ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་དཔྱད་གླེང་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་པ།

[ཟླ་ཚེས། 2026-07-21 18:11:56][རྩོམ་པ་པོ། ལས་འཛིན་ཐུན་མོང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དེ་ཡང་སྲིད་པའི་གངས་རི་དཀར་པོའི་བཞུར་རྒྱུན་དང་འགྲོགས་པའི་ཡུལ་ཁ་བའི་ལྗོངས་ཀྱི་རིག་པའི་གནས་ཆེན་ཁག་ལས་ནང་རིག་པ་གཙོ་བོར་བྱས་ཏེ། མདོ་སྔགས་རྫོགས་གསུམ་གྱི་ལྟ་སྒོམ་སྤྱོད་འབྲས་ཀྱི་གཞུང་ལུགས་ལ་མི་ལོ་བཅུ་ཕྲག་གི་ཡན་ཆད་དང་ཉི་ཤུ་ཡར་ལྷག་ཙམ་ཅི་རིགས་པའི་ཚེ་ཡི་རིན་ཐང་གང་ཉིད། ནངས་ནུབ་དུས་དྲུག་གི་སྒོ་ཀུན་ནས་དཔེ་ཁྲིད་དང་དཔེ་ཀློག རྩོད་སྦྱོང་དང་འཆད་སྦྱོང་། བརྒལ་བརྟག་དང་དམ་འཇོག བློ་སྦྱོང་དང་བློ་ལེན་སོགས་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་དུས་འདའ་བར་བྱས་དང་བྱེད་བཞིན་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་འཆད་རྩོད་ཀྱི་བྱ་བ་གོང་འཕེལ་དང་། ཤེས་རབ་ཀྱི་འོད་སྣང་དཔེ་དེབ་ཏུ་རྗེས་བཞག་གི་མཛད་པ་མངོན་པའི་ཆེད་དུ་དེ་སྔོན་ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཐེངས་བཞི་འཚོགས་ཟིན་པ་དང་།

  ད་ལན། འབྱུང་ལྡན་༣༠༡བོད་མེ་རྟ་ལོའི་བོད་ཟླ་༦ཚེས་༢སྤྱི་ལོ་2026/7/16 ཉིན་སྐབས་གཉིས་པའི་དཔྱད་གླེང་ཐེངས་གཉིས་པ་དེ། འཚོགས་ཡུལ༧དཔལ་གཤེན་བསྟན་ཅོང་རི་དགོན་བྱ་དུར་གཡུང་དྲུང་བདེ་ཆེན་གླིང་དུ་འཆར་ཅན་ལྟར་ཕྱོགས་སོ་སོ་ནས་དཔྱད་རྩོམ་བསྐུར་གནང་བའི་དགེ་བའི་བཤེས་གཉེན་རྣམས་འབྱོར་ཐོ་བཀོད་ཅིང་བགྲོ་གླེང་སྔ་ཕྱིའི་གོ་རིམ་ཐད་ཨང་རིམ་རྒྱན་འཕེན་སོགས་སྟ་གོན་ཚགས་ཚུད་གནང་།

  ཕྱི་ཉིན་སྤྱི་ཚེས་17ཉིན་ཕྱག་ཚོད་8:20ཐོག གདན་ཞུས་དཔང་བཞུགས་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་དཔྱད་གླེང་དུ་དངོས་སུ་ཞུགས་འོས་ཀྱི་དགེ་བཤེས་རྣམ་པ་གཙོས་བླ་མ་དགེ་བཤེས་གྲྭ་བཙུན་སོགས་ཚོགས་ཞུགས་མི་སྣ་བདུན་ཅུ་ལྷག་ཙམ་གདན་འཛོམས་ཀྱི་སྒོ་ནས་ཐོག་མར་དྲུང་ཆེ་དགེ་བཤེས་གཡམ་དྲང་སྲོང་རྒྱལ་མཚན་མཆོག་ནས་བགྲོ་གླེང་དབུ་འཛུག་གི་གསུང་བཤད་གནང་།

  དེ་ནས་རིམ་པ་བཞིན་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་སོ་སོས་བསྣམས་ཕེབས་པའི་དཔྱད་རྩོམ་གྱི་ནང་དོན་ལྟར་ཟབ་བརླིང་གི་གཞུང་དོན། རྙོག་འཛིངས་ཀྱི་ལོ་རྒྱུས་སོགས་སྒྲ་དག་ཚིག་གསལ་དང་བཅས་པའི་སྒོ་ནས་བགྲོ་གླེང་རབ་དང་རིམ་པར་མཛད་པ་མ་ཟད། དྲི་བ་དྲིས་ལན་ཡང་གནད་ལ་ཁེལ་ཞིང་འཁྲུག་ཆ་དོད་པོར་གནང་། ཉིན་གུང་ལ་དཔང་བཞུགས་དགེ་བའི་བཤེས་གཉེན་ཆེན་མོ་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག་ནས་དཔྱད་རྩོམ་དང་བགྲོ་གླེང་ཐད་བླང་དོར་གྱི་བཀའ་སློབ་སྙན་ཞིང་ཡིད་དུ་འོང་བ་གནང་མཛད།

  སྤྱིར་ན་དུས་ཚོད་ཀྱི་རེའུ་མིག་ལྟར་འཛོལ་བ་མེད་པའི་སྒོ་ནས་དུས་ཚིགས་ཀྱི་གསོལ་ཟས་རོལ་བ་དང་། བར་གསེང་དུ་དབྱར་གྱི་སྣང་ཁམས་ལ་མཛེས་རོལ་བྱེད་ཞོར་འོ་མ་དང་ཁོ་ཧྥེ་སོགས་མཆོད་ཅིང་མོལ་མཆིད་ཅི་དགར་གནང་། ཕྱི་དྲོར་དཔང་བཞུགས་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན་མཆོག་ནས་བཀའ་སློབ་གནད་ལ་སྨིན་པར་གནང་། ཕྱི་དྲོ་ཆུ་ཚོད་5:30ཐོག་དཔལ་ཅོང་རི་བ་ཆེན་པོའི་བླ་བྲང་དུ་འཛོམས་ནས་ཉིད་ཀྱིས་མཛད་པའི་བླ་སྒྲུབ་ཀྱི་ཚོགས་འཁོར་གསུང་སྟེ་རྗེས་དྲན་གསོལ་སྨོན་རྣམ་དག་ཞུས། དགོང་མོ་ཆུ་ཚོད་7:00ཐོག་དགོང་ཟས་གསོལ་བའི་དུས་སྐབས་དང་བསྟུན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མ་འོངས་པར་དགེ་བཤེས་བགྲོ་གླེང་གནང་ཕྱོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་ཀྱི་གསུང་གླེང་ལྷུག་པོར་གནང་།

  སྤྱི་ཚེས་18ཉིན་གྱི་ཕྱག་ཚོད་8:20སྟེང་སྔར་གྱི་འཕྲོ་ནས་མཚན་རིམ་རེའུ་མིག་ལྟར་བགྲོ་གླེང་དབུ་འཛུགས་གནང་ཞིང་དགེ་བའི་བཤེས་གཉེན་རྣམས་ཀྱིས་རིམ་པ་བཞིན་སོ་སོའི་དཔྱད་དོན་སྙན་སྒྲོན་ཞུས་ཏེ་ཚོགས་ཞུགས་རྣམ་པས་ཀྱང་དྲི་བ་དྲིས་ལན་གནད་ལ་ཁེལ་བ་མཛད། དུས་ཀྱི་གསོལ་ཚིགས་དང་བར་གྱི་སྤྲོ་གསེང་སོགས་དུས་ཚོད་འཛོལ་མེད་ཀྱི་སྒོ་ནས་མཛད།

  དེ་ལྟར་བགྲོ་གླེང་གི་རིམ་པ་གྲུབ་མཐར། དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་གིས་དགེ་བཤེས་རྣམ་པའི་གནས་བབ་དང་ཁ་ཕྱོགས་ཀྱི་ཐད་ནས་བཀའ་སློབ་གནད་དུ་སྨིན་པར་གནང་། དེ་བཞིན་ཐེངས་འདིའི་དཔྱད་གླེང་གི་མཐུན་སྦྱོར་བླ་མེད་དུ་གནང་མཁན་ཅོང་རི་དགོན་གྱི་དབུ་བླ་ཞུ་ཚང་སྐལ་བཟང་རྒྱལ་མཚན་མཆོག་ནས་མཇུག་སྡོམ་དང་འབྲེལ་བའི་སྒོ་ནས་བཀའ་སློབ་བཀའ་དྲིན་བསྩལ་བ་དང་། ཚོགས་གཞོན་དགེ་བཤེས་གཡུང་དྲུང་མགོན་པོ་མཆོག་ནས་སྐབས་བབ་ཀྱི་བཀའ་དྲིན་ཞུ་མཆིད་དང་མ་འདང་བའི་ཆ་ཀུན་ལ་བཟོད་གསོལ་དང་འབྲེལ་ལེགས་སྨོན་ཕུལ་ཏེ་མཛད་སྒོའི་མཇུག་སྡོམ་གསུང་བཤད་ལེགས་པར་གནང་།

  མཐར་འདུས་ཚོགས་ཀུན་ཀས་གཡུང་དྲུང་བསྟན་པ་རྒྱས་པའི་ཐུགས་སྨོན་རྒྱ་ཆེར་མཛད་དེ་ད་རེས་ཀྱི་དཔྱད་གླེང་གི་བྱ་བ་ཡོངས་སུ་མཇུག་གྲུབ་པ་ལྷན་དུ། ཅོང་རི་དགོན་གྱི་ལྷ་སྡེ་མི་སྡེ་ཐུན་མོང་ནས་བཀོད་སྒྲིག་ལེགས་པར་གནང་བ་ལྟར། སྤུ་སྟོད་སྤུ་རྒྱལ་གངས་རིིའི་མདུན་ཞོལ་དུ་ཕེབས་ནས་མེ་ཏོག་སྣ་ཚོགས་ཀྱི་ཁ་ཞག་ཆགས་ཤིང་མཛེས་སྡུག་རྣམ་པར་བཀྲ་བའི་རྩྭ་ཐང་དུ་ཐུགས་སྤྲོ་ལྗོངས་རྒྱུ་ལ་རོལ་བར་མཛད་པ་བཅས་ཐོག་མཐའ་བར་གསུམ་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་ལེགས་གྲུབ་བྱུང་བའོ།།

  ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་གཉིས་པའི་ལས་འཛིན་ཐུན་མོང་གིས་ཕུལ། སྤྱི་ལོ་2026ལོའི་སྤྱི་ཟླ་7 ཚེས་20ཉིན།





 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།