བོད་ལྗོངས་ནང་བསྟན་སློབ་གླིང་གཡུང་དྲུང་གླིང་ཡན་ལག་སློབ་གླིང་དུ་རྡུལ་ཚོན་དཀྱིལ་འཁོར་འགྲེམས་སྟོན་གནང་བ།

[ཟླ་ཚེས། 2026-04-02 17:47:51][རྩོམ་པ་པོ། སྒྲུབ་ཕུག་ཚང་བློ་གྲོས་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གཤེན་གྱི་འབྱུང་ལྡན་ ༣༠༡ བོད་མེ་ཕོ་རྟ་ལོའི་བོད་ཟླ་གཉིས་པའི་ཚེས་པ་ ༡༣ དང་། སྤྱི་ལོ་ ༢༠༢༦ ཟླ་ ༣ པའི་ཚེས་པ་ ༣༠ ཉིན་བོད་ལྗོངས་ནང་བསྟན་སློབ་གླིང་རུ་ལག་གཡུང་དྲུང་གླིང་ཡན་ལག་སློབ་གླིང་དུ་རྡུལ་ཚོན་དཀྱིལ་འཁོར་སྔར་སྲོལ་འདེབས་ལུགས་ལྟར་གྱིས་བཞེངས་ཏེ་འགྲེམ་སྟོན་གནང་།
༄༅། །ཨ་ཨཱོྃ་ཧཱུཾ་རཾ་ཛ༔ འོག་མིན་ཤེས་རབ་ལྷ་ལྔའི་ཐུགས་ཁ་ནས། །འོད་ཟེར་ཉག་ཐག་རྒྱུན་དུ་བསྐྱངས་པའི་གནས། །སངས་རྒྱས་བྱོན་གནས་རྒྱལ་བ་གཡུང་དྲུང་གླིང་། །རྣམ་རྒྱལ་ཀུན་གྲགས་གླིང་ལ་གསོལ་བ་འདེབས། །ཞེས་ལུང་གིས་བསྔགས་པའི་གཡས་རུ་གཙང་གི་གདན་ས་ཆེན་པོ་རབ་ལེགས་གཡུང་དྲུང་གླིང་ཞེས་གཡུང་དྲུང་བསྟན་པ་རྒྱས་པའི་ས་གནས། མདོ་སྔགས་ཉི་མ་ཤར་བའི་གླིང་ཆེན། ལེགས་བཤད་ལུང་རིག་སྒྲོགས་པའི་སྐྱེད་ཚལ། མང་ཐོས་མཁས་མང་འདུས་པའི་བསྟི་གནས་རྣམ་དག་འདུལ་བ་འཛིན་པའི་དགོན་སྡེ་ཆེན་པོ་དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་དུ། ༸སྐྱབས་མགོན་སྣང་སྟོན་ཟླ་བ་རྒྱལ་མཚན་དང་། ༸སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་རྣམ་གཉིས་ཀྱིས་མཁན་སློབ་ཉི་ཟླ་ཟུང་འབྲེལ་གནང་སྟེ་བཤད་སྒྲུབ་བསྟན་པའི་འདུས་སྡེ་བཙུགས་པ་ནས་མདོ་དབུས་ཁམས་གསུམ་ནས་གྲྭ་རྒྱུན་འཕེལ་ཏེ་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་ཟམ་མ་ཆད་པར་བྱོན་པ་དང་། དུས་ཕྱིས་གཡུང་དྲུང་བོན་གྱི་བཤད་སྒྲུབ་འཆད་ཉན་གྱི་སྡེ་རྒྱུན་གདན་ས་ཆེན་པོ་འདི་ནས་འཕེལ་བ་ཤ་སྟག་ལགས། སྤྱི་ལོ་ ༡༩༩༦ ལོར་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཁབ་AAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ལྗོངས་ནང་ཁུལ་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཆེ་ཤོས་སུ་གྱུར་ཡོད།
                 བོན་གྱི་གྲྭ་ས་ཆེན་མོ་རུ་ལག་གཡུང་དྲུང་གླིང་།
 
༸ སྐྱབས་རྗེ་མཁན་ཆེན་ཁྲི་ཐོག་བཅུ་པ་ཤེས་རབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ།
           
༸ སྐྱབས་རྗེ་དཔོན་སློབ་ཁྲི་རབས་ ༡༥ པ་རྒྱལ་ཚབ་ཀུན་བཟང་བློ་གྲོས་རིན་པོ་ཆེ།
           
༸ སྐྱབས་རྗེ་མཁན་ཆེན་ཁྲི་ཐོག་ ༡༡ པ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ།
 
༸ སྐྱབས་རྗེ་དཔོན་སློབ་ཁྲི་རབས་ ༡༦ པ་ཤེས་རབ་སྐལ་བཟང་རིག་འཛིན་རིན་པོ་ཆེ།
 
བོད་ལྗོངས་ནང་བསྟན་སློབ་གླིང་རུ་ལག་གཡུང་དྲུང་གླིང་ཡན་ལག་སློབ་གླིང་ནི། སྤྱི་ལོ་༢༠༡༣ ལོར་བོད་ལྗོངས་ནང་བསྟན་མཐུན་ཚོགས་སོགས་གོང་རིམ་སྡེ་ཚན་གྱིས་ཆོག་མཆན་གནང་རྗེས་དངོས་སུ་སྒོ་བྱང་འགེལ་གནང་བ་དང་། སྤྱི་ལོ་ ༢༠༡༩ ལོར་བོད་རང་སྐྱོང་ལྗོངས་ནས་ལས་གཞིའི་མ་དངུལ་བཏང་སྟེ་སློབ་གླིང་གསར་སྐྲུན་གནང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་༣༠༠༠ཡོད།
 
༸གདན་ས་ཆེན་པོ་རུ་ལག་གཡུང་དྲུང་གླིང་དུ་༸སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱིས་གདན་སའི་བསྟན་པའི་ལས་དོན་དུ་བཀའ་དྲིན་བླ་མེད་ཀྱི་མཛད་རྣམ་སྐྱོང་མུས་དང་།  ལྷག་པར་དུ་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་མཆོག་གིས་རྣམ་ཀུན་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་ཐུགས་འགན་བཞེས་ཐོག་འདི་ལོར་གསང་སྔགས་འཛིན་གྲྭར་༸རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གིས་གདན་ས་བཀྲ་ཤིས་སྨན་རིའི་ཁྲོད་དུ་མཛད་པའི་«མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་»ལྟར་གྱི་ཞལ་ཁྲིད་བཀའ་དྲིན་བསྐྱངས་ཤིང་རིག་གཞུང་དང་ལག་ལེན་ཟུང་འབྲེལ་གནང་རྒྱུ་གལ་ཆེན་ཡིན་ལུགས་ཀྱི་ཇི་དགེའི་བཀའ་སློབ་ལམ་སྟོན་གནད་སྨིན་ཕེབས་པ་ལྟར། བོད་ལྗོངས་ནང་བསྟན་སློབ་གླིང་རུ་ལག་གཡུང་དྲུང་གླིང་ཡན་ལག་སློབ་གླིང་གི་མཐོ་རིམ་འཛིན་གྲྭའི་སློབ་མ་རྣམས་ཀྱིས་གྲྭ་ཚང་གི་ཚོགས་ཆེན་དང་། ཉིན་ལྟར་དཔེ་ཁྲིད་ཞུས་རྗེས་འཆད་རའི་བར་གསེང་གི་དུས་ཚོད་ཁོ་ན་བེད་སྤྱད་དེ་ཉིན་བཅུ་ལྷག་གི་རིང་རྡུལ་ཚོན་དཀྱིལ་འཁོར་ཚུལ་མཐུན་གྱི་ལས་རིམ་ཡོངས་སུ་གྲུབ་པར་ཞུས།
 
དཀྱིལ་འཁོར་རྡུལ་ཚོན་བླུག་བཞིན་པ།
དེ་ཡང་རྗེ་རིན་པོ་ཆེའི་མཛད་པའི་མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་ལས། ཐེག་པ་ཆེན་པོའི་འཇུག་སྒོ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐབས་ལམ་ཁྱད་པར་ཅན། བསྐྱེད་རྫོགས་ཟབ་མོ་དོན་གྱི་གཞི་རྩ། དཀྱིལ་འཁོར་གྱི་བྱེ་བྲག་གསུམ་དུ་བཤད་དེ། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་དང་། ཏིང་འཛིན་རིག་པའི་དཀྱིལ་འཁོར། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གསུམ་ལས། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ཚུལ་བཞིན་ཤེས་པར་མ་བྱས་ན། ཏིང་འཛིན་རིག་པའི་དཀྱིལ་འཁོར་རྟོགས་པའི་ཐབས་མེད། ཏིང་འཛིན་རིག་པའི་དཀྱིལ་འཁོར་མ་རྟོགས་ན། རང་བཞིན་དབྱིངས་ཀྱི་དཀྱིལ་འཁོར་རྟོགས་པའི་ཐབས་མེད། དེས་ན་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི་ཤིན་ཏུ་གལ་ཆེ་བར་བཤད་དོ། ། ཞེས་དང་། མཁའ་འགྲོ་གསང་མཛོད་ལས། དཀྱིལ་འཁོར་ཚད་ལྡན་འགྲུས་སྙོམས་ལ། །མཁས་པས་ལག་རིས་དོད་པར་བྲིས། །རྡུལ་ཚོན་ཁ་བ་བབ་པ་འདྲ། །རེ་ཁ་གྲི་སོ་བསླང་པ་འདྲ། །ཡ་ཡོ་མ་ཡིན་དྲང་པོ་དང་། །ཚོན་ནི་འཐུག་པ་མ་ཡིན་སྲབ་པའང་མིན། །སྙོམས་ལ་མཛེས་པར་ལེགས་པར་བྲི། །ཞེས་གསུངས་པ་བཞིན། ཐོག་མར་བརྩེག་ཅིང་གཞི་ལ་ངོས་སྙོམས་ཀྱི་ཆག་ཆག་གདབ་སྟེ་ཐིག་གདབ་པ་དང་། ཚོན་བཀྱེ་བ་དང་། ས་བོན་ཡིག་འབྲུ་བཀོད་པ་དང་བཞི་དགོས་པར་བསྟན་པ་བཞིན་རྡུལ་ཚོན་དཀྱིལ་འཁོར་གྱི་དངོས་གཞིའི་སྟ་བོན་ལས་རིམ་གྱི་དབུ་འཛུགས་ཞུས།

དབལ་ཕུར་ནག་པོ་དྲག་པོ་གཏིང་རྫོགས་སྤྱི་དོན་ཉེར་ལྔའི་དཀྱིལ་འཁོར།
དེ་ཡང་རྗེ་མུ་ཐུར་བཙན་པོ་དང་ཁྱུང་པོ་བོན་པོ་གྱེར་ཟླ་མེད་ཀྱིས་གཏེར་སྲུང་དྲུག་ལ་གཏད་དེ་ལྷོ་བྲག་སྤ་གྲོ་ཕུག་གཅལ་དུ་གཏེར་དུ་སྦས་ནས། ས་ཕོ་སྟག་གི་ལོར་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་རྙེད་དེ་རོང་གི་མགར་ནག་འབུམ་ཆུང་ལ་དངོས་གྲུབ་ཏུ་བབ་པ་ལགས་པའི་«དབལ་ཕུར་ནག་པོ་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔའི་གཞུང་»གི་དཀྱིལ་འཁོར་ཐིག་ཚོན་གྱི་གསལ་བྱེད་རྗེ་མཉམ་མེད་པས་མཛད་པའི་ཐིག་རྩ་ལྟར་དང་།
 
ཤེས་རབ་སྨྲ་སེང་རིགས་ལྔའི་དཀྱིལ་འཁོར།
༸རྒྱལ་བ་སྨན་རིའི་ཁྲི་འཛིན་༢༢ པ་སྐུ་མདུན་གནམ་བོན་ཤེས་རབ་དགོངས་རྒྱལ་མཆོག་ལ། ས་སྐྱོང་ཤིང་བྱའི་འབྲུག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་ལྷ་མཆོག་སྨྲ་སེང་དངོས་མཇལ་ཞལ་ལུང་གནང་ཞིང་། རྣམ་འགྱུར་ལྕགས་ཕོ་སྟག་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔར་ཡི་གེར་བཀོད་གནང་བའི་«ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་གཞུང་མ་རིག་མུན་སེལ་»གྱི་དཀྱིལ་འཁོར་ཐིག་ཚོན་འདི་གཉིས་གཞུང་གི་དགོངས་དོན་ཇི་བཞིན་ཚང་ལ་མ་ནོར་གསལ་བར་གདབ་པ་དང་།
   སྔར་སྲོལ་ཕྱག་ལེན་ལྟར་གྱིས་རྡུལ་ཚོན་དཀྱིལ་འཁོར་གྱི་ལས་རིམ་ལེགས་པར་བཞེངས་གྲུབ་པས་བོད་ཀྱི་དགོན་སྡེའི་ཆོ་ག་ཕྱག་ལེན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་འདུག་པས་འདི་བཞིན། བོད་ལུགས་ཀྱི་རྡུལ་ཚོན་ཕྱེ་མ་དང་བལ་པོའི་མགར་མཁན་གྱིས་བཟོས་གནང་བའི་ཟངས་ཀྱི་རེ་ཁ་སོགས་དཀྱིལ་འཁོར་ཐིག་ཚོན་གྱི་རྒྱུ་ཆ་དང་མཉམ་དུ་འདི་ག་ནང་བསྟན་སློབ་གླིང་དུ་འགྲེམ་སྟོན་གྱི་གཟིགས་འབུལ་ཞུས་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
སྒྲུབ་ཕུག་ཚང་བློ་གྲོས་ཉི་མས་དཔལ་གཤེན་བསྟན་རྣམ་རྒྱལ་ཀུན་གྲགས་གླིང་ནས་སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༣ པའི་ཚེས་ ༣༡ ཉིན་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།