སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ་སྒྲིག་ཞུའི་ཚོགས་འདུའི་གནས་ཚུལ།

[ཟླ་ཚེས། 2025-04-30 14:52:03][རྩོམ་པ་པོ། དྲུང་ཡིག་ཚན་ཁག །][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ། 
ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་སྒྲིག་ཞུའི་ཚོགས་འདུ་འཚོགས་པ།
   བོད་རབ་རྒྱན་ཤིང་སྦྲུལ་ལོ་སྟེ། སྤྱི་ལོ་༢༠༢༥ལོའི་ཟླ་བ་༤པའི་ཚེས་༢༥ཉིན་ནས་ཚེས་༢༧བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་དགོངས་དོན་ཟབ་མོ་ལྟར་གྱི། རིག་གནས་དགོངས་པ་ལག་ལེན་མཐར་ཕྱིན་དང་སློབ་སྦྱོང་ནན་མོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་ལག་ལེན་དུ་བསྟར་བ་གཞིར་བྱས། ད་དུང་སྤྱི་ལོ་༢༠༢༢ལོའི་ཟླ་བ༥ཚེས༢༧ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དགུ་པའི་ཐོག་ཏུ། རིག་དངོས་དང་རིག་གནས་ཤུལ་བཞག་དེ་བས་མང་བ་གསོན་ཐུབ་པ་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཟབ་མོ་ཞིག་གཏོད་དགོས། ཞེས་པའི་གསུང་དོན་དང་།

   དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་ལགས་2019.7.15ཉིན་སོག་པོ་ལ་ཕེབས་སྐབས་སུའང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་ལ་མཐོང་ཆེན་བྱེད་དགོས། ཞེས་རྒྱལ་ཁབ་རིམ་པ་ནས་རིག་དངོས་དང་རིག་གནས་ཤུལ་བཞག་སོགས་གསོན་ཐུབ་པ་ལ་རིག་དངོས་དང་རིག་གནས་ཀྱི་དཔེ་ཆ་མང་པོ་འཚོལ་བསྡུ་བགྱིས་ནས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱེད་དགོས་པ། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་སྲུང་སྐྱོང་དང་མཐོང་ཆེན་བྱ་བ་བཅས་ཀྱི་རྩ་དོན་ལ་དམིགས་ཏེ། 
   གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གསུམ་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོ། ལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའི་རྒྱལ་ཁབ་གཙོ་གནད་དཔེ་སྐྲུན་རིགས་ཀྱི་དཔེ་སྐྲུན་འཆར་འགོད་ཀྱི་ཁ་སྣོན་རྣམ་གྲངས《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་》སྒྲིག་ཞུའི་ཚོགས་འདུ་འཚོགས།  ཚོགས་ཐོག་ཏུ་༧ཚོགས་གཙོ་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་གཙོས་པའི་གཡུང་དྲུང་བོན་གྱི་བླ་སྤྲུལ་མཁན་པོ་བཤེས་གཉེན་རྣམ་པ་དང་། དེ་བཞིན་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་》སྒྲིག་ཞུ་བ་སོགས་བཅས་མི་སྣ་འཇོན་ནུས་ཅན་༥༠ཡས་མས་ཤིག་འཚོགས་པ་དང་། ཚོགས་འདུའི་གྲོས་གཞི་ཡང་། 《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་》ལས་དོན་དང་འབྲེལ་ཏེ་དོན་ཚན་གཙོ་གནད་བརྒྱད་ཀྱི་སྐོར་ནས་ཚོགས་ཞུགས་པ་ཡོངས་ཀྱིས་བསམ་འཆར་བསྡུ་ལེན་གྱིས་རང་རང་སོ་སོའི་དགོངས་འཆར་བརྗེ་རེས་གང་ཡོད་གསུངས་ཏེ། མ་འོངས་པར་བཀའ་བརྟེན་ཆེན་མོའི་ལས་དོན་བཀོད་སྒྲིག་དང་འཆར་གཞི་སོགས་གནང་།
     ཚེས་༢༥ཉིན་ཚོགས་ཞུགས་པ་རྣམས་འབྱོར་ཐོ་བཀོད་པ། དེ་ནས་ཚེས་༢༦དང་ཚེས་༢༧ཉིན་གཉིས་རིང་ལ། དང་པོ་རྒྱུན་ལས་ཚོགས་གཙོ་སྐུ་གཞོན་མཁན་པོ་ཤེས་རབ་གཡུང་དྲུང་དབང་རྒྱལ་གྱིས་མདོ་འཛིན་གནང་བ་དང་། ཚོགས་གཙོ་ཆེན་མོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་ནས་སྔར་སོང་གི་ལས་དོན་ཕྱོགས་བསྡོམས་དང་མ་འོངས་པའི་ལས་དོན་འཆར་གཞིའི་སྐོར་ལ་གསུང་བཤད་གནང་། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་སྒྲིག་ཞུའི་ཚན་གཙོ་སེང་སྤྲུལ་རིག་འཛིན་ཉི་མ་ནས་བཀའ་བརྟེན་ཆེན་མོའི་དཀར་ཆག་ཕྱོགས་བསྡུས་དང་གཞུང་ཚན་རིགས་དབྱེ་སོགས་ཀྱི་ཐད་ནས་གསུང་བཤད་གནང་། དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་ནས། ༢༠༢༣ལོ་ནས་༢༠༢༥ལོའི་ལོ་སྟོད་བར་གྱི་གཞུང་ལས་ཁང་གི་ལས་དོན་སྐོར་སྙན་ཞུ་ཕུལ་བ་དང་། ཁྱད་པར་དུ་བཀའ་བརྟེན་སྐོར་གྱི་དཔེ་རྙིང་པོད་གྲངས་༢༥༠༠ལྷག་གི་དཀར་ཆག་རིགས་ཐོ་འགོད་གནང་ཚུལ་དང་། བསྐྱར་བཤེར་གནང་ཚུལ་སོགས་ཀྱི་ཐད་ནས་སྙན་ཞུ་ཕུལ། དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་ནས་ཡོང་སྒོ་དང་འགྲོ་གྲོན་སོགས་ཀྱི་ཐད་ནས་སྙན་ཞུ་ཕུལ།
   དེ་ནས་ཚན་གཙོ་སེང་སྤྲུལ་རིག་འཛིན་ཉི་མས་མདོ་འཛིན་གནང་སྟེ། མཚན་འཛིན་ཚོགས་གཙོ་རྣམ་པ་དང་བློ་འདྲི་རྣམ་པ་བཅས་ནས་རིམ་བཞིན་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ་དང་འབྲེལ་ཏེ་བཀའ་སློབ་སོགས་གཟབ་རྒྱས་གནང་།  
དེ་ནས་དྲུང་ཡིག་ཆེན་མོ་གཞོན་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་དང་དྲུང་ཡིག་པ་ལྷ་བུ་བློ་བཟང་། ཨ་དཔལ་བཟང་རྣམ་པ་གསུམ་གྱིས་མདོ་འཛིན་གནང་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་སྒྲིག་ཞུའི་ཚོགས་འདུའི་གྲོས་གཞི་བརྒྱད་གཞིར་བཟུང་སྟེ། ཚོགས་གཙོ་སྐུ་གཞོན་རྣམ་པ་དང་། དྲུང་ཡིག་པ་རྣམ་པ། སྒྲིག་ཞུ་གཏན་འབེབས་མི་སྣ་བཅས་ནས་གྲོས་གཞིའི་ཆོད་དོན་ཚོགས་འདུ་འཚོགས་ནས་ཐེངས་འདིའི་གྲོས་གཞི་ཆ་ཚང་གཏན་འབེབས་བྱས།
མཐར་དྲུང་ཡིག་ཆེན་མོ་རིན་སྤུངས་ཚུལ་བསྟན་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ་དང་འབྲེལ་བའི་གྲོས་ཆོད་དམ་ཐེངས་འདིའི་ཚོགས་འདུའི་གྲོས་ཆོད་དོན་ཚན་བརྒྱད་ཁྱབ་བསྒྲགས་བགྱིས། 
བོད་ལྗོངས་ཁྲི་སྡེ་སྟོང་གཞུང་ཚན་ཞིབ་གསར་གཏོད་ཚན་རྩལ་ཚད་ཡོད་ཀུང་སིས་མཐུན་རྐྱེན་རོགས་སྒྲུབ་ཞུས་ཏེ་ད་ཐེངས་ཀྱི་ཚོགས་འདུ་འདི་འཚོགས་ཐུབ་པར་བྱུང་བར་བརྟེན། ཀུང་སི་དེའི་སྤྱི་ཁྱབ་འགན་འཛིན་པ་ཡོན་བདག་སྦྲ་ཆེན་དཔལ་སྐྱིད་ལ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོའི་སྒྲིག་ཞུ་དཔེ་བསྡུར་ཁང་གཉིས་ནས་བཀའ་དྲིན་ལེགས་གསོལ་གྱི་དྲན་རྟེན་གནང་། དེ་ནས་ཚོགས་གཙོ་༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གལ་ཆེན་གནང་། དེ་ནས་ཚོགས་ཞུགས་པ་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་མཇུག་ལེགས་པར་སྒྲིལ་བ་བཅས་གནས་ཚུལ་མདོ་ཙམ་མོ། །
གནས་ཚུལ་འབྲི་མཁན། ས་ཁའི་བློ་ལྡན། པར་ལེན་པ། དགེ་བཤེས་ཁ་དྲག་བཙན་དབང་། གདོང་བསམ་འགྲུབ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།