དེ་ཡང་ཁོད་པོ་གཏད་སྤྲུག་གི་བཀའ་གཞུང་འདི་ནི་ཐུགས་ཀྱི་དེད་དཔོན་ཆེན་པོ་བླ་ཆེན་དྲན་པ་ནམ་མཁའ་མཆོག་གི་རྣམ་སྤྲུལ་ཆེན་པོ་ཨ་མདོ་ཁོད་པོ་༼དེང་སི་ཁྲོན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོད་པོ་ཁོག་ཏུ་སྐུ་འཁྲུངས་པར་གྲགས།༽ལ་སྐུ་འཁྲུངས་པའི་ཁོད་པོ་བློ་གྲོས་ཐོགས་མེད་༼༡༢༨༠---༡༣༣༧༽མཆོག་གི་གཏེར་ནས་བཞེས་པའི་བཀའ་གཞུང་ཞིག་ཡིན་ལ།
སྤྱིར་ཡུལ་ལུང་འདི་ལ་ཁོད་པོ་གཏད་སྤྲུག་ཆེན་མོ་འདི་འདོན་དགོས་པའི་རྒྱུ་མཚན་ནི། ཤར་ཁོག་འདི་ནས་སྐུ་འཁྲུངས་པའི་གཏེར་སྟོན་ཆེན་པོ་འོད་ཟེར་གླིང་པ་༼སྤྱི་ལོ་༡༨༠༦ལོར་སྐུ་འཁྲུངས། འདས་ལོ་མི་གསལ།༽མཆོག་གིས་ལུང་སྟོན་དུ་ཤར་ཁོག་གི་ཡུལ་ལུང་འདི་ལ་མ་འོངས་པར་ངེས་པར་དུ་ཀླུ་གཉན་ས་བདག་གཏོད་བཞིའི་སྒྲུབ་པ་ཆེན་པོའམ་གཏོ་མདོས་ཆེན་པོ་ཞིག་འདོན་ཐུབ་ན་སྤྱིར་འཛམ་གླིང་དང་སྒོས་སུ་རྒྱལ་ཁབ། ཡང་སྒོས་སུ་ཤར་ཁོག་གི་ཡུལ་ལུང་འདི་ལ་ཕན་འབྲས་ཆེན་པོ་ཡོད་པ་སོགས་ཀྱི་ལུང་སྟོན་དེ་དེང་གི་བར་དུ་ཡུལ་ལུང་འདི་ལ་རྒྱུན་འབྱམས་སུ་བཤད་སྒྲོས་ཡོད་མོད།


སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རིན་པོ་ཆེ་ལ་གུ་དུན་ཧྲུན།
དེ་སྔར་སྐྱབས་རྗེ་མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་དར་རྒྱས་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས་རྣམ་གསུམ་གྱིས་ཐུགས་བཞེས་གནང་སྟེ། ཤར་ཁོག་ལ་ཁོད་པོ་གཏད་སྤྲུག་ཞིག་འདོན་འཆར་བཟོ་ཡོད་མོད། ཕྱི་ནང་གི་རྐྱེན་དབང་གིས་མ་འགྲུབ། དེ་ལྟར་ད་བར་དུ་སྒྲུབ་ཐུབ་མེད་པ་ནི་ངོ་མ་ཡིད་སྐྱོ་བའི་གནས་སུ་ཆགས་ཡོད་ལ།


སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་ལ་གུ་དུན་ཧྲུན།
རྒྱུ་མཚན་དེ་དག་སོགས་ལ་དམིགས་ཏེ་ཡུལ་ལུང་འདིའི་སྤྱི་དགོན་སྟེ། བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ། སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་རྣམ་གསུམ་གྱི་བཀའ་དགོངས་འོག་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ནས་གྲོས་མོལ་གནང་སྟེ། སྔོན་གྱི་གཏེར་སྟོན་མཆོག་གི་ལུང་སྟོན་དེ་ང་ཚོས་སྒྲུབ་ཐུབ་ན་ཕན་ཡོན་ཆེ་བ་སོགས་ཐུགས་བསམ་གནད་དུ་བཞེས་ཏེ་ཁོད་པོ་གཏད་སྤྲུག་ཆེན་མོའི་ཀླུ་གཉན་ས་བདག་སོགས་ཀྱི་གཏོ་མདོས་ཆེན་མོ་དེ་སྒྲུབ་ཐུབ་ན་རང་གཞན་ཚང་མ་ལ་ཕན་ཡོན་ཆེ་བ་ཡོད་སྟབས་ཀྱིས་༢༠༢༦ལོའི་དབྱར་ཁའི་སྨོན་ལམ་ཆེན་མོ་དང་འབྲེལ་ཏེ་ཁོད་པོ་གཏད་སྤྲུག་ཆེན་མོ་འཚོག་རྒྱུའི་གྲོས་ཆོད་གནང་ལ།


སྐྱབས་རྗེ་མཁན་སློབ་རྣམ་པ་དང་ཨུ་ཡོན་ལྷན་ཁང་སོགས་ནས། ༧ སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་མཆོག་ནས་གཏད་སྤྲུག་ཆེན་མོའི་ཐུགས་འགན་ཡོངས་རྫོགས་གནང་རྒྱུའི་རེ་ཞུ་གནང་། ༧ སྒྲུབ་སློབ་རིན་པོ་ཆེ་མཆོག་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་འགྲོ་བ་རྣམས་ལ་ནད་མུག་འཁྲུག་རྩོད་དང་། ཡང་སྒོས་སུ་ཤར་ཁོག་གི་ཡུལ་ལུང་སོགས་ཀྱི་དོན་དུ་ཞལ་བཞེས་གནང་སྟེ།



སྒྲུབ་སློབ་ཁོང་རིན་པོ་ཆེ་མཆོག་གཏད་སྤྲུག་ཆེན་མོའི་དོན་དུ་བོད་ལྗོངས་ཆབ་མདོ་སྟེང་ཆེན་དགོན་ལ་ཆེད་དུ་གཏད་སྤྲུག་གི་ལག་ལེན་སོགས་རྒྱུས་ལེན་དུ་ཕེབས་ཏེ་སྟེང་དགོན་གྱི་གཏད་སྤྲུག་གི་འཕྲིན་ལས་བཅའ་གཞི་སོགས་ལ་མཁས་པའི་སྟེང་དགོན་གྱི་གྲྭ་ཚང་མཁན་པོ་འཆི་མེད་རིན་པོ་ཆེ་དང་དགེ་བཤེས་བསྟན་པ་འབྲུག་གྲགས་སོགས་ཀྱི་མདུན་ནས་ཁོད་པོ་གཏད་སྤྲུག་གི་བཅའ་གཞི་དང་འཕྲིན་ལས་ལག་ལེན་སོགས་ཞལ་རྒྱུན་སྦྱངས་ལ། ཞོར་དུ་གཏད་སྤྲུག་གི་གཏོར་པར་སོགས་གསར་རྐོས་གནང་། དེ་ནས་ཁོང་རིན་པོ་ཆེ་ནས་ཤར་ཁོག་ཡུལ་ལུང་གཙོས་པའི་དད་ལྡན་མང་ཚོགས་རྣམས་ལ་སྐུལ་སློང་གནང་སྟེ་གཏད་སྤྲུག་གི་འགྲོ་སོང་སོགས་ཞལ་འདེབས་སྒོར་འབུམ་ཕྲག་དུ་མ་དང་ཕྱི་ནང་གི་མཆོད་རྫས་སོགས་ཕུལ་བ་བྱུང་།
དེ་ནས་སྒྲུབ་སློབ་ཁོང་གི་ཐུགས་བཀོད་གནང་སྟེ། དགོན་ལག་ཁག་གི་གཏོར་མ་བཅའ་བཟོ་དང་རྡུལ་ཚོན། ནམ་མཁའ་རྒྱང་བུ་སོགས་ལག་ཤེས་པ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ངག་དབང་བློ་གྲོས། དགེ་བཤེས་བསོད་ནམས་ཚེ་རིང་། དགེ་བཤེས་སྐལ་བཟང་ཚུ་མུ། དགེ་བཤེས་འབྲུག་ལྡན་ཀུན་གསལ་གཙོས་པའི་ལག་ལེན་པ་དུ་མ་ཞིག་དགོན་ཆེན་དུ་འཚོགས་ནས་ཟླ་བ་གཅིག་ལྷག་ལ་སྔོན་འགྲོའི་བཅའ་གཞི་སོགས་ཀྱི་བཀའ་དྲིན་བསྐྱངས།

དེ་ནས་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་ནས་བསྟན་དོན་མ་འོངས་རྒྱང་གཟིགས་གནང་སྟེ་དད་ལྡན་མང་ཚོགས་རྣམས་ཀྱི་མཇལ་གནས་དང་ཆེད་དུ་ཞིབ་འཇུག་པ་རྣམས་ལ་དམིགས་ཏེ་ཁོད་པོ་གཏད་སྤྲུག་ཆེན་མོ་སོགས་ཀྱི་དཀྱིལ་འཁོར་བཅའ་གཞི་སོགས་ཀྱི་༼ཆོ་གའི་རིག་གནས་བཤམས་སྟོན་ཁང་༽ཞེས་པའི་བཤམས་སྟོན་ཁང་ཞིག་གསར་དུ་གསར་བཞེངས་གནང་།


དེ་ནས་དགའ་མལ་དགོན་ཆེན་གྱི་དབྱར་ཀའི་སྨོན་ལམ་ཆེན་མོའི་སྐབས་དང་བསྟུན་ནས་གཏད་སྤྲུག་གི་གཙོ་འགན་པ་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་ནས་ཐུགས་བཀོད་བཞིན་༼ཆོ་གའི་རིག་གནས་བཤམས་སྟོན་ཁང་༽དུ་དགོན་ལག་ཁག་གི་དགེ་བཤེས་དང་སྒྲུབ་ཐོན་སོགས་སྒྲུབ་གཤེན་ཉེར་བཞིས་དངོས་གཞིའི་གཏོར་མ་བཅའ་གཞི་སོགས་སྔོན་འགྲོའི་རིམ་པ་སྒྲུབ་པ་སྟེ། དབལ་གསས་ལས་རིམ་དཀྱིལ་འཁོར། སྤྱི་སྤུངས་རིན་ཆེན་འཁྲུལ་མདོས། སྟོང་རྒྱུང་བརྔན་བསང་ཆེན་མོའི་དཀྱིལ་འཁོར། སྲུང་ལྔའི་དཀྱིལ་འཁོར། ས་བདག་སྡེར་ཆོག་དཀྱིལ་འཁོར། ཁྱུང་ལྔའི་དཀྱིལ་འཁོར། ཀླུ་སྒྲུབ་སྡེར་ཆོག་དཀྱིལ་འཁོར། ཀླུ་ཆོག་དཀྱིལ་འཁོར། བཅོས་གཞུང་དཀྱིལ་འཁོར། མུ་ཏིག་རྒྱ་མཚོ་གཏིང་སྤྲུག་དཀྱིལ་འཁོར། མདོས་བསྒྱུར་ཕོ་བྲང་གླིང་དགུའི་དཀྱིལ་འཁོར། དབལ་གསས་མདོས་ཁང་། དབལ་གསས་ཁྱུང་ནག་ཟློག་པ། གཏད་པ་འབུམ་ཟློག །མཚོ་སྨན་དགུ་མདོས། ཁྲམ་ཟློག །རུས་སྦལ་དམར་ནག །སྡིག་པ་དམར་ནག་སོགས་ཀྱི་དཀྱིལ་འཁོར་དང་སྔོན་འགྲོའི་རིམ་པ་རྣམས་ལེགས་པར་བསྒྲུབས།
དེ་ནས་སྒྲུབ་གཤེན་སུམ་ཅུ་ལྷག་གིས་དངོས་གཞིའི་སྒྲུབ་པ་ལ་འཇུག་སྟེ་ཐོག་མར་བོད་ཟླ་༥པའི་༢ཉིན་ནས་སྤྱི་སྤུངས་དབལ་གསས་རྔམ་པའི་སྟོང་ཚོགས་ནས་དབུ་བཟུང་སྟེ། ཚེས་༡༦ཉིན་བར་དུ་སྒྲུབ་པ་དང་།
ཁྱད་པར་དུ་ཚེས་༡༢ཉིན་དགའ་མལ་དགོན་ཆེན་གྱི་སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབ་ང་གི་རྒྱལ་པོ་རིན་པོ་ཆེ་མཆོག་གཙོས་པའི་ནང་གི་དགོན་ཁག་ལྔ་དང་ཕྱིའི་དགོན་ལག་ཁག་གི་དགོན་བདག་བླ་སྤྲུལ་མཁན་སློབ་ཉི་ཤུ་ལྷག་ཙམ་དང་རབ་འབྱམས་དགེ་བཤེས་གྲྭ་མང་འདུས་པ་བརྒྱ་ཕྲག་གཉིས་ལྷག་གིས་ཕྱོགས་དང་རིས་སུ་མ་ཆད་པའི་ཚེ་ལས་འདས་པ་རྣམས་ཀྱི་དོན་དུ་འཕོ་བ་སྤར་པ་དང་ཚེ་དང་ལྡན་པ་རྣམས་ལ་ཕྱི་ནང་གསང་གསུམ་གྱི་བར་ཆད་ཟློག་པ་དང་རྒྱལ་ཁམས་བདེ་ཞིང་སྐྱིད་པ་སོགས་ཀྱི་ཐུགས་སྨོན་སྐྱབས་འཇུག་གི་བཀའ་དྲིན་བསྐྱངས།
ཚེས་༡༣ཉིན་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མ་ཞིག་འདུས་ནས་དབལ་གསས་ཁྱུང་ནག་གི་སྦྱིན་སྲེག་དང་ནད་དུ་གྱུར་པ་དང་བྱད་དུ་གྱུར་པ་རྣམས་ཀྱིས་ནད་བྱད་ཀྱི་བྱད་ཐག་བཅད་པ་དང་། དེ་ནས་ཚེས་༡༥ཉིན་མདོས་དབང་གནང་བ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཁོད་པོ་གཏད་སྤྲུག་ཆེན་མོའི་དཀྱིལ་འཁོར་དང་མཆོད་རྫས་རྣམས་མཇལ་ཞུ་གནང་།
དེ་ནས་ཚེས་༡༦ཉིན་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་༣༤པ་གཙོས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཁྱད་པར་དུ་རང་ཅག་ལ་ལྷ་སྐལ་དུ་ཕོག་པའི་༧སྐྱབས་རྗེ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་ཤར་ཁོག་གི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྐྱབས་གསོལ་དང་བཅས་ཁོད་པོ་གཏད་སྤྲུག་ཆེན་མོའི་བཀྲ་ཤིས་སྨོན་ལམ་རྒྱས་འདེབས་དང་མཇུག་རྫོགས་པར་གནང་།
ཞེས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྐབས་དང་པོའི་ཁོད་པོ་གཏད་སྤྲུག་གི་བཀོད་སྒྲིག་ཚན་ཆུང་།