མེ་མོ་ཡོངས་དབེན་སྨིན་གྲོལ་གླིང་གི་སྐབས་བརྒྱད་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2026-02-24 08:55:26][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དེ་ཡང་བོད་རབ་རྒྱན་མེ་རྟ་ལོའི་ཚེས༥དང་སྤྱི་ལོ༢༠༢༦.༢.༢༢ ཉིན།མཉམ་མེད་དུས་ཆེན་དང་སྐབས་བརྒྱད་པའི་སྒྲུབ་ཐོན་མཛད་སྒོའི་གནས་ཚུལ་ལ། ཉིན་དེའི་ཞོགས་པའི་ཆུ་ཚོད ༧.༠༠པའི་ཐོག་བཞེངས་དུང་གསུམ་པའི་སྐབས། འདུས་སྡེ་ཡོངས་ཚོགས་ཏུ་ཕེབས་ཅིང་བདེར་གཤེགས་སྟོང་མཚན་ཕྱོགས་གཅིག་གསུངས་ནས། ཞོགས་ཇ་གསོལ་བ་དང་སྔར་བཞིན་སྟོང་མཚན་ཕྱོགས་གཅིག་གསུངས་ནས་འཚོགས་ལས་གྲོལ་ཏེ། རང་དགོན་བསྟན་པའི་བདག་པོ་སྨན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་རྒྱ་གླིང་དང་དྲི་བཟང་གིས་ཚོགས་ཁང་དུ་གདན་དྲངས་ནས། ཐེངས་འདིའི་སྒྲུབ་ཐོན་རྣམ་པ་བདུན་དང་དགེ་འདུན་ཡོངས་ཀྱིས་མནྜལ་སྐུ་གསུང་ཐུགས་རྟེན་གྱི་བརྟན་བཞུགས་ཕུལ།

  ཆུ་ཚོད་༡༡.༠༠ཐོག་བླ་གྲྭ་ཡོངས་སེར་ཕྲེང་ཕེབས་ཅིང་མཉམ་མེད་ཆེན་པོའི་ཐང་སྐུའི་མདུན་དུ་མཇལ་དར་ཕུལ་ཏེ། ཞབས་བསྐོར་གསུམ་ཕེབས་ཅིང་ཚོགས་ཁང་མདུན་དུ་གཤེན་རབ་མཆོད་རྔ་བརྡུང་བར། ལྷ་ཁང་གི་མཐོན་དུ་ཐང་དཀར་གྱིས་ལྡིང་བསྐོར་གསུམ་བྱས་པ་སོགས་རྟེན་འབྲེལ་བཟང་པོ་འགྲིགས། དེ་ནས་བླ་མ་གྲྭ་བཙུན་ཡོངས་ཚོགས་ཁང་དུ་ཕེབས་ནས་ཚོགས་འདོན་བྱམས་མའི་སྔགས་བསྟོད་དང་། སྟག་ལའི་བཅུད་དྲིལ། བར་ཆོད་ལམ་སེལ། ཇ་མཆོད་སྐྱབས་མཆོག་དམ་པ་དབྱངས་སུ་གྱེར་ནས་འཚོགས་ཇ་གསོལ།

  དེ་མཚམས་བླ་མ་མཆོག་ནས་ཐེངས་འདིའི་སྒྲུབ་ཐོན་རིན་ཆེན་བདུན་གྱི་གྲངས་ཏེ་ཁྲོ་རུ་བཟའ་ཚུལ་ཁྲིམས་བྱམས་མ་དང་། ཤེལ་སྐུ་མཁའ་འགྱིང་དཀར་མོ། རག་ཤི་སྦྱིན་པ་བྱམས་མ། མགར་སྙིང་རྗེ་བྱམས་མ། བོ་རྩ་ཚུལ་ཁྲིམས་དཔལ་མོ། སྣང་ཞིག་ནམ་མཁའ་སྒྲོན་གསལ། ཁྱི་ཕོ་བྱང་ཆུབ་སྒྲོན་མ་བཅས་ལ་ཕྱག་འཁྱེར་དང་མགུལ་དར་གནང་ཤིང་།སྒྲུབ་ཐོན་རྣམ་པའི་ནང་མི་སྦྱིན་བདག་དྲི་མེད་ནོར་བུ་ཚང་དང་། ནོར་བཟང་། ཡེ་ཤེས་དབང་པོ། བཀྲ་ཤིས་སྲི་ཐར། ཚེ་རིང་ལྷ་དབང་། བསྟན་པ་རྣམ་རྒྱལ། གཡུང་དྲུང་སྐྱབས་བཅས་ཀྱིས་སྐུ་འགྱེད་མང་ཇ་ཕུལ་བ་དང་། སྒྲུབ་ཐོན་རྣལ་འབྱོར་པ་རྣམས་ཁྲི་གསོལ་མཛད་སྟེ་བཀྲ་ཤིས་སྨོན་ཚིག་བཅས་སྔ་དྲོའི་མཛད་རིམ་མཇུག་ཡོངས་སུ་གྲུབ་པའོ།།

  ཕྱི་དྲོ་ཆུ་ཚོད ༢.༣༠དུང་ཚིག་གསུམ་པའི་ཐོག་གྲྭ་བཙུན་བཅུ་ཚོ་ལྔ་ལྷག་ཡོངས་ཚོགས་ཁང་དུ་འཚོགས་ཏེ་རྒྱལ་བ་སྨན་རིའི་བཅའ་ཡིག་གསེར་གྱི་ཐིག་ཤིང་བསྒྲགས། ཕྱི་དྲོའི་ཇ་ཚར་ནས་སྟོང་མཚན་ཕྱོགས་གཅིག་དང་བཀའ་སྐྱོང་བཅས་ཐོན་མཚམས། བསྟོད་པ་རྣམ་རྒྱལ་ཁང་མྱ་ངན་སྐད་ཀྱིས་དལ་བུར་དབྱངས་སུ་གྱེར་ཞིང་། སྨོན་ལམ་རྣམ་གསུམ་གྱིས་རྒྱས་གདབ་པ་བཅས་ཐེངས་འདིའི་མཛད་སྒོ་བདེ་བླག་ངང་ཡོངས་སུ་གྲུབ་བོ།།

ཅེས་སྦྲ་ཆེན་མེ་མོའི་དགེ་བཤེས་བསྟན་འཛིན་དབང་རྒྱལ་ནས། 2026/23

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།