པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གསུངས་དོན།

[ཟླ་ཚེས། 2026-03-13 11:17:34][རྩོམ་པ་པོ། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག][རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།][ཀློག་གྲངས། ]

ཟླ3པའི་ཚེས8ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཨུ་ཡོན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་འགོ་བརྗོད་ལ《ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས》ཞེས་པ་གཏམ་བཤད་གནང་བཞིན་པ།
       ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་ཨུ་ཡོན་ཚོས་ཚོགས་ཆེན་ཐོག་ཏུ་གཏམ་བཤད་གནང་བ་རེད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གསུངས་དོན།
       ཨུ་ཡོན་རྣམ་པ་ཚོ། ངའི་གཏམ་བཤད་ཀྱི་ཁ་བྱང་ནི་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་པ་དེ་ཡིན།
       ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུད་འཛིན་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་རྒྱུད་འཛིན་པ་དང་ལག་ལེན་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་རྒྱལ་ཁབ་དར་རྒྱས་བརྟན་ལྷིང་ཡོང་བ་ནི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུད་འཛིན་ཐུབ་པའི་རྩ་བའི་འགན་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་ནི་དད་ལྡན་མང་ཚོགས་དང་ཆོས་དད་མི་བྱེད་པའི་མང་ཚོགས་ཡོངས་ཀྱི་ཐུན་མོང་གི་བདེ་རྩ་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་ཡོད།
       ཉེ་བའི་ལོ་ཤས་ཀྱི་རིང་ལ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི་འགྲོ་ལམ་འཚོལ་ཞིབ་ཧུར་ཐག་བྱས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད། དགོན་སྡེ་དོ་དམ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་དུས་བསྟུན་ཡར་སྐྱེད་བྱུང་བ། གྲྭ་བཙུན་གསོ་སྐྱོང་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་བཅས་ཕྱིན་ཡོད། བོད་བརྒྱུད་ནང་བསྟན་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱུད་འཛིན་ཁྲོད་སྲུང་སྐྱོང་དང་འཕེལ་རྒྱས་ནུས་ལྡན་བྱུང་ཡོད་ལ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ཡོད།
       གྲུབ་འབྲས་ལ་ཁས་ལེན་པ་དང་ཆབས་ཅིག མདུན་དུ་ཡོད་པའི་འགྲན་སློང་ལའང་ངོས་འཛིན་གསལ་པོ་བྱེད་དགོས། གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཇི་ལྟར་བྱས་ནས་དེ་བས་བརྒྱུད་རིམ་ལྡན་པ་དང་དེ་བས་གཏིང་ཟབ་ངང་ཆོས་དོན་དགོངས་འགྲེལ་དང་། ཆོས་ཁྲིད་དང་ཆོས་སྤེལ་གསུམ་དང་སྒྲུབ་པ་ཉམས་ལེན་ཁྲོད་མཉམ་འདྲེས་བྱེད་དགོས་པ་དང་། གཉིས་ནས་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་སྔར་བས་ལེགས་སུ་གཏོང་དགོས་པ། གསུམ་ནས་ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་པ་སོགས་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
       གོང་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་གཞི་འཛིན་ས་ནི། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་བཅས་སློབ་སྦྱོང་དང་། ལག་བསྟར། གོ་བ་གཏིང་ཟབ་ལེན་རྒྱུ་དེ་རེད། བསམ་བློའི་སྣེ་ཁྲིད་དང་། ཁྲིམས་སྐྱོང་ལག་ལེན། རིག་གནས་མཉམ་འདྲེས། སྤྱི་ཚོགས་ཞབས་ཞུ། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཕྱོགས་ལྔ་ནས་མཉམ་དུ་ཤུགས་སྣོན་རྒྱག་དགོས་པ་སྟེ།
       གཅིག་ནས་བསམ་བློའི་སྣེ་ཁྲིད་ལ་ཤུགས་བརྒྱབ་ནས།  རིན་ཐང་གི་རྨང་གཞི་བརྟན་དུ་གཏོང་དགོས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་གཏན་གྱི་ཆོས་ཁྲིད་ཆོས་སྤེལ་ནང་མཉམ་འདྲེས་བྱས་ཏེ“ངོས་འཛིན་ལྔ”ཆོས་ལུགས་ལས་རིགས་ཀྱི་རང་རྟོགས་ངང་དོན་གཉེར་བྱེད་ས་ཞིག་ཏུ་འགྱུར་བར་བྱེད་དགོས།
       གཉིས་ནས་ཁྲིམས་སྐྱོང་ལག་ལེན་གཏིང་ཟབ་བསྟར་ནས།  བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱིས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་སྲུང་དང་། སློབ་སྦྱོང་། བེད་སྤྱོད་བཅས་བྱེད་དགོས་ལ། ཁྲིམས་ལྟར་བྱེད་སྒོ་སྤེལ་བ་དང་། ལས་དོན་ལ་དོ་དམ། འབྲེལ་བ་ཐག་གཅོད་བཅས་བྱེད་དགོས་པ་དང་། སྲིད་གཞུང་ལ་གཞོགས་འདེགས་ཀྱིས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཁྲིམས་སྐྱོང་གི་དགོངས་པ་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་དགོས།
       གསུམ་ནས་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ངོས་འཛིན་ཆེ་རུ་གཏོང་དགོས། ཆོས་ལུགས་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  རང་འགུལ་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བསྟན་དོན་དང་འདུལ་ཁྲིམས་ཁྲོད་སྤྱི་ཚོགས་འཆམ་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེལ་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ། ཆོས་དོན་དང་འདུལ་ཁྲིམས་ཐད་དུ་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་དགོངས་འགྲེལ་བྱེད་དགོས།
       བཞི་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་ནས།  གཞན་ཕན་གྱི་སྙིང་སྟོབས་ལག་ལེན་བསྟར་དགོས། རིག་གནས་རྒྱུད་འཛིན་དང་། ཀུན་སྤྱོད་སློབ་གསོ། ཞན་སྐྱོར་དབུལ་སྐྱོབ། སྤྱི་ཕན་དགེ་སྒྲུབ་སོགས་ཀྱི་ཁྱབ་ཁོངས་སུ་ཆོས་ལུགས་ལས་རིགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས། དད་མོས་ཀྱི་ལག་ལེན་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུ་དང་རང་རྟོགས་ངང་མཉམ་འདྲེས་བྱེད་པར་སྐུལ་མ་གཏོང་དགོས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་པ་ཚོར་སྒྲུབ་པ་ཉམས་ལེན་དང་ལས་གཅེས་ལས་བཀུར་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱེད་དགོས།
       ལྔ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་བརྒྱབ་ནས།  སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པ་བྱེད་དགོས། དེང་རབས་ཀྱི་ཆོས་སྦྱོང་མ་ལག་དང་སྲོལ་རྒྱུན་གྱི་ཉམས་ལེན་གཉིས་མཉམ་འཛིན་ཐུབ་པའི་གྲྭ་བཙུན་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་། ལོ་རྒྱུས་དང་རྒྱལ་ཁབ་ཀྱི་གནས་ཚུལ། བཅའ་ཁྲིམས་ཁྲིམས་སྲོལ། དེང་རབས་ཚན་རིག་ཤེས་བྱ་བཅས་སློབ་སྦྱོང་བྱེད་པར་ཤུགས་བརྒྱབ་སྟེ། རྒྱལ་གཅེས་ཆོས་གཅེས་དང་། དྭངས་གཙང་འཆམ་མཐུན། དད་སྦྱོར་ཡང་དག་བཅས་ཀྱི་བྱང་ཚད་མཐོ་བའི་དུས་རབས་གསར་པའི་གྲྭ་བཙུན་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།
       ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འདི་ཉིད་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་ཏུ་སླེབས་ཡོད་ཅིང་། དེས་ཆོས་ལུགས་ཁག་སྐྱོན་བྲལ་ངང་རྒྱུད་འཛིན་ཐུབ་པར་སྔར་བྱུང་མྱོང་མེད་པའི་གར་སྟེགས་ཆེན་པོ་ཤིག་མཁོ་འདོན་བྱས་པར་མ་ཟད། ཆོས་ལུགས་ལས་རིགས་ལ་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཞིག་ཀྱང་དཀྲིས་ཡོད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས“རྒྱལ་ཁབ་ཀྱི་དྲིན་གཟོ་བ་དང་འགྲོ་བ་ཐམས་ཅད་བདེ་བར་འགོད་པའི”བརྩེ་སེམས་ཟབ་མོར་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དེ་བས་རང་རྟོགས་ངང་ཞུགས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་འགྱུར་མེད་ཀྱི་ལག་ལེན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་པ་རྣམ་དག་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་པ་ཧུར་ཐག་བཅས་སུ་འགྱུར་བར་བརྩོན་ལེན་བྱེད་དགོས། ང་ཚོས་དེ་བས་རང་རྟོགས་ངང་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བློ་སེམས་གཅིག་མཐུན་དང་འབད་འབུངས་ཡར་བརྩོན་བྱས་ནས། མེས་རྒྱལ་གྱི་དར་རྒྱས་བརྟན་ལྷིང་ཆེད་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་ཆོས་སྒྲ་སྒྲོག་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།