སྦྲ་ཆེན་སྨན་རྩིས་ཁང་དུ་གཡུང་དྲུང་བོན་ལུགས་ཀྱི་སྨན་ལྷའི་རྡུལ་ཚོན་དཀྱིལ་འཁོར་འགྲེམ་སྟོན་གནང་བ།

[ཟླ་ཚེས། 2026-07-21 18:03:35][རྩོམ་པ་པོ། སྦྱིན་པ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྦྲ་ཆེན་སྨན་རྩིས་ཁང་གི་བོད་ལུགས་སྨན་རྩིས་རིག་གནས་འགྲེམ་སྟོན་ཁང་དུ་གཡུང་དྲུང་བོན་ལུགས་ཀྱི་སྨན་ལྷའི་རྡུལ་ཚོན་དཀྱིལ་འཁོར་འགྲེམ་སྟོན་གནང་བ།

སྦྲ་ཆེན་སྨན་རྩིས་ཁང་གི་སྒོ་རའི་ནང་བཞེངས་པའི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱི་སྐུ།

  དེ་ཡང་སྦྲ་ཆེན་རྫོང་སྨན་རྩིས་ཁང་ནི་ཐོག་མར་1972ལོར་བོད་སྨན་ཚན་ཁག་འགོ་ཚུགས་པའི་རྨང་གཞིའི་སྟེང་སྤྱི་ལོ་1984ལོར་སྦྲ་ཆེན་རྫོང་སྨན་རྩིས་ཁང་དངོས་སུ་དབུ་བརྙེས། དེ་ནི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཐོག་དེང་རབས་གསོ་རིག་ལག་རྩལ་ཟུང་དུ་སྦྲེལ་བ་དང་། སྔོན་འགོག འཕྲོད་སྦྱོར། བོད་ལུགས་གསོ་རིག་སློབ་ཁྲིད། བོད་སྨན་ལས་སྣོན་བཅས་ཀྱི་ཐོག གནའ་བོའི་བོན་ལུགས་ཐུན་མིན་སྐར་རྩིས་བཅས་གཞི་གཅིག་ཏུ་འདུས་པའི་སྨན་བཅོས་ཞབས་ཞུའི་ལས་ཁུངས་ཤིག་ཡིན།

  ལྷག་པར་དུ་སྦྲ་ཆེན་རྫོང་སྨན་རྩིས་ཁང་གི་བོད་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་ཁང་དུ་གསོ་རིག་གི་མེས་པོ་གཤེན་རབ་མྱི་བོ་ཆེ་དང་སྲས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་འཕེལ་རིམ། མི་སྣ་ངོ་སྤྲོད། སྨན་རྫས་འཚོལ་བསྡུ། དཔྱད་བཅོས་བྱ་ཐབས། དངོས་ལུགས་གསོ་བཅོས་ལག་རྩལ། ཐུན་མིན་སྲོལ་རྒྱུན་བོན་ལུགས་ཀྱི་སྨན་ལྷའི་དཀྱིལ་འཁོར་དང་བཅས་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་གལ་ཆེའི་རིག་གནས་ཀྱི་གྲུབ་ཆ་མང་པོ་ཞིག་མྱོང་རོལ་བྱ་རྒྱུ་ཡོད།

  ད་ལན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་དགོས་པའི་གལ་ཆེའི་བཀའ་སློབ་དང་རིག་གནས་སྟོབས་ཆེན་གྱིས་རྒྱལ་ཁབ་སྐྲུན་དགོས་པའི་འབོད་སྐུལ་གནང་བའི་འོག་འབྲེལ་ཡོད་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་གནང་བ་ལ་བརྟེན། དེང་གི་ཆར་སྦྲ་ཆེན་སྨན་རྩིས་ཁང་ཕྱོགས་གང་ཐད་ནས་ཡར་རྒྱས་ཚད་མེད་པ་སོང་དང་འགྲོ་བཞིན་པའི་ཆར།

  གཙོ་བོའི་དབུ་ཁྲིད་དར་སྐྱིད་མཚོ་དང་འགན་ཁུར་རྣམ་པའི་ཐུགས་མོས་ལྟར་སྟོན་པ་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་བདེ་བར་གཤེགས་པ་སྨན་ལྷའི་དཀྱིལ་འཁོར་གྱི་ཆོ་གའི་གཞུང་དང་ཁྱུང་སྤྲུལ་འཇིགས་མེད་ནམ་མཁས་མཛད་པའི་ཕྱི་ནང་གསང་གསུམ་དཀྱིལ་འཁོར་འབྲི་ཐབས་རབ་འབྱམས་རིག་པའི་སྒོ་འབྱེད་སོགས་ཀྱི་དགོངས་དོན་དང་མཐུན་པར་སྦྲ་ཆེན་ཡེ་སྟོད་སྲོལ་རྒྱུན་རིག་སློབ་གླིང་གི་དགེ་རྒན་སྦྲ་ཆེན་སྦྱིན་པ་དང་། མགར་ཚེ་རིང་དར་རྒྱས། གཡུང་དྲུང་བསྟན་འཛིན། ཁྱུང་ལུང་ཕྱོགས་བསྡུས་རིག་གནས་ཁང་གི་བྲིས་རམ་པ་ཤེས་རབ་རབ་གསལ། སྒྱུ་རྩལ་བ་ཚེ་དབང་ནོར་བུ་བཅས་ཀྱིས་2026ལོའི་ཟླ་བ་7པའི་ཚེས་12་ནས་བཟུང་རྡུལ་ཚོན་དཀྱིལ་འཁོོར་དག་བཞེངས་གནང་སྟེ་ཚེས20ཉིན་ཕྱི་དྲོར་བུམ་པ་རྒྱན་རྫས་དང་བཅས་པར་བཤམ་བཀོད་ལེགས་གྲུབ་བྱུང་ཞིང་འབྲེལ་ཡོད་དབུ་ཁྲིད་དང་འགན་ཁུར་མི་སྣས་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་གཡོགས་ནས་ཁ་དྲོ་བཀྲ་ཤིས་ཀྱིས་མཇུག་ཡོངས་སུ་བསྡུས།









 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།