སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་ཚོགས་ཐེངས་དང་པོའི་གནས་བསྡུས།

[ཟླ་ཚེས། 2026-08-11 21:58:07][རྩོམ་པ་པོ། སྐབས་བཞི་པའི་རྒྱུན་ལས་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༈ ཐེངས་འདིའི་དཔྱད་གླེང་གི་ཉིན་དང་པོ་སྟེ།   2026/7/27 ཉིན་ཁྱུང་ཡུལ་ག་ངས་ཀྱི་བཀྲ་ཤིས་ངས་ལུང་ཕྱུག་མོའི་སྟོད་ཀྱི་ཆར་ངས་སྟོད་གཡུང་དྲུང་ཀུན་འདུས་གླིང་གི་སྡེ་དགོན་གཉིས་ཀྱིས་སྣེ་ལེན་གཟབ་རྒྱས་འོག་དབྱར་གྱི་ལང་ཚོའི་མེ་ཏོག་སྣ་བརྒྱ་མངོན་པར་བཞད་ཅིང་སྦྲང་ཆར་ཟམ་ཟིམ་དང་ལྷན་དུ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་སྐབས་བཞི་པའི་རྒྱུན་ལས་པ་རྣམས་ཀྱིས་གྲ་སྒྲིག་དང་འབྲེལ།  སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་དབུ་འཛིན་མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུ་དབུས་པའི་དགོན་སྡེ་ཁག་གི་འགན་འཁུར་མི་སྣ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་དགེ་བཤེས་དང་། སྤྱི་ཚོགས་ཐོག་གི་རིག་གནས་ཆེད་མཁས་པ་འགའ་དང་། བོན་གཤེན་རྣམ་པ། ན་གཞོན་རྩོམ་འབྲི་བ་འགའ་སོགས་ཚོགས་ཞུགས་མི་སྣ་བརྒྱ་ཕྲག་མ་ཟིན་ཙམ་གྱིས་འབྱོར་ཐོ་བཀོད་པ་དང་། ཐེངས་འདིར་ཕེབས་པའི་རྩོམ་ཡིག་བགྲོ་གླེང་བ་རྣམས་ཀྱིས་གསུང་བཤད་ཀྱི་གོ་རིམ་རྒྱན་ཤོག་བླངས་ནས་དངོས་གཞིའི་བགྲོ་གླེང་གི་སྟ་གོན་ཚགས་ཚུད་པར་བྱས།

༈ ཉིན་གཉིས་པ། སྤྱི་ཚེས 28 ཉིན་ཞོགས་པ་ཆུ་ཚོད8:20 ཐོག་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་ཚོགས་གཙོ་དགེ་བཤེས་གཡམ་དྲང་སྲོང་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་བྱུང་རིམ་དང་འབྲེལ་བའི་དབུ་འཛུགས་གསུང་བཤད་གནང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་མཁས་དབང་དབྲ་ཁྱུང་སྐལ་བཟང་ནོར་བུས«སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཁ་ཕྱོགས་གླེང་བ»ཞེས་པའི་བརྗོད་གཞི་དང་འབྲེལ་ནས་གསུང་གླེང་ཟབ་རྒྱས་གནང་།

 དེ་མཚམས་ཐེངས་འདིའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཚོགས་ཞུགས་བགྲོ་གླེང་བ་རྣམས་ཀྱི་མཚན་རིམ་རྒྱན་ཤོག་གི་གོ་རིམ་བཞིན། རྒྱུན་ལས་པ་ཉི་མ་གཡུང་དྲུང་གིས་གཙོ་སྐྱོང་གནང་ཞིང་། བགྲོ་གླེང་པ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་དང་། དགེ་བཤེས་ཁྱུང་བསོད་ནམས་བློ་གྲོས། འབྲིང་རྒྱུད་དགེ་བཤེས་གཡུང་དྲུང་འཕྲིན་ལས་རྣམ་པ་གསུམ་གྱིས། 《སྨྲ་སེང་བསྟོད་པ་ཀུན་སྐྱོབས་མཐུ་ལྡན་གྱི་བྱུང་ཁུངས་སྐོར།》དང་། 《ལྟ་ཕུགས་ཀུན་གཞི་ཡེ་ཤེས་ཀྱི་སྐོར།》དང་། 《ཤར་གྱི་སྐར་མ་སྨིན་དྲུག་འཆར་ནུབ་ཀྱི་སྐོར་གླེང་བ།》བཅས་ཀྱི་ཁ་བྱང་དང་འབྲེལ་བའི་སྒོ་ནས་དཔྱད་གླེང་ཟབ་རྒྱས་གནང་བ་མ་ཟད་དྲི་བ་དྲིས་ལན་ལྷུག་པོར་གནང་། དེ་མཚམས་བར་གསེང་གི་དུས་ཚོད་དང་བསྟུན་དྲན་རྟེན་མཉམ་པར་བསྒྲོན་ཏེ་ཅུང་ཙམ་ངལ་གསོ་ལ་རོལ།

ཆུ་ཚོད 10:20 ཐོག་སླར་ཚོགས་ཁང་དུ་འཛོམས་ཏེ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཆེད་དེབ་གཙོ་སྒྲིག་པ་ལྡོང་སྐལ་བཟང་མཆོག་གིས་གཙོ་སྐྱོང་གནང་ཞིང་། བགྲོ་གླེང་པ་བྱ་ཚང་དར་ཚོགས། དགེ་བཤེས་མ་མགུར་མ། སྒང་སྲས་དམུ་རྒྱལ་ཉི་མ། ཚེ་དབང་མཆོག་རྒྱལ། ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན། དགེ་བཤེས་མ་གླིང་ཞོགས་རླུང་། ཆོས་འགྲུབ་བཅས་ཀྱིས། 《གོ་ཡི་ལྕོག་རོ་ཕུག་པའམ་ཨ་བསེའི་སྒྲུབ་ཕུག་སྐོར་མདོར་ཙམ་གླེང་བ།》ཞེས་པ་དང་། 《བོད་ཀྱི་སྐད་ཡིག་དང་ཆོས་ལུགས་བར་གྱི་འབྲེལ་བའི་སྐོར།》ཞེས་པ་དང་།  《གཡང་རྭ་སྒོ་བཞི་དང་དེ་འབྲེལ་རིག་གནས་སྐོར་གྱི་གླེང་བརྗོད།》ཅེས་པ་དང་། 《ལྷ་བཟོ་ཨ་ཤུགས་ར་ན་ཤཀྱའི་སྐོར་མདོར་ཙམ་གླེང་བ།》དང་། 《སུམ་པ་མུ་སྤུངས་གསལ་ཏང་གི་ལོ་རྒྱུས་གླེང་སློང་》དང་། 《ཕྱིན་ཅི་ལོག་གི་ལྟ་བ་ལྔ་དཔྱད་པ།》《སྡེ་དགེ་དབུ་མཛད་འབྲུག་གྲགས་ཀྱི་ངོ་སྤྲོད།》བཅས་ཀྱི་སྐོར་ནས་བགྲོ་གླེང་དང་དྲི་བ་དྲིས་ལན་རྒྱས་པར་གནང་མཐར་ཆུ་ཚོད 12:20 ཐོག་ནས་ཉིན་གུང་གི་ཞལ་ལག་དང་བར་གསེང་ངལ་གསོ་རུ་ཕེབས།

  ཕྱི་དྲོའི་ཆུ་ཚོད2:20 ཐོག ལྡོང་རྫོང་གཤེན་བཙུན་སྨིན་གླིང་གི་དགེ་བཤེས་འགྲོ་བ་བཟང་མོ་མཆོག་གིས་གཙོ་སྐྱོང་གནང་སྟེ།  བགྲོ་གླེང་བ། བན་རུ་རྒྱལ།  བེན་རུ་ཤེས་རབ་བསྟན་འཛིན། དགེ་བཤེས་རིག་འཚོལ་མ། ན་གཞོན་རྩོམ་འབྲི་བ་ལྔ་རིག་བུ། དགེ་བཤེས་ཧོར་ཚང་གཡུང་དྲུང་རབ་བརྟན། ལྡོང་སྐལ་བཟང་། དབྲ་ཁྱུང་གཡུང་དྲུང་གཙུག་ཕུད་བཅས་ཀྱིས་《བོད་ཀྱི་སྲོལ་རྒྱུན་འཕང་གི་གནས་བབ་ལ་དཔྱད་པ།》དང་།  《བེན་རུ་དབུ་མཛད་གཙོ་མཆོག་སྐྱབས་ཀྱི་ལོ་རྒྱུས་རགས་བསྡུས།》དང་། 《རོལ་པ་སྐྱེ་མཆེད་ལྟར་སྣང་བ་དང་མཚན་མ་ཀུན་བྲལ་བ་གཉིས་ཀྱི་ལྟ་བའི་དགག་བྱའི་སྐོར།》 དང་། 《བག་ཆགས་ཀློང་གི་གནའ་སྔ་མོ།》ཞེས་པའི་སྒྲུང་རྩོམ་གྱི་སྐོར་དང་། 《གཏེར་དཔེ་ཁྲོ་བོ་དབང་ཆེན་གྱི་སྐོར་རོབ་ཙམ་གླེང་བ།》ཞེས་པ་དང་། 《ཁྱུང་ཡུལ་སྟོད་ཀྱི་ཆུ་བོ་གྲགས་ཅན་ག་ཆུའི་རྒྱུད་ཀྱི་ས་མིང་འདོགས་སྟངས་སྐོར་གྱི་གླེང་སློང་》དང་། 《ཡ་ཐོག་རྩིས་ཀྱི་བྱུང་བ་བརྗོད་པའི་གཏམ་ཅུང་ཟད་གླེང་བ།》ཞེས་པའི་ཁ་བྱང་དང་འབྲེལ་གནམ་སྐར་ངོས་འཛིན་སྐོར་བཅས སྐབས་དོན་འགྲོ་གླེང་དང་དྲི་བ་དྲིས་ལན་མཛད་དེ་བར་སྐབས་སུ་ངལ་གསོ་ལ་རོལ།

སླར་ཡང་ཕྱི་དྲོའི་ཆུ་ཚོད 4:00 ཐོག་རྒྱུན་ལས་པ་བསྟན་འཛིན་གཡང་གྲུབ་ཀྱིས་གཙོ་སྐྱོང་གནང་ཞིང་།  བགྲོ་གླེང་པ། དགེ་བཤེས་སེང་ཁྲི་ལྡན། མགར་ཆེན་ནོར་ལྷ། ཅང་སྒྲོན་མེ་བཅས་ཀྱིས་《མཛོད་གཞུང་ལས་བསྟན་པའི་ཉི་ཟླའི་སྐོར་རང་གིས་གོ་ཚོད་ཙམ་གྱི་ཟིན་ཐོ།》ཞེས་པ་དང་། 《བྱ་སྐྱང་བསོད་ནམས་དབང་རྗེས་ངོ་སྤྲོད།》 《སྤུ་གཞུང་ཅང་པ་ཚང་གི་མི་རབས་ཀྱི་ལོ་རྒྱུས།》སོགས་བགྲོ་གླེང་དྲིས་ལན་དང་བཅས་པ་གནང་མཐར་ཕྱི་དྲོའི་གསོལ་ཚིགས་ལ་རོལ།

སླར་ཡང་ཆུ་ཚོད 5:50 ཐོག་ནས་མུ་མཐུད་དེ་རྒྱུན་ལས་པ་དཔོན་ཚང་རྣམ་དཔྱོད་ཀྱིས་གཙོ་སྐྱོང་གནང་ཞིང་། བྱ་སྐྱང་སྐལ་ལྡན་དང་། གངས་སྙུག་འཛིན། སྨན་པ་བསྟན་འཛིན་ཡེ་ཤེས། དགེ་བཤེས་འགྲོ་བ་བཟང་མོ་བཅས་ཀྱིས་རིམ་བཞིན་《ངས་པའི་མགར་ཁམས་ཡིག་བྲིས་སྲོལ་རྒྱུན་རྒྱུད་འཛིན་གྱི་ཁྱིམ་རྒྱུད་སྐོར》དང་། 《སྤུ་གཞུང་ལུང་པའི་རི་མཚོ་ལུང་གསུམ་གྱི་ངོ་སྤྲོད།》《ག་རྒྱ་ཁྱུང་སྤྲུལ་གྱི་ལོ་རྒྱུས་དང་འབྲེལ་སྨན་སྦྱོར་སྟོང་རྩའི་ཐུན་མིན་ཁྱད་ཆོས་སྙན་ཞུ།》ཞེས་པའི་ཆེད་རྩོམ་དང་། 《ཕོ་མོའི་རྟེན་ལ་རྩ་རོ་སྐྱོང་གཉིས་གཞོག་གཡས་གཡོན་ལ་གནས་པའི་ཁྱད་པར་ལ་གསར་དུ་དཔྱད་པ།》ཞེས་པའི་སྐོར་བཅས་བགྲོ་གླེང་ཟབ་རྒྱས་དང་དྲི་བ་དྲིས་ལན་བཅས་གྲུབ།

དགོང་མོའི་ཆུ་ཚོད7:00 ཐོག་མཚམས་བཞག་ནས་་དགོང་ཟས་ལ་རོལ་མཐར་སོ་སོའི་བཞུགས་གནས་སུ་ཁུ་སིམ་ལྷིང་འཇག་ངང་ཕེབས།
༈ དེ་ནས་ཉིན་གསུམ་པའི་ཞོགས་པ། ཆུ་ཚོད 8:20 ཐོག་སྐབས་བཞི་པའི་དྲུང་གཞོན་སྒང་ཚང་དམུ་རྒྱལ་ཉི་མས་གཙོ་སྐྱོང་གནང་ཞིང་། བགྲོ་གླེང་པ། གངས་དབལ། དགེ་བཤེས་རྣམ་དག་ཡེ་ཤེས། གྲྭ་བཙུན་ཡེ་ཤེས་ཉི་མ།  བོན་གཤེན་དཀོན་མཆོག་བསྟན་འཛིན། དགེ་བཤེས་བསྟན་འཛིན་དགེ་ལེགས་བཅས་ཀྱིས། 《ཤེས་རིག་གི་སྒོ་མོ་མེད་ན་འཇིག་རྟེན་འདིར་འཚོ་བའི་མིག་མེད་པ་དང་འདྲ།》 ཞེས་པ་དང་། 

《ཤངས་ཡུལ་དུ་འབྲེལ་བའི་བོན་པོའི་སྐོར་རོབ་ཙམ་གླེང་བ།》ཞེས་པ་དང་། 《འཇིག་རྟེན་གྲུབ་ཚུལ་གྱི་སྐོར་ནས་གླེང་བ།》《ཨ་དཀར་ཐེག་པའི་ཚོགས་སྦྱོར་གཉིས་ཀྱི་སྐོར།》 《གནའ་དེང་དཔེ་རྙིང་ཁག་ནས་བོད་ཀྱི་སྐུང་ཡིག་གི་གནས་བབ་གླེང་བ།》བཅས་ཀྱི་ཁ་བྱང་དང་འབྲེལ་ནས། བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོར་གནང་མཐར་བར་གསེང་ངལ་གསོ་ལ་རོལ། ཆུ་ཚོད 10:20 ཐོག་མུ་མཐུད་དེ་དགེ་བཤེས་གཡུང་དྲུང་འཕྲིན་ལས་མཆོག་གིས་བགྲོ་གླེང་གཙོ་སྐྱོང་གནང་སྟེ།   དཔོན་ཚང་ལྷ་བཟོ་ཐུགས་རྗེ་ཉི་མ། སྨན་པ་ཁྱུང་བདུད་རྩི། གྲྭ་བཙུན་ཚུལ་ཁྲིམས་བསྟན་འཛིན། བོན་རྒྱུད་ནོར་བུ། དགེ་བཤེས་ཤེས་རབ་བཟང་མོ། སྨན་པ་ཉི་མ་གྲགས་པ་བཅས་ཀྱིས་《དཔོན་ཚང་ལྷ་བཟོ་ལུགས་ཀྱི་ཚོན་ཆེན་ལྔ་ཡི་བསྲེ་སྦྱོར་སྐོར་》ཞེས་པ་དང་། 《བོད་ཀྱི་སྨན་རྫས་རྩྭ་སྨན་འཐུ་སྒྲུབ་སྐབས་ཀྱི་བསམ་འཆར་ཕྲན་བུ།》ཞེས་པ་དང་། 《གཡུང་དྲུང་དང་གཡུང་དྲུང་ཆག་ཤིང་གི་སྐོར་ལ་དཔྱད་པ།》དང་། 《ངས་ལུང་ཕྱུག་མོའི་སྟོད་ཀྱི་མཛེས་ལྗོངས་སྐོར་ངོ་སྤྲོད།》དང་། 《རྒྱུ་ཡི་ཐེག་ཆེན་སྤྲོས་མེད་པའི་ལུགས་ཀྱི་ཀུན་རྫོབ་བདེན་པའི་སྐོར་གྱི་གཏམ་ཐུང་།》ཞེས་པ་དང་། 《སྙིང་ནད་ཁ་ལེ་ནག་པོ་ལ་དཔྱད་པ།》བཅས་ཀྱི་སྐོར་ནས་བགྲོ་གླེང་ཟབ་རྒྱས་གནང་སྟེ་དྲི་བ་དྲིས་ལན་བཅས་ཚ་ཚ་འུར་འུར་གྱིས་དངོས་གཞིའི་བགྲོ་གླེང་མཇུག་ལེགས་པར་གྲུབ་སྟེ་ཉིན་གུང་གི་གསོལ་ཚིགས་དང་ངལ་གསོ་བཅས་ལ་ལྷོད་པོར་རོལ། བར་གསེང་གི་སྐབས་སྔ་ཕྱི་རྣམས་སུ་ཚོགས་ཞུགས་མི་སྣ་ཕན་ཚུན་བར་འབྲེལ་ཡོད་གཏམ་གླེང་ལྷུག་པོར་གནང་བ་མ་ཟད་དམིགས་བསལ་བཅར་འདྲི་ཞུ་ཡུལ་སྐབས་བབ་ཀྱི་མི་སྣ་འགའ་ལ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་གནས་བབ་དང་འབྲེལ་བའི་བཅར་འདྲིའི་ཞུ་ལན་ཀྱི་གཏམ་གླེང་ཡང་གོ་སྒྲིག་ལྡན་པའི་སྒོ་ནས་འོས་ཤིང་འཚམས་པར་བྱས།

 

ཕྱི་དྲོ་ཆུ་ཚོད 2:00 ཐོག་ཏུ་ཐེངས་འདིའི་དཔྱད་གླེང་ལེགས་པར་གྲུབ་པའི་མཇུག་སྡོམ་གྱི་མཛད་རིམ་སྟེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་དྲུང་ཡིག་པ་དགེ་བཤེས་ཁྲོམ་ཟླ་ཟེར་གྱིས་གཙོ་སྐྱོང་གནང་ཞིང་། ངས་སྟོད་དགོན་གཡུང་དྲུང་ཀུན་འདུས་གླིང་གི་བླ་མ་བཟོད་པ་གཙུག་ཕུད་ལགས་ཀྱིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་གནས་ངས་སྟོད་དགོན་གཡུང་དྲུང་ཀུན་འདུས་གླིང་གི་སྡེ་དགོན་གཉིས་ཀྱི་སྐུ་ཚབ་གནང་སྟེ་གསུང་བཤད་གནང་། སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་དྲུང་གཞོན་སྒང་སྲས་དམུ་རྒྱལ་ཉི་མ་མཆོག་གིས་མཛད་སྒོའི་མཇུག་བསྡོམས་ཀྱི་གསུང་བཤད་གནང་། དེ་རྗེས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་སྤྱི་ཁྱབ་དབུ་འཛིན་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་རིན་པོ་ཆེ་མཆོག་དང་སྐབས་བབ་ཀྱི་བགྲོ་གླེང་འཚོགས་ཡུལ་ངས་སྟོད་སྡེ་དགོན་གྱི་བླ་མ་བཟོད་པ་གཙུག་ཕུད་མཆོག་རྣམ་པ་གཉིས་ཀྱིས་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཐུན་མོང་གི་སྐུ་ཚབ་གནང་སྟེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་རྒྱུན་ལས་མི་སྣ་ཁག་དང། བགྲོ་གླེང་པ། སྐབས་བབ་ཀྱི་ལས་སྣེ་རྣམས་དང་། སྡེ་དགོན་ཡོངས་ལ་ལས་དོན་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་མགུར་དར་གནང་།


མཐར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་བསྟན་འབར་སྨོན་ལམ་དབྱངས་ལ་བསྐྱོན་ཏེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྐབས་བཞི་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་ནས་ལེགས་པར་གྲུབ་པ་བཅས་ཀྱི་གནད་བསྡུས་སུ། 

   སྐབས་བཞི་པའི་རྒྱུན་ལས་ལྷན་ཚོགས་ནས། 2026/7/29 ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།