནོད་སྦྱིན་བདུད་ཀྱི་དབང་བསྒྱུར་བྱས་པའི་སྐབས་ཡུལ་མིང་ལ། བདུད་ཡུལ་ཁ་རག་སྒོ་དགུ་བརྗོད་ཅིང་། རྒྱལ་པོ་རེ་ཏེ་མགོན་ཡག་གིས་སྲིད་སྐྱོང་བའི་སྐབས་དེར། བདུད་ཀྱི་གོང་དུ་གཤེན་གཉན་པ་ཡ་ཐོག་སྲིད་པའི་བོན་རྒན། བདུད་བོན་ཁ་ཏ་འབྲིང་ཡུག་ཞེས་པ་དེས་རྒྱལ་པོའི་སྐུ་འཚོ་མཛད། དེ་རྗེས་བོད་ཁམས་འདིར་སྲིན་པོས་དབང་བསྒྱུར་བའི་དུས་སུ། ཡུལ་མིང་ལ་སྲིན་ཡུལ་ནག་པོ་དགུ་སུལ་ལམ་ལྷ་སྲིན་གཉན་གྱི་ཡུལ་དུ་བརྟག རྒྱལ་པོ་ལང་ཀ་མགྲིན་བཅུ་སམ་སྲིན་ཀྱ་རིང་འཕྲག་མེད་ཀྱིས་དབང་བྱས་ཏེ། སྲིན་གྱི་གོང་དུ་གཤེན་གཉན་པས། ཡ་ཐོག་སྲིད་པོའི་བོན་པོ་སྲིན་བོན་འདུས་པ་རྫི་ཕྱུགས་ཀྱིས་རྒྱལ་པོའི་སྐུ་འཚོ་མཛད། དེ་རྗེས་བོད་ཁམས་འདིར་ཀླུ་ཡིས་དབང་བྱས་པས། རྒྱལ་པོ་བ་རུ་རྒྱལ་བས་དབང་བསྒྱུར་བའི་སྐབས་སུ། ཡུལ་མིང་ལ་ཀླུ་ཡུལ་ན་ར་སེང་སྔོན་ནམ་བོད་ཁམས་གླིང་དགུར་བརྟག ཀླུ་ཡི་གོང་དུ་གཤེན་གཉན་པས། རྒྱལ་པོའི་སྐུ་འཚོ་གསོ་བའི་ཡ་ཐོག་སྲིད་པའི་བོན་པོ་ཀླུ་བོན་དབྱངས་སྙན་གྱིམ་བུ་མཛད་པ་དང་། དེ་རྗེས་མ་སངས་གཉན་གྱིས་དབང་བྱས་ནས་རྒྱལ་པོ་གཉན་གསུམ་གཏོད་དེ་རྒྱལ་བའམ་མ་སངས་མཆེད་དྲུག་གིས་དབང་བསྒྱུར་སྐབས། ཡུལ་མིང་ལ་བོད་ཁམས་གཡག་དྲུག་གམ་གཉན་ཡུལ་ཕོ་མ་གསེར་ཏིང་དུ་བརྟག གཉན་གྱི་གོང་དུ་གཤེན་གཉན་པས་རྒྱལ་པོའི་སྐུ་འཚོ་ཡ་ཐོག་སྲིད་པོའི་བོན། གཉན་བོན་ཐང་ཐང་ཁྲོལ་བ་མཛད། དེ་རྗེས་ཡུལ་འདིར་ཟ་རམ་སྐྱེས་དྲུག་གིས་དབང་བསྒྱུར་སྐབས་ཡུལ་མིང་ལ། བཙན་ཡུལ་དུམ་པ་ཚལ་ལྕེ་ངམ། ཡུལ་མིང་སྟོང་སྟེ་བཅོ་བརྒྱད་བརྟགས། བཙན་གྱི་གོང་དུ་གཤེན་གཉན་པས་རྒྱལ་པོའི་སྐུ་འཚོ། ཡ་ཐོག་སྲིད་པའི་བོན་པོ། སྡེ་བོན་བྱེད་མཁན་བཙན་པ་མཛད། དེ་རྗེས་རྒྱལ་ཕྲན་སེལ་མ་བཅུ་གཉིས་ཀྱི་དུས་སུ། མངའ་མཛད་རྒྱལ་བོན་ཐོད་དཀར་རམ་མི་དབང་སྲིད་པའི་བྱ་རུ་ཅན་གྱི་བཟུང་བས། ཡུལ་མིང་ལ་སོ་ཁ་བོན་བརྒྱད་དུ་བཏགས། རྒྱལ་གྱི་གོང་དུ་བོན་གཤེན་གཉན་པས་རྒྱལ་གྱི་སྐུ་འཚོ། ཡ་ཐོག་སྲིད་པའི་བོན་གཤེན་གྱིས་མཛད་པ་སོགས། འདི་ལྟར་ཐོག་མའི་འདུ་ཤེས་སམ་ཡ་ཐོག་གདོད་མའི་བོན་ཇི་ལྟར་བྱུང་བ་ཡིན་མིན་སྐོར་ལ་དགོས་དབང་དང་བསྟུན་ནས་འདིར་དཔེར་མཚོན་ཙམ་གྱིས་གྲང་འགྲེན་དུ་བཀོད་པ་ཞིག་ཡིན། དེ་ནས་རང་རེའི་ཞང་བོད་འཛིན་མའི་ཞིང་འདིར་མི་དབང་བྱ་རུ་ཅན་གྱི་དུས་དང་སྤུ་རྒྱལ་བཙནད་པོའི་དུས་རབས་ཞིག་རིམ་བཞིན་དུ་བྱུང་བ་ཡིན་འདུག་ལ། ཆེས་སྔ་བའི་དུས་རབས་འདི་ལྟ་བུ་ཞིག་ནས་བཟུང་བོད་མིས་ཕྱི་ཡི་ས་རྡོ་རི་བྲག་དང་། མཚོ་དང་མཚེའུ་ལ་གནས་པའི་གཞི་བདག་ཅེས་གནས་དེའི་བདག་པོ་དང་། ཡུལ་དེ་གའི་ཡུལ་ལྷ་ཞིག་ཡོད་པའི་འདུ་ཤེས་དང་ཡིད་ཆེས་ཡོད་བཞིན་་ཕན་ཚུན་འཆམ་མཐུན་ངོས་གནས་པས། དེངས་འཁོར་ཡུག་སྲུང་སྐྱོབས་ཞེས་བའི་བརྗོད་དོན་དང་ཡོངས་སུ་མཚུངས་པ་མ་ཟད། གལ་ཏེ་དེ་དག་གི་ཐུགས་འདུན་དང་མཐུན་མི་མཐུན་ལ། ཡུལ་དེར་གནས་སྡོད་བྱེད་པའི་ཡུལ་མིའི་བདེ་མཚམས་དང་། ཤིན་ཏུ་འབྲེལ་བ་ཡོད་པའི་འདུ་ཤེས་བྱེད་ཀྱི་ཡོད་པར་བརྟན།
   དཔེར་ན་བོད་ཡུལ་འདིར་གནོད་སྦྱིན་ནམ་བདུད་ཀྱི་དབང་བསྒྱུར་བའི་དུས་དེར། ཡུལ་ལྷ་གཞི་བདག་དང་ཡུལ་གྱི་བར་གྱི་མཐུན་སྦྱོར་རམ། གདོད་མའི་བོནད་གྱི་ངོ་བོ་དང་མཚུང་བ། བསང་གསོལ་དང་དར་ལྕོག་སོགས་ཀྱི་ཡུལ་ལྷ་གཞི་བདག་རྣམས་བསོ་བ་དང་། ཕན་ཚུན་འབྲས་སྡུམ་གྱི་ཆོ་ག་གཉེར་མཁན། ཡ་ཐོག་སྲིད་པའི་བོན་རྒན། བདུད་བོན་ཁ་་འབྲིང་ཡུག་ཞེས་པ་དེས་བྱེད་ཀྱི་ཡོད་པ། དྲ་བ་ནག་པོའི་རྒྱུད་དང་། གླིང་བཞི་བསྟན་པའི་འབྱུང་ཁུངས་དབལ་མོའི་གཞུང་སོགས་ཀྱི་བབ་ལ་གཞིགས་ན་ཤེས་ལ། དེ་ནས་རིམ་བཞིན་དུས་རབས་ཀྱི་འཕེལ་རིམ་འོག་ཡ་ཐོག་སྲིད་པའི་བོནད་ནམ་གདོད་མའི་བོན་གྱི་འདུ་ཤེས་ནི། ས་བདག་ས་ལ་བསྐོས་པ་དང་། བདག་ཀླུ་ལ་བསྐོས་པ། རྡོ་བདག་གཏོད་ལ་བསྐོས་པ། ཤིང་བདག་གཉན་ལ་བསྐོས་པ་སོགས་ས་བདག་ཀླུ་གཉན་ཡོད་པའི་ངོས་འཛིན་ཐོབ་པའི་དུས་ནས་བཟུང་། གཏོ་དཔྱད་ཀྱི་རིག་སམ་ཕན་ཚུལ་མཛའ་འབྲེལ་འདི་བཞིན་བྱུང་བར་འདོད་ཡང་། དེང་ཆར་འདི་ཡི་ཐོག་མའི་དུས་རིམ་ནི་བདུད་བོན་ཁ་ཏ་མགྲིན་ཡུག་ནས་བཟུང་བ་ལས། དེ་ཡི་གོང་དུ་གཏོ་དཔྱད་དམ་དེ་ལྟ་བུའི་ཕྱི་ཡི་ཁོར་ཡུག་དང་། ནང་གི་གནས་རྡོད་མི་རིགས་བར་ཆམ་མཐུན་གྱི་འདུ་ཤེས་ཡོད་དགོས་ཀྱང་ད་ལྟ་འདི་ཞེས་བརྗོད་པར་དཀའ་ནའང་། དུས་དེ་ནས་གདོད་མའི་བོནད་ཞེས་ལྷ་འདྲེ་ཡོད་པར་འདོད་པའི་སྲོལ་རྒྱུན་རིག་གནས་དེ་དག་བོད་མིའི་སེམས་ཁམས་ལྷན་དུ་གནས་ཡོད་ཅེས་སྨྲས་ན་ཆོག་ལ། དེ་ནས་རིམ་བཞིན་ད་ལྟའི་བར་ཡར་རྒྱས་སུ་འགྲོ་བའི་བརྒྱུད་རིམ་འོག ཆེས་སྔ་བ་མི་ལོ་བརྒྱད་སྟོང་གོང་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་སྲོལ་གཏོད་པ་པོ་སྟོན་པ་གཤེན་རབ་དེ་ཉིད་ཞང་ཞུང་གི་ཡུལ་སྟོད་ཁྱུང་ལུང་དངུལ་མཁར་ནས་རིམ་བཞིན་ད་ཆའི་ཀོང་ཡུལ་བར་དུ་ཕེབས་པ། ༼བོན་གྱི་ལོ་རྒྱུས་མཛད་མདོ༽་ཁག་ལས་གསལ། སྟོན་པ་གཤེན་རབ་གྱིས་སྟོད་གངས་རྒྱལ་ཏི་སེ་ནས་བཟུང་བོད་ཀྱི་གནས་ཆེན་ཁག་ལ་བྱིན་གྱི་རླབས་པ་མ་ཟད། ཁྱད་པར་དུ་བོད་ཁམས་སྐྱོངས་བའི་རྟེན་མ་བཅུ་གཉིས་དང་། རྗེ་ཡི་མགུ་ལྷ་བཅུ་གསུམ་སོགས་ཞང་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ་མཚན་གནས་བྱིན་ནས། ངོ་སོ་མཆོད་བསྟོད་ཀྱི་གཞི་བཟུང་སྟེ་ཕན་ཚུན་འབྲེལ་བ་དང་འདུ་ཤེས་སྔར་ལས་ལྷག་པ་བྱུང་བ་ཡིན་ཏེ།༼མདོ་འདུས༽ལས། བོད་ཀྱི་བོན་པོ་རྣམས་ལ། ཡར་ལ་ལྷ་གསོལ་བ་དང་། མར་ལ་ཡུག་ཕུད་པའི་ལུང་ཕོག ཞེས་འདི་ནས་ཡ་ཐོག་སྲིད་པའི་བོན་ནམ་གདོད་མའི་བོན་དེ་ཉིད་འཕེལ་རིམ་གྱི་ལ་ཚིག་ཐོག་མ་དེ་འདི་ནས་བཟུང་ན་ཆོག་པ་ཡིན་ལ།
   སྔར་དར་ལྕོག་ཞེས་པ་དེ་ཡང་ཀླུང་རྟ་ཞེས་པའི་མཚན་གནས་ཐོག་མ་འདི་དུས་སུ་ཐོབ་པ་མིན་ན་སྙམ། གང་ལགས་ཤེ་ན་སྔར་གྱི་གདོད་མའི་བོནད་ནམ་ཡ་ཐོག་སྲིད་པའི་བོནད་ཞེས་པ་དེ་ལ། གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱིས་འཚེ་མེད་ཞི་བ་ཆེན་པོ་གསོས་བཏབ་སྟེ། ཕན་བྱེད་རྒྱུ་ཡི་བོན་ཞེ་མཚན་གནས་བྱིན་པ་ནས་བཟུང་ཐུན་མིན་ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞིག་ཏུ་གྲུབ་ཡིན་ཏེ། ༼སྲིད་པ་སྤྱི་མདོས༽ལས། བདུད་བོན་ནི་དམར་ཐབ་ལ། གཤེན་རབ་ནི་ཅི་སྟེ་མྱེས། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མས་བཀང་། གདོན་བོན་གྱི་ཤེ་ཆུའི་སྐྱེམས། གཤེན་རབ་ནི་ཅི་སྟེ་དམྱེས།གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་ཡུ་ཏིའི་བཀང་ཞེས། སྔར་གདོད་མའི་ཆོས་སམ་བོནད་གྱི་ལུགས་སྲོལ་ཤ་ཁྲག་གི་དམར་མཆོད་དེ་དག་ངོ་བོ་བསྒྱུར་ཏེ། འབྲུ་ཡི་གཏོར་མ་དང་ཡུ་ཏི་ཆང་སོགས་ཀྱིས་ཚིམ་པ་བྱས་ཡོད་པ་གསལ་བས། དུས་དེར་འདི་དག་འགྱུར་བ་ཆེན་པོ་ཞིག་ཕྱི་ཡོད་པར་མངོན།།༼བྱོལ་རབས༽ལས། བསྒོམ་ལྷ་བི་ལྷ་སྲས་དང་། གཤེན་རབ་མྱི་བོ་ཆེས། ནང་གསུམ་གཏོ་རུ་བཙུགས། ནུབ་གསུམ་དཔྱད་དུ་དཔྱང་། ཞེས་འདི་དག་སྔར་གྱི་ཡ་ཐོག་གདོད་མའི་བོན་ནམ། ཡ་ཐོག་སྲིད་པའི་བོན་དེ་དག་རིམ་བཞིན་འཕེལ་རིམ་ཕྱིན་པའི་རྣམ་པ་ཞིག་ཡིན་པར་སེམས་སོ། །
   དེས་ན་འདིར་གདོད་མའི་བོནད་ནམ་ཡ་ཐོག་སྲིད་པའི་བོན་གྱི་ངོ་བོ་༼དར་ལྕོག་༽གམ་༼ཀླུང་རྟའི༽་རིག་གནས་འདི་ནི་དེ་དག་དང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་ཡིན་པ་མ་ཟད། བོད་མིའི་སྤྱི་ཚོགས་ཁྲོད་སྔ་ནས་ད་བར་མཐོ་རྒྱལ་པོའི་རྒྱལ་སྲིད་ནས་དམའ་སྤྲང་པོའི་ལྟོ་གོས་ཀྱི་བར་བྱ་བ་ཆེ་ཕྲ་གང་ལའང་། རམ་འདེགས་སུ་དར་ལྕོག་སྒྲོན་པ་དང་ཀླུང་རྟ་བསོ་བའི་བྱ་བ་འདིར་མི་འབད་མཁན་མེད་ཅེ་སྨྲ་བའི་སྤོབ་པ་ཅི་སྟེ་ཚོམ། དེས་ན་སྐབས་འདིར་བཤད་བྱ་ནི་ཀླུང་རྟའི་སྐོར་ཡིན་ལ། ཐོག་མར་ཀླུང་རྟ་ཞེས་པའི་ཚིག་གམ་སྒྲ་གདངས་དེ་ཞིབ་འཇུགས་པ་འགའ་ཡི་རྒྱ་སྐད་ནས་བྱུང་བར་འདོད་པ་དང་། དེ་དག་རྒྱ་ཡི་སྒྲ་དོན་༼ལུང་རྨ༽་ཞེས་པ་དེ་ཡིན་ཟེར་མཁན་བྱུང་ཡང་། དེ་ནི་འབྲུག་རྟ་ཟེར་བ་ལས་ཀླུང་རྟ་ཞེས་མི་གོ་བ་མ་ཟད། དེ་ལྟར་འགྲེལ་དགོས་དོན་གང་ཡང་མི་འདུག་སྙམ། འདི་ནི་གདོད་མའི་བོད་རང་གི་བརྡ་རྙིང་ལ། གོ་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། འདི་ཡི་ཡིག་གེའི་ཐད་ལ་༼ཀླུང་རྟ་༽འམ་༼རླུང་རྟ༽་གཉིས་འབྲི་སྲོལ་འདུག་པ་འདི་ཡི་གོ་དོན་ཐད་ལ། དེ་སྔོན་མཁས་པ་༼འཇུ་མི་ཕམ༽དག་གིས་གསུང་སྒྲོས་ལ་སྟབས་བདེའི་ངང་བརྗོད་པ་བདེ་བའི་ཆེད་དུ་ཡིན་ཟེར་བ་དང་། འགའ་ཡི་བརྡ་གསར་རྙིང་གི་ཁྱད་ཡིན་ཟེར་བ་དང་། དོན་དངོས་ཐོག་གོ་དོན་ལ་ཁྱད་པར་གང་ཡང་མེད་པར་འདོད་ཀྱི་ཡོད་མོད། ཕྲན་གྱིས་བསམ་པ་ལ་ཀླུང་རྟ་ཞེས་པའི་ཀླུང་འདི་ནི་ཡ་ཐོག་བོད་པའི་བརྡ་རྙིང་ཞིག་ཏུ་ཡིན་པ་མ་ཟད། ཀླུང་ནི་ཡོངས་ཁྱབ་ལ་གོ་བའམ།། སྤྱི་རུ་ཁྱབ་པའི་ཁམས་ཞིག་ལ་གོ་བས། ཀླུང་རྟ་ཞེས་ཚིག་གྲོགས་སྦྱར་བའི་ཚེ་ན། འབྱུང་བ་ལྔ་ཡིས་བསྐྱེད་པའི་མིའི་སྲོག་ལུས་དབང་ཀླུང་བླ་དཔལ་བཞི་ལ་སྤྱི་རུ་གོ་ན་ཆོག་པར་སེམས་ཏེ།༼ཀླུང་རྟའི་ཀ་འཛུགས་༽ལས་ཤར་ཕྱོགས་འབྱུང་བ་ཤིང་ལ་ཀླུང་རྟ་སློང་།། འཁོར་འབངས་ཤིང་ལྟར་རྒྱས་པར་གྱུར་ཅིག། ལྷོ་ཕྱོགས་འབྱུང་བ་མེ་ལ་ཀླུང་རྟ་སློང་།། བསོད་ནམས་མེ་ལྟར་འབར་བར་གྱུར་ཅིག། ནུབ་ཕྱོགས་འབྱུང་བ་ལྕགས་ལ་ཀླུང་རྟ་སློང་།། ཚེ་སྲོག་ལྕགས་ལས་སྲ་བར་གྱུར་ཅིག། བྱང་ཕྱོགས་འབྱུང་བ་ཆུ་ལ་ཀླུང་རྟ་སློང་།། མི་རྒྱུད་ཆུ་ལས་རིང་བར་གྱུར་ཅིག། དབུས་ཕྱོགས་འབྱུང་བ་ས་ལས་ཀླུང་རྟ་སློང་།། འབྱུང་བ་ཚ་གྲང་སྙོམས་པར་གྱུར་ཅིག།
   གཞན་ཡང་ཀྱེ་ཧོ་དེ་རིང་གནམ་ལ་ཀླུང་བཟང་ཞེས། དུས་དང་གཟའ་སྐར་བཟང་བའི་དོན་དང་། གང་གའི་ཀླུང་གི་བྱེ་མའི་སྙེག་ཞེས། མང་བའི་དོན་ལ་འང་འཇུག་པས། འདི་ཡི་དོན་ལ་འཇུག་ཡུལ་རྒྱ་ཆེ་བ་སྔར་གྱི་བརྡ་རྙིང་ཁོ་ནར་བྲིས་ན་ཅུང་ལེགས་པར་སྙམས་སོ།།༼རླུང་རྟ༽ཞེས་པའི་རླུང་ནི་འབྲི་ཚུལ་འདི་ལ་འབྱུང་བ་ལྔ་ཡི་ནང་ཚན་ཡང་ཤིང་གཡོ་བ་རླུང་ཞེས་པ་དེ་དང་། དེ་འབྲེལ་གྱི་འབྱུང་རྩིས་དང་ཕན་ཚུན་འབྲེལ་བའི་ཕྱི་ཡི་ས་ཆུ་མེ་རླུང་བཞི་དང་ནང་ཤ་ཁྲག་དྲོད་དབུག་བཞི་ཕན་ཚུན་བྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་ཏེ།༼ཀུན་གྲོལ་རླུང་ལྷའི་རྒྱུད༽ལས། ཀུན་འབུམ་གོ་འབྱེད་སའི་ལྷ་དང་། ཀུན་སྒྲོལ་དྲག་པོ་རླུང་གི་ལྷ། ཀུན་རིག་རྒྱལ་པོ་མེ་ཡི་ལྷ། ཀུན་འདུལ་ཆེན་པོ་ལྕགས་ཀྱི་ལྷ། ཀུན་འཇོམས་རྒྱལ་པོ་ཆུ་ཡི་ལྷ་དང་། ལྔ་སྤྲུལ་བ་འགྱེད་ཞེས་པ་དང་། གང་ཟག་རང་རང་གི་འབྱུང་བ་ལྔའི་ནུས་པ་ལ་ལྷ་དེ་དག་གིས་སྐྱོབ་པའི་ཚུལ་ནི།༼དེ་ཉིད་ལས།༽ ཀུན་འབུམ་ཤ་དང་འདྲ་བས་ས་བདག་གི་ལོ་དང་ཁམས་ལ་མངའ་མཛད། ཀུན་སྒྲོལ་དབུགས་དང་འདྲ་བས་རླུང་གི་དར་གུད་ལ་མངའ་མཛད། ཀུན་རིག་མེ་དང་འདྲ་བས་མེའི་རང་བཞིན་ལ་མངའ་མཛད། ཀུན་འབུམ་རུས་པ་དང་འདྲ་བས་ལྕགས་ཀྱི་ལྷའམ་ཟླ་བ་ཞག་དུས་ཚོད་ལ་མངའ་མཛད། ཀུན་འཇོམས་ཁྲག་དང་འདྲ་བས་ཆུ་ལས་གྱུར་པ་སྨེ་བའི་ལྷ་ཚོགས་ལ་མངའ་མཛད། ཞེས་དང་ཡང་ན་འབྱུང་བ་ས་དང་ ཆུ་མེ་རླུང་ནམ་འཁའ་དང་ལྔ་ལ། ཤ་ཁྲག་དྲོད་དབུགས་སེམས་དང་བཞིར་སྦྱར་བའམ་དེས་ནུས་པ་བསྐྱེད་པའི་ཚུལ་ལ། འབྱུང་བ་ས་ཡིས་ནུས་པས་ཤ་བསྐྱེད་པ་དང་།དེ་བཞིན་དུ་ཆུ་ཡི་ནུས་པས་ཁྲག་བསྐྱེད་པ། མེ་ཡི་ནུས་པས་དྲོད་བསྐྱེད་པ། རླུང་གི་ནུས་པས་དབུགས་བསྐྱེད་པ། ནམ་མཁའི་ནུས་པས་སེམས་ནུས་བསྐྱེད་པར་འདོད་པ་སོག། གང་ཟག་སུ་ཞིག་ཡིན་ནའང་རང་ལ་གནས་པའི་ཕྱི་ཡི་འབྱུང་ལྔ་དེ་དང་། ནང་གི་མི་ཡི་ཤ་ཁྲག་དྲོད་དབུགས་སེམས་དང་། ཕན་ཚུན་འབྲེལ་བ་ཡོད་པའི་འདུ་ཤེས་བཟུང་ཞིང་། ཚིག་གྲོགས་རྟ་འདོགས་པས་མགྱོགས་འགྲོ་དང་མཚོན་པ་མ་ཟད། མིས་ལུས་ཁམས་ཀྱི་སྲོག་ལུས་དབང་རླུང་བཞི་ཡི་ནང་ཚན་རླུང་རྟར་གོ་བ་དང་། ཁྱད་པར་ཕྱི་ཡི་འབྱུང་བ་རླུང་གི་རྟའམ་རླུང་ལ་བརྟན་ནས་དར་ལྕོག་དེ་ཉིད་གཡོ་སྤྱོད་བྱེད་དགོས་པས། དེ་ལྟར་ཕན་ཚུན་འབྲེལ་བའི་སྒོ་ནས་རླུང་རྟ་ཞེས་བརྟག་པ་ཡང་ཡིན་སྲིད་པས། དེང་དུས་རླུང་རྟ་ཞེས་འབྲི་མཁན་མང་།དེས་ན་ཀླུང་རྟ་འམ་༼རླུང་རྟ༽་ཞེས་པ་འདི་ཡིས་བྱེད་ལས་སམ་གོ་དོན་གཙོ་བོ་ནི། མི་ཞིག་ལ་དཔེར་མཚོན་ནས་བཤད་ན། ཀླུང་རྟའི་དར་རྒུད་ཞེས་པ་ནི་ཤིན་དུ་གལ་ཆེན་པོ་ཞིག་ཡིན་ཏེ། གང་ཟག་སུ་ཡིན་རུང་ཀླུང་རྟ་དར་བའམ་རྒྱས་ཡིན་ན་མི་དེ་བདེ་སྐྱིད་ལྡན། བྱ་བ་ཐམས་ཅད་ལམ་འགྲོ་བ་མ་ཟད། ཚེ་རིང་ཞིང་ནད་མེད་བདེ་ཐང་དུ་གནས་ཐུབས་པ་དང་། མི་གཞན་གྱིས་འགྲན་ཟླ་བྲལ་ཞིང་ཁྱེད་དུ་འཕགས་པར་གནས་ན། མི་དེ་རླུང་རྟ་དར་བ་ཡིན་པས། ཀླུང་རྟ་ཞེས་པ་བདེ་སྐྱིད་ལ་གོ་བར་འདོད་ཞེས་པ་དེ་དོན་དུ་གནས་པར་སེམས། གང་ཡིན་ཟེར་ན་ནམ་རྒྱུན་བོད་མིའི་ངག་རྒྱུན་ལ་མི་དེ་ཀླུང་རྟ་དར་བ་ཡིན་ན། བྱ་བ་ཐམས་ཅད་ལམ་དུ་འགྲོ་བ་མ་ཟད། གཞན་ལས་འགྲན་ཟླ་བྲལ་བའི་ལས་དབང་ཅན་གྱི་མི་ཞིག་དུ་བརྩི་སྲོལ་ཡོད། དེས་ན་དོན་ཐོག་ཀླུང་རྟའི་དར་རྒུད་ཞེས་པ་ནི་མི་སོ་སོའི་བདེ་སྐྱིད་དང་། བསོད་ནམས་དབང་ཐང་ཞིག་པ་ཐུག་ཡོད་པས། ཀླུང་རྟ་ནི་མི་སོ་སོའི་བདེ་སྐྱིད་དང་བསོད་ནམས་དབང་ཐང་བཅས་ལ་གོ་ན་འགྲིག་པར་སེམས་སོ། །ཡོངས་གྲགས་ཀླུང་རྟ་ཞེས་པ་འདི་ལ་ནང་གསེས་དབྱེ་ན་༼དར་ལྕོག་༽དང་༼ཀླུང་རྟ༽ཞེས་བརྒྱུད་རིམ་སྔ་ཕྱིའི་ཁྱད་པར་དང་ལས་ཆོག་ཁག་ལ་ཅུང་མི་འདྲ་བའི་དབྱེ་བ་ཡོད་ཀྱང་། དེ་ཡང་ཐོག་མར་དར་ལྕོག་ཞེས་པ་འདི་ནི་སྔ་རབས་བོད་ཀྱི་ལུགས་སྲོལ། གདོད་མའི་བོནད་གྱི་ནམ་སྲིད་པ་རྒྱུ་ཡི་བོནད་ཞེས་པ་དེ་ལས་མ་འདས་ཞིང།
   སྔ་རབས་གདོད་མིའི་བོད་མི་རྣམས་ཀྱིས་ཕྱི་ཡི་གནས་ཡུལ། ས་བདག་ཀླུ་གཉན་ཡུལ་ས་ཡུལ་ལྷ་དང་གཞི་བདག་སོག ཡོད་པར་འདོད་པའི་འདུ་ཤེས་ཐོག་མར་བྱུང་བ་ནས་བཟུང་། སྲོལ་རྒྱུན་རིག་གནས་དར་ལྕོག་ཞེས་པ་འདི་ཉིད་ཡང་དེ་དང་དུས་མཉམས་སུ་བྱུང་བར་འདོད་དེ། ༼དེབ་ཐེར་དཀར་པོ༽ལས། འབངས་བྱིངས་ནི་འབྲོག་སྡེའི་རྣམ་པར་ཡོད་ལ། ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན། ཞེས་གསུང་པ་ནི་དོན་དང་མཐུན་པར་སེམས། གང་ལགས་ཞེ་ན་དེང་ཡུལ་མི་ག་གེ་མོ་ཞིག་ཕྱི་རུ་འགྲུལ་སྤྱོད་དགོས་ན་ཐོག་མར་ས་གནས་དེ་གའི་ཡུལ་ལྷ་འམ་རང་གི་རྒྱབ་རི་ལ། དར་ལྕོག་གམ་བལ་ཚོན་སོགས་གསས་མཁར་རྩེ་རུ་སྒྲོན་པ་དང། བརྔན་ཡོན་མཆོད་བསྟོད་བྱེད་ནས། རང་གི་འདོད་སྲོལ་འཕྲི་ན་ལས་བཅོལ་པས། རང་ལ་ཡུལ་དང་གཞི་བདག་དེ་དག་གིས་གདོང་གྲོགས་བྱེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ནའང་སྔར་དར་རས་ཀྱི་ཚབ་དུ་བལ་ཚོན་བྱེད་སྲོལ་ཡོད་འདུག་སྟེ།༼སྲིད་པ་སྤྱི་མདོས༽ལས། དར་མཚོན་ནི་ལྷུབས་སེ་ལྷུབ།བལ་མཚོན་ནི་ལམས་སེ་ལམ། ཞེས་གསལ་ཡང་། ཕྱིས་སུ་ཡར་རྒྱས་ཕྱིན་ནས་ད་ཆར་དར་རས་སྣ་ཚོགས་ལས་བལ་ཚོན་བྱེད་མཁན་རེ་ཙམ་ལས་ཤིན་དུ་དཀོན་ནོ། །
   དེ་ཡང་༼དར༽་ཞེས་པ་འདི་ནི་སྐབས་འདིར་ཚོན་སྣ་ཅི་རིགས་ཀྱིས་བརྒྱུར་བའི་རས་ཏེ། བསྟོད་པའམ་ཆེ་བ་མཚོན་པའི་དོན་ཞིག་ཏུ་གོ་བ་སྟེ། དཔེར་ན། མདའ་དར་དང་དམག་དར། རུ་དར། ལྷ་དར་ འཕྲག་དར་ རྒྱལ་དར། མདུང་དར་བསང་དར་སོགས་ཀྱི་མཚོན་ལ།༼ལྕོག༽ནི་སྔར་སྦྲ་གུར་དང་ཡང་ན་ཁང་པའི་ཐོག་གི་གྲུ་ཟུར་རམ་ལྕོག་ཞིག་ཏུ་སྒྲོན་པའི་དར་ཞིག་ཡིན་པའི་ཆ་ནས་༼དར་ལྕོག༽་ཞེས་བརྗོད་པ་མིན་ནམ་སྙམ།
   དེང་སང་ཡང་ཐག་རིང་དུ་གནས་སྐོར་ཕྱིན་པ་རྣམས་ཀྱི་ཚུར་རང་ཡུལ་ཕེབས་ནས་རང་གི་ཡུལ་ལྷ་འམ་རྒྱབ་རིའི་དབུ་རྕེ་མཐོང་བའི་ས་ནས། དར་ལྕོག་ཁ་དོག་སོ་སོའི་ཡུལ་ལྷའི་སྐུ་མདོག་དང་མཐུན་པ་སྒྲོན་ནས་རང་ཡུལ་དུ་ལོག་སྲོལ་ཡོད་པ་མ་ཟད། དར་དེ་ཉིན་གསུམ་རིང་ཁང་པའི་གྲུ་ཟུར་རམ་ལྕོག་ཞིག་ཏུ་སྒྲོན་པ་དང་། དེ་རྗེས་རང་གི་རྒྱབ་རིའམ་ཡུལ་ལྷའི་མཆོད་གནས་གསས་མཁར་རྩེ་རུ་སྒྲོན་པ་དང་། དར་ལྕོག་གི་ཐོག་ཏུ་རང་ཉིད་ཀྱི་ལོ་བདག་དང་ཁམས་མིང་དང་། འདོད་སྲོལ་ཅི་རིགས་འབྲི་བ་སྟེ། དཔེར་ན་བདག་སྒྲུབ་པ་པོའི་སྲོག་ལུས་དབང་ཀླུང་བླ་དཔལ་རྣམས་ཡར་ལ་དར་བར་བསྐྱེད་ཅིག་ཞེས་དང་། ཡང་ན་ཕྱོགས་བཞིའི་འབྱུང་བའི་བཅུད་ཀྱིས་ཀླུང་རྟ་སྤེལ་བར་འདོད་པ་སྟེ། ༼ཀླུང་རྟའི་ཆོག་ག༽ལས། ཤར་ཤིང་ཁམས་ལས་བྱུང་བའི་འབྱུང་བའི་བཅུད་ཀྱིས། ཆང་བ་པོའི་སྲོག་ལུས་དབང་ཀླུང་བླ་དཔལ་ཡར་ལ་དར་བར་བསྐྱེད་ཅིག བྱང་ཆུ་ཁམས་ལས་བྱུང་བའི་འབྱུང་བའི་བཅུད་ཀྱིས། འཆང་བ་པོའི་སྲོག་ལུས་དབང་ཀླུང་བླ་དཔལ་ཡར་ལ་དར་བར་བསྐྱོད་ཅིག ནུབ་ལྕགས་ཁམས་ལས་བྱུང་བའི་འབྱུང་བའི་བཅུད་ཀྱིས། འཆང་བ་པོའི་སྲོག་ལུས་དབང་ཀླུང་བླ་དཔལ་ཡར་ལ་དར་བར་བསྐྱོད་ཅིག ལྷོ་མེ་ཁམས་ལས་བྱུང་བའི་འབྱུང་བའི་བཅུད་ཀྱིས། འཆང་བ་པོའི་སྲོག་ལུས་དབང་ཀླུང་བླ་དཔལ་ཡར་ལ་དར་བར་བསྐྱོད་ཅིག ཞེས་འདོད་སྲོལ་འབྲི་བ་དང་།༼གཙུག་ལག་དཔལ་འབུམ་དཀར་པོ༽ལས། ཐོན་པའི་རླུང་རྟ་སྤེལ་བའི་སྙིང་པོ་དང་འདོད་སྲོལ་སོགས་ཀྱིས་སོ་སོའི་ཀླུང་རྟའི་རྒྱུ་བཞི་པོ་བསྐྲུན་པར་འདོད་པའི་ཡིད་ཆེས་བྱེད་ན། དར་ལྕོག་དེ་དག་གསས་མཁར་རམ་རི་རྩེ་ལ་བརྩེགས་མཁར་དང་སྦྲ་ཡི་ལྕོགས་སོགས་ལ་འཛུགས་པའི་སྲོལ་ཡོད་ལ། ད་དུང་དྲི་ཞིམ་ལྷ་བསང་དང་འགྲོགས་ཏེ། ཤོག་བུའི་ཐོག་གི་ཀླུང་རྟ་མཁའ་ལ་འཐོར་ཞིང་། ཀི་བསོ་སྒྲོགས་པ་དང་། ཀླུང་རྟ་རྟ་ཕོ་རྒྱུག་རྒྱུག ། ཁ་རྗེ་འོ་མ་འཕྱུར་འཕྱུར་ཤོག ཅེས་བརྗོད་ནས། རང་ཉིད་ལ་ཁྲོམ་ཚོགས་ཟིལ་གནོན་གྱི་གཟི་བརྗིད། ངག་ཀུན་སྙན་གྱི་བདེ་བ་ཐུབ་པ། ཡིད་འཆར་སྒོ་ལེགས་པའི་ཡོན་ཏན། དགྲ་ཚོགས་ཟིལ་གྱི་གནོན་པའི་གཟི་བརྗིད། ཚེ་བསོད་སྙན་གྲགས་རྒྱས་པའི་དཔལ་ཡོན་སོགས་གཙོ་ཆེའི་ཚེ་འདི་ཡི་བྱ་བ་ལ་ཆེད་དུ་གཉེར་བ། ཡུལ་ས་གཞི་བདག་གིས་རང་ལ་ལས་ཀླུང་སྤར་ནས་སྡོང་གྲོགས་བྱེད་ཀྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད།
   གཞན་ཡང་དར་ལྕོག་གི་ངོས་སམ་དབུས་སུ། སོ་སོའི་རུས་རྒྱུད་དམ་བླ་རྟག་མཚོན་བྱེད་ཀྱི་སེམས་ཅན། གཡག་དང་། སྟག་དང་། འབྲུག་དང་། ཁྱུང་བཅས་ཀྱི་རི་མོ་དར་གྱི་དཀྱིལ་དུ་འབྲི་བའི་སྲོལ་ཡོད་འདུག་ལ། ཕྱིས་སུ་ཅུང་འགྱུར་བ་ཕྱིན་ནས་གཡག་གི་ཚབ་ཏུ་སེང་གེའི་རི་མོ་བཀོད་པ་ཡང་ཤིན་ཏུ་མང་པོ་འདུག་ཀྱང་། དོན་དུ་ཐོག་མ་བརྒྱུད་རིམ་ནང་གཡག་ཡིན་དགོས་འདུག་སྙམ། གང་ཡིན་ཟེར་ན་སྔར་གྱི་ཞང་ཞུང་ཁུལ་ནས་ཐོན་པའི་སྡེབ་རིས་དང་། རི་མོ་སོགས་ལས་བོད་ཀྱི་མཚོན་བྱེད་དུ་གཡག་བྲིས་པ་ཡང་རེ་ཙམ་མཐོང་རྒྱུ་ཡོད་འདུག་ལ། ལྷ་གཡག་དར་མ་ཞེས་གཡག་འདི་བོད་པའི་ཐུན་མིན་གལ་ཆེན་ཞིག་ཏུ་བརྩི་སྲོལ་ཡོད། དབུས་སུ་རྟ་དང་ཕྱོགས་བཞིར་སེམས་ཅན་བཞི་བཀོད་པ་སོགས་ཀྱི་འཕེལ་རིམ་དང་མཚོན་དོན་ནི། ཀླུང་རྟའི་དབུས་སུ་རྟ་དང་ཟུར་བཞིར་འབྲུག་སྟག་ཁྱུང་གཡག་བཅས་སེམས་ཅན་བཞི་ཡི་ཐད་ལའང་འདོད་ཚུལ་མི་འདྲ་བ་ཡོད་སྲིད་ཀྱང་། གང་ལྟར་སྔར་གྱི་སྲོལ་རྒྱུན་དེ་ལ་རིམ་བཞིན་འགྱུར་བ་འམ་འཕེལ་རྒྱས་སུ་ཕྱིན་པ་ཡིན་པར་སེམས་སོ། གདོད་མའི་བོད་ཀྱི་དར་ལྕོག་གམ་ཀླུང་རྟའི་དཀྱིལ་དུ་རི་མོ་རྟ་ཀྱང་པའམ། ཡང་ན་སོ་སོའི་རུས་རྒྱུད་མཚོན་བྱེད་ཞིག་བཀོད་པ་མིན་ནམ་སྙམ། གང་ཡིན་ཟེར་ན། སྔ་མའི་ཀླུང་རྟའི་རི་མོ་དང་། ཤིང་པར་དེ་དག་ལ་དེ་འདྲ་མཐོང་ཡས་འདུག་ལ། ད་དུང་ཀླུང་ཞེས་པ་ཁམས་དང་ཀྱང་ཤེས་རྟ་ཞེས་པ་དེ་སྔར་མགྱོགས་འགྲོའམ་མྱུར་དུ་བསྒྲོད་བྱེད་དུ་གོ་ན། ཁམས་ལྔའི་ནུས་པ་འཕེལ་བས། འདོད་དོན་འགྲུབ་པ་དང་། ཁམས་གང་ལ་ཞུགས་པ་བསྒྲོད་ནུས་པར་མཚོན་སྙམ། ཡིན་ནའང་ཕྱིས་སུ་རིམ་བཞིན་ཆོས་ལུགས་ཀྱིས་འབྲེལ་བ་ཤུགས་ཆེན་འོག་གོ་དོན་གཞན་ཞིག་ཏེ། རྟ་མཆོག་ལ་རིན་པོ་ཆེའི་སྒ་སྲབ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གསུམ་བསྐལ་བ་འདི་དག་གི་མཚོན་དོན་ནི། རྟ་མཆོག་ནི་གང་དུ་བསྒྲོད་ན་ཐོག་པ་མེད་པར་བསྒྲོད་ནུས་པར་མཚོན་པ་དང་། རིན་པོ་ཆེའི་རྒྱན་སྤྲས་པ་ནི་མི་ལུས་རིན་པོ་ཆེར་མཚོན་ལ། ནོར་བུ་གསུམ་བསྐལ་བ་ནི་མགོན་སྐྱོབ་མཛད་མཁན་དཀོན་མཆོག་རྣམ་གསུམ་དུ་མཚོན་པས་། དོན་དུ་སྐྱབས་གནས་དཀོན་མཆོགས་གསུམ་གྱིས་རང་ཉིད་བྱ་བ་གང་དུ་འཇུག་ཀྱང་དཀོན་མཆོག་གསུམ་གྱིས་གྲོགས་སམ་མགོན་སྐྱོབས་བྱེད་པར་གོ་བ་ཡིན་འདུག ། ཀླུང་རྟའི་ཟུར་བཞིར་སེམས་ཅན་ནི། གཡག་གམ་སེང་གེ་ འབྲུག་ སྟག་ ཁྱུང་བཞི་བཀོད་པ་འདི་ནི་ཕྱོགས་བཞིའི་གནོད་པ་སྲུང་བའི་སྲུང་བཞི་རུ་མཚོན་པར་བྱེད་པ་ཡིན་ཞིང་། འདི་ཡི་ནང་ལ་བཀོད་པའི་ལྷ་གཡག་དེ་ཕྱིས་སེང་གེའི་གཟུགས་སུ་འགྱུར་བ་ཕྱིན་པ་ཞིག་ཡིན་འདུག་སྙམ། གང་ལགས་ཟེར་ན་ལྷ་གཡག་ཞེས་པ་འདི་ནི་སྔར་སྲོལ་གདོད་མའི་བོད་ཀྱི་ཐུན་མིན་མཚོན་རྟག་གལ་ཆེན་ཞིག་ཏུ་བརྩི་བ་མ་ཟད། སྲུང་བའི་ཆེད་དུ་འང་འཇུག་སྟེ། ༼ཁྲོ་བོ་རྒྱུད་དྲུག་༽ལས་ སྟག་གཡག་འབྲུག་ཁྱུང་གི་ཡ་གད་གདེངས་བ། ཞེས་དང་། ༼ཁྲོ་བོའི་གཞུང༽ལ། དབལ་གཡག་དཀར་པོའི་རུ་ཟུར་དགྲ་ལ་གཟེར། ཞེས་དང་། གཞན་ཡང་བོད་ཀྱི་མགུ་ལྷ་བཅུ་གསུམ་གྱི་ནང་ཚན་ཡར་ལྷ་ཤམ་པའི་མཚོན་དོན་དབལ་གཡག་དཀར་པོ་ཞིག་ཡོད་འདི་ནི་ཆེས་གལ་ཆེན་ཡིན་པ་མ་ཟད་། བོད་མི་རིགས་བཞིའི་བླ་རྟག་དང་ཤིན་ཏུ་མཚུངས་ཏེ།༼རུས་མཛོད་མེ་ཏོག་སྐྱེད་ཚལ༽ལས། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲུ་༼འགྲུ༽ཡི་གཡག སྦྲ་ཡི་རྐྱང་། སྒ་ཡི་ལུག་ སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་ཅེས་འཁོད་ལ། འབྲུ་༼འགྲུ༽་ཡི་ལྷ་གཡག་དཀར་པོ་ཞེས་དང་། ༼འབྱུང་རྩིས་ཉེར་མཁོ་བུམ་བཟང༽ལས། གདོང་ནི་ས་ཁམས་ཤ་བ་བླ། ། འབྲུ་ནི་ཆུ་ཁམས་གཡག་ལ་བླ། ། སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། ། སྒོ་ནི་མེ་ཁམས་ར་ལ་བླ། ། སྒ་ནི་ཤིང་ཁམས་ལུག་ལ་བླ། ། ཞེས་དང་།༼ནག་རྩིས་སྣང་སྲིད་མེ་ལོང་༽ལས། སྐད་འགག་གྲེ་འདར་གེག་ཤིང་ཁམས། ། སྒ་རིགས་ཡིན་ཏེ་ལུག་ལ་བླ། ། གྲེ་བར་སྐད་འདོན་ཇི་མེ་ཁམས། ། སྒོ་རིགས་ཡིན་ཏེ་ར་ལ་བླ། ། ལྟེ་ཁུང་དབུགས་བསྡུད་གུང་ས་ཁམས། ། གདོང་རིགས་ཡིན་ཏེ་ཤ་བར་བླ། ། ཁ་གདངས་ལྕེ་འབྱར་སྣ་ནས་དབུགས། ། འབྱིན་པ་དེ་ནི་ཤང་ཤིང་ལྕགས་ཁམས། ། དབྲ་རིགས་ཡིན་ཏེ་རྐྱང་ལ་བླ། ། མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས། ། འབྲུ༼འགྲུ༽་རིགས་ཡིན་ཏེ་གཡག་ལ་བླ། ། དེ་རྣམས་རུས་ཆེན་སྡེ་ལྔ་ཡིན། ། ཞེས་དང་། ༼ཏུན་ཧུང་ཡིག་རྙིང༽ལས་ བོད་ཁམས་གཡག་དྲུག་ཞེས་པ་སོགས་ལ་གཟིགས་ན། སྔར་རང་རེའི་གངས་ཅན་བོད་པའི་མཚོན་བྱེད་གཡག་ཞིག་འབྲི་སྲོལ་ཡོད་ཤས་ཆེ་ལ།༼ཏི་སེའི་དཀར་ཆག༽ལས། སྤྲུལ་པ་དབལ་ཆེན་གེ་ཁོད་དེ། སྲིད་པའི་དབལ་གཡག་དཀར་པོར་བརྫུས། ཞང་ཞུང་བོནད་གྱི་ཡུལ་དུ་བབས། ཤེལ་གྱེར་བོནད་གྱི་སྒྲ་བླར་བྱོན་ཞེས་དང་། སྲིད་པའི་དབལ་འབྲོང་ཆེན་པོ་ཡང་འོད་ཟེར་དུ་ལྷག་ཏེ་གངས་རིན་པོ་ཆེ་ལ་ཐིམ་མོ་ཞེས། ༼ཡང་དེ་ཉིད་ལས།༽ སྲིད་པའི་ལྷ་གཡག་བོནད་གྱི་སྒྲ་བླར་བྱེད། དབལ་གཡག་ལྷ་གསས་ཀྱི་རྟེན་དུ་འཛུགས། ཞེས་སོགས་་ཆེས་སྔ་བའི་དུས་མི་ལོ་བརྒྱད་སྟོང་གོང་ནས་རང་རེའི་བོནད་པ་རྣམས་ཀྱིས་མཚོན་དོན་ནམ་གལ་ཆེའི་བླ་རྟགས་ཞིག་དུ་ངོས་འཛིན་གནང་གི་ཡོད་ཅིང་། དེང་ཀླུང་རྟའི་སྲུང་བཞི་ལས་ལྷ་གཡག་གི་དོད་དུ་མང་ཆེ་བ་སེང་གེ་བྱེད་པ་ནི་ཕྱིས་སུ་ཆོས་ལུགས་དང་ཕན་ཚུན་འབྲེལ་བ་དམ་པོ་ཕྱིན་པས། རྩལ་ཆེན་སྟོབས་ལྔའི་ནང་ཚན་ཕྲག་དོག་ཐུལ་བའི་རྟགས་སུ་སེང་གེའི་གདན་དུ་གསུངས་པ་མ་ཟད། རང་རེའི་གདོང་དམར་བོད་པའི་མིང་ལ་གངས་ཅན་པ་ཞེས་བརྗོད་པ་སོགས་རྒྱུ་མཚན་དུ་མའི་སྒོ་ནས། ཀླུང་རྟའི་ཟུར་གྱི་གཡག་གི་གཟུགས་དེ། སེང་གེའི་གཟུགས་སུ་འགྱུར་བར་ཕྱིན་མིན་ནམ་སྙམས་དེ་དཔྱད།
   དེས་ན་དེ་དག་ཟུར་བཞིར་སེམས་ཅན་བཞི་བཀོད་དགོས་པའི་རྒྱུ་མཚན་ནི། ༼འགུ་རུ་རྣོ་རྩེའི་གཏེར་མ༽ལས། སེམས་ཅན་རྒྱལ་པོ་རྩལ་ལྡན་བཞི། རྟེན་འབྲེལབརྡ་ཐབས་རིས་སུ་བཀོད། ཅེས་དང་། ༼སྒྲ་བླའི་དཔང་བསྟོད༽ ལས། ནག་ལ་རྒྱ་སྟག་འགྲོགས་པ་བཞིན། ། སྒྲ་བླ་མི་དང་མ་འབྲལ་ཅིག ། ལྷོ་སྤྲིན་གཡུ་འབྲུག་འགྲོགས་པ་བཞིན། སྒྲ་བླ་མི་དང་མ་འབྲལ་ཅིག །གངས་ལ་སེང་གེ་འགྲོགས་པ་བཞིན། ། སྒྲ་བླ་མི་དང་མ་འབྲལ་ཅིག ། སྤང་ལ་ལྷ་གཡག་འགྲོགས་པ་བཞིན། ། སྒྲ་བླ་མི་དང་མ་འབྲལ་ཅིག །བྲག་ལ་བྱ་རྒོད་འགྲོགས་པ་བཞིན། སྒྲ་བླ་མི་དང་མ་འབྲལ་ཅིག་ཅེས་དང་།
   གཞན་ཡང་མི་ཡི་ སྲོག་དང ལུས་ དབང་ཐང་ ཀླུང་རྟ་ བླ་དཔལ་བཞི་ལ་སྦྱར་བའི་ཚུལ་ནི། ཁྱུང་གི་སྲོག་དང་། སྟག་གིས་ལུས། འབྲུག་གི་དབང་ཐང་། སེང་གེའསམ་གཡག་གིས་ཀླུང་རྟ། རྟ་ནི་བླ་དཔལ་མཚོན་བྱེད་དུ་བཀོད་པ་ཡང་འདུག་ལ། ཕྱི་ཡི་འབྱུང་བ་ལྔ་ལ་སྦྱར་ཚུལ་ནི་། སྟག་ནག་ལ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན། སེང་གེ་རི་ལ་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་ལ་གནས་ཞིང་རྭ་ལ་མེ་འབར་བས་མེའི་ཁམས་མཚོན། འབྲུག་རྒྱ་མཚོ་ལ་གནས་པས་ཆུས་ཁམས་མཚོན། རྟ་མཆོག་རྒྱུག་རྩལ་དང་ལྡན་པ་དེ་ནི་རྒྱུན་གྱི་འཆད་པར་སྐྱེས་བུའི་ནུས་ཤུགས་དང་མཚོན། ཞེས་༼ནམ་མཁའི་ནོར་བུས༽་གསུངས་། ༼ཀླུང་རྟའི་ལས་ཆོག༽ལས། བདག་འཆང་བ་པོ་ལ་ཟིན་གནོན་ཁྱུང་ལྟར་ཆེ་བར་གྱུར་ཅིག སྙན་གྲགས་འབྲུག་ལྟར་སྒྱོགས་པར་གྱུར་ཅིག ། གཟི་བརྗིད་སེང་ལྟར་ཆེ་བར་གྱུར་ཅིག ། དཔའ་རྩལ་སྟག་ལྟར་ཆེ་བར་གྱུར་ཅིག ། ཞེས་དང་འདོད་སྲོལ་ཅི་རིགས་པ་ཞིག་ཚེ་འདིའི་ཆེད་དུ་འབྲི་ནས་གསས་མཁར། རྟེན་མཁར། ཡུལ་ལྷའི་བསོ་གནས་ཡུལ་སོགས་སུ། དར་སྒྲོན་པ་དང་ཤོག་པར་འཐོར་བ་སོགས་བྱས་ན་རང་ཉིད་ཀླུང་རྟ་དར་བའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། ད་དུང་དེང་དུས་ཀླུང་རྟའི་དཀྱིལ་དུ་བཀྲ་ཤིས་རྟག་བརྒྱད་ཀྱི་རི་མོ་འབྲི་བའི་སྲོལ་ཡང་འདུག་པས། འདི་དག་ནི་བོད་མིའི་འདོད་པ་ཇི་བཞིན་ཇེ་རྒྱས་སུ་ཕྱིན་པར་ངེས།།
     དེས་ན་དར་ལྕོག་ཞེས་པ་འདི་ནི་ཚེ་འདི་ཡི་བདེ་སྐྱིད་ལས། ཕྱི་མའི་དོན་ལ་དེ་ཙམ་གྱིས་ཆེད་དུ་དམིགས་མེད་པ་ལྟ་བུ་ཡིན་པས་ཡ་ཐོག་སྲིད་པའི་བོནད་ནམ་གདོད་མིའི་བོནད་དང་འབྲེལ་བ་ཤིན་ཏུ་ཆེ། ཀླུང་རྟ་ཞེས་པ་འདི་ལ་ནང་གསེས་དམིགས་འདུན་གཉིས་སུ་དབྱེ་ན་ཆོག་པར་སེམས་ཏེ། དཔེར་ན་རང་ཉིད་ཚེ་འདི་ཡི་ཆེད་དུ་རང་གི་ལས་ཀླུང་བསྟོད་ནས་ལྷ་བསོ་བ་དང་དར་ལྕོག་སྒྲོན་པ་སོགས་གདོད་མའི་བོན་དང་། ཡང་གདོད་མའི་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་གདོད་མའི་བོནད་དེ་ལ་མི་ལོ་བརྒྱད་སྟོང་གོང་དུ་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱིས་འཚེ་མེད་ཞི་བ་ཆེན་པོས་གསོ་བཏབ་པའི་རིག་གཞུང་ཕན་བྱེད་རྒྱུ་ཡི་བོན་ཞེ། དཔེར་ན་ཚེ་འདི་ཡི་ཆེད་དུ་ཀླུང་རྟའི་ཙ་ཀྲ་སྣ་ཚོགས་ལ་སོགས་ཀླུང་རྟ་བསོ་བའི་ལས་ཆོག་ལ་འབད་པ་དང་། ཚེ་ཕྱི་མའི་ཆེད་དུ་གཟུང་སྔགས་ཅི་རིགས་འབྲི་ནས་གནས་རི་དང་། དགོན་སྡེར་སྒྲོན་བ་གཉིས་སུ་བྱུང་ཞིང་། འདི་ཡི་ཐོག་མའི་རྒྱུད་རིམ་སྐོར་ལ། གཡུང་དྲུང་བོན་གྱི་ཆོས་ལུགས་དེ་ཉིད་སྲོལ་གཏོད་པ་པོ་སྟོན་པ་གཤེན་རབ་མི་བོ་དེ་ཉིད་ལོ་བརྒྱད་སྟོང་གོང་དུ་བོད་གངས་ཅན་དུ་ཕེབས་པ་མ་ཟད། ཀོང་ཡུལ་ལྷ་རི་གྱང་ཏོའི་དབུ་རྩེ་རུ་ཕེབས་ནས་བོད་ཀྱི་ཡུལ་ལྷ་གཞི་བདག་རྣམས་ལ་མཆོད་བསྟོད་ཕུལ་བ་དང་། ཕྱི་རབས་འགྲོ་བ་སེམས་ཅན་དག་གིས་བོ་ན་ཡུང་བ། བརྟན་ན་འཁོར་བ། སྦད་ན་འགྲོ་བ་སོགས་ཅི་འདོད་ཀྱི་མཐུ་རྐྱེན་སྒྲུབ་པར་ཁས་བླང་བར་གྲག ། དེས་ནས་བོད་རྒྱལ་གཉའ་ཁྲི་བཙནད་པོ་ནས་བཟུང་། ད་བར་ལོ་ལྟར་དུས་ཚིག་དེ་ལ་༼བོན་སྟོན་དུས་ཆེན༽་ནམ་ཕྱིས་མིང་ལ་འགྱུར་བ་ཕྱིན་ནས་དེང་༼འཛམ་གླིང་སྤྱི་བསང༽ཟེར་མཁན་འདུག གང་ལྟར་བོད་སྔ་རབས་པས་༼བོན་སྟོན་དུས་ཆེན༽་ཞེས་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔར་བོད་ཁམས་ཡོངས་ཀྱིས་ཡུལ་ལྷ་བསོ་ཞིང་། ཀླུང་རྟ་སྤར་བའི་དུས་ཁྱད་པར་ཅན་ཞིག་ཏུ་བརྩི་སྲོལ་ཡོད་ལ། ཁྱད་པར་དུ་ཀོང་པོ་བ་རྣམས་ལྷ་རི་གྱང་ཏོའི་རྩེ་རུ་རི་བཏོད་ལྷ་བསོ་བ་དང་ཀླུང་རྟ་གཏོར་དུ་ད་ཏ་ཡང་སྔར་སྲོལ་མ་ཉམས་པར་འགྲོ་གི་འདུག༼མདོ་ལས༽བོད་ཀྱི་བོན་པོ་རྣམས་ལ་ཡར་ལ་ལྷ་བསོ་བ་དང་།
  མར་ཡུག་ཕུད་པའི་ལུང་ཕོག་ཅེས། ཆོས་ལུགས་དང་མཐུན་པའི་སྲོལ་གཏོད་གནང་ཡོད་འདུག་། དེས་ན་ད་ལྟའི་ཀླུང་རྟའི་ནང་དོན་ལའང་། ཚེ་འདི་ཡི་ཆེད་དུ་ལྷ་ཀླུ་ཡུལ་ས་གཞི་བདག་རྣམས་ལ་བསང་དང་དར་ལྕོག་གི་ངོ་སོ་བསྟོད་པ་མ་ཟད། དར་རས་ངོས་ལ་ཀླུང་རྟ་སྤེལ་བའི་ཆོ་ག་དང་། སྒྲ་བླ་དཔའ་བསྟོད། བར་ཆད་ལམ་སེལ། ཚེ་སྙིང་། སྐེག་ཟློག་སོགས་འབྲི་ནས་རི་མཐོ། ས་གཙང་། གསས་མཁར། རྟེན་མཁར་སོགས་ཀྱི་རྩེ་རུ་སྒྲོན་པས་ཚེ་འདི་ཡི་རྐྱེན་ངན་ཟློག་ཅིང་། ཚེ་བསོད་ཀླུང་རྟ་དར་བས་བྱ་བ་གང་ལ་ཡང་ལམ་དུ་འགྲོ་བ་ཡིན་ཞེས། བོད་མི་རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད།
   ཚེ་ཕྱི་མའི་དགེ་བའི་ཆེད་དུ། དར་རས་ལ་གསེར་དངུལ་མཚལ་སྣག་ཇི་རིགས་པས། ཐར་མདོ་དང་། བཤགས་མདོ། ངན་སོང་སྒོ་གཅོད། བསང་བཤགས། སྒྲིབ་སྦྱང་། ལྟུང་བཤགས་སོགས་དང་། ཡི་དམ་གི་གཞུང་ཆོག་སོགས་ཅིརགསའབྲི་བ་དང་། ཤིང་པར་སོགས་ལ་སྦྱར་ན་ལུས་ཚད་ལ་གཞིག་ཏེ། གནས་རི་དང་། དགོན་སྡེ། ཟམ་ཆེན། མཆོད་རྟེན་སོགས་ཀྱི་ཉེ་འགྲམ་དུ་སྒྲོན་པས། འདི་འདི་ལྟར་ཚེ་ཕྱི་མའི་དོན་ནམ་གཤིན་པོའི་དགེ་བསྐུལ་ལ་དམིགས་ཏེ། འབོལ་ཆེན་ཞིག་སྒྲོན་གྱི་ཡོད་ལ།
   གཞན་ཡང་ས་དམིགས་སམ་གནོད་པ་ཡོད་པའི་ཕྱོགས་སུ་ཡིད་དམ་གི་སྙིང་པོ་འབྲི་ནས་སྒྲོན་བ་གནོད་པ་སྲུང་བའི་ཆེད་དང་། ཡང་ན་རྟེན་འབྲེལ་ཆེན་པོའི་སྐབས་དང་རྒྱལ་བསྟན་དར་བའི་རྟགས་སུ་སྒྲོན་པ་ཡང་ཡོད་སྟེ། དཔེར་ན་ལྷ་སའི་གཙུག་ལགས་ཁང་གི་ཕྱོགས་བཞིར་དར་ཆེན་བཞི་ཡོད་པ ། བྱང་དགའ་ལྡན་དར་ཆེན་དང་། ཤར་སྐྱ་རིང་དར་ཆེན། ནུབ་ཇུས་ཡག་དར་ཆེན། ལྷོ་སྐལ་བཟང་དར་ཆེན་ཞེས་སྒྲོན་ཡོད་པས་དར་ཆེན་འདི་དག་གི་ལོ་རྒྱུས་ཐད་ཆོས་ལུགས་སོ་སོའི་བཤད་སྒྲོས་མི་མཐུན་ན་འང་། འདི་དག་སྔར་བཞིན་ད་ཆ་ཡང་དངོས་སུ་མཇལ་ཡུལ་དུ་ཡོད་པ་ལ་དགའ་བ་ཅི་སྟེ་མི་རྒྱས། དེས་ན་གདོད་མའི་མྱེས་པོའི་ཕ་ས་ཐོག་མ་ཞང་བོད་འཛིན་མའི་ཁྱོན་འདིར། གདོང་དམར་བོད་པའི་ལྟེ་ཁྲག་ཐོག་མ་འཐོར་བ་ནས་བཟུང་། སྐབས་མི་འདྲ་བ་དབང་བསྒྱུར་གྱི་དུས་རིམ་ཁག་ནས། བོད་མིའི་བསམ་པའི་འདུ་ཤེས་ལ་རང་འབྱུང་ཁམས་ཀྱི་ས་བདག་ཀླུ་གཉན་གནས་་པ་དང་། ཡུལ་ས་གཞི་བདག་ཡོད་པར་འདོད་པའི་འདུ་ཤེས་ཐོག་མ་བྱུང་བ་ནས་རིམ་བཞིན། ༼དར་ལྕོག་༽དང་༼ཀླུང་རྟ༽།༼རླུང་རྟ༽ཞེས་འཕེལ་རིམ་མི་འདྲ་བ་ཁག་གསུམ་གྱི་ཁྲོད་དུ། འདི་ནི་བོད་མིའི་བསམ་པའི་འདུ་ཤེས་སམ། སྲོལ་རྒྱུན་རིག་གནས་གདོད་མའི་བོནད་དང་ཁ་བྲལ་ཐབས་མེད་པ་པ་མ་ཟད། བོད་མི་ཞིག་ཡིན་ཕྱིན་ཕལ་ཆེར་རང་གི་སྦྲ་དང་། ཁང་པ། རི། །ཆུ ། ནག་སོགས་གང་རུང་ལ་དར་ལྕོག་སམ་ཀླུང་རྟ་ཞིག་ཕལ་ཆེར་མེད་པ་མི་སྲིད་པ་ལྟ་བུ་དང་། གལ་སྲིད་ཀླུང་རྟ་ཡོད་པའི་ས་གནས་ཡོད་ན། དེར་བོད་མི་ཞིག་འཚོ་གནས་བྱེད་ཀྱི་ཤག་བྱེད་ན་འགྲིགས་པ་ལྟ་བུ་ཆགས་ཡོད་པས། དར་ལྕོག་གམ་ཀླུང་རྟ་འདི་ནི་ད་ཆར་གདོན་དམར་བོད་མིའི་སྲོལ་རྒྱུན་རིག་གནས་སམ་ཆོས་ལུགས་དང་ཁ་འབྲལ་ཐབ་མེད་པ་ཞིག་ཡིན། དེར་བརྟན་འདིར་ཁོ་བོས་དར་ལྕོག་གམ་ཀླུང་རྟའི་འཕེལ་རིམ་དང་འབྲེལ་བའི་དཔྱད་རྩོམ་འདི་ཐོག་མའི་གླིང་སྟེགས་ཙམ་ལས། དཔྱད་པ་རྫོགས་པའི་གཏམ་མིན་པ་མ་ཟད། བརྒྱ་ཁ་གཅིག་ཆོད་བྱས་པ་རྩ་བ་ནས་མིན་པས། འདི་ལ་སྨན་པའི་བཀའ་ཆབས་གསོན་པོར་སྩོལ་བའི་རེ་བ་དང་བཅས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།