ཟླ་འདིའི་བོད་རྩིས་ཚེས་བཅུ་གཉིས་དང་། སྤྱི་རྩིས་༡༡ མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར་བའི་ཉིན་མོར། མཁན་པོ་གདོང་བཙུན་རྒྱ་ཐར་མཆོག་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་གསེར་ཁྲི་རྣམ་གསུམ་གྱི་ནང་ཚན་ཚོགས་ཆེན་ཁྲི་རིན་པོ་ཆེའི་ཁྲི་ལ་མངའ་གསོལ་མཛད་སྒོ་སྤེལ། ཉིན་དེའི་ཞོགས་ཀའི་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཐོག་སྣང་ཞིག་དགོན་གྱི་མཐོ་རིམ་འཛིན་གྲྭ་ཚང་མས་ཚོགས་ཆེན་ཁྲི་བ་ཚང་བཞུགས་ཤག་ནས་སེར་ཕྲེང་གིས་བསུ་མ་བཅས་ཚོགས་ཆེན་འདུ་ཁང་དུ་གདན་དྲངས་ཤིང་། ་ཁྲི་བཞེངས་མཛད་སྒོ་ལ་དགོན་པའི་བླ་གྲྭ་ལས་སྣེ་ཆེ་ཆུང་རྣམས་དང་། གྲྭ་མང་སྟོང་ཕྲག་ལ་ཉེ་བས་དགོན་སྡེ་ཆེན་པོའི་སྔ་སྲོལ་བཞིན་བླ་མའི་མཆོད་པ་དང་། དགའ་སྟོན་གཡང་འབོད་སོགས་གསུང་བཞིན་་ཁྲི་བཞེངས་མཛད་སྒོ་སྤེལ་ཞིང་ཚོགས་ཆེན་ཁྲི་པ་ཚང་ལ་ཁ་དར་རིམ་པས་ཕུལ་བ་དང་། དེ་བཞིན་དུ་རྔ་ཡུལ་རྟོགས་ལྡན་་དགོན་དང་། གཤེན་ཟ་ནེའུ་ཆུང་གླིང་། ཀིརྟི་དགོན། ཇོ་ནང་བསེ་དགོན་བ་། རྔ་སྨད་ས་སྒང་དགོན་སོགས་ཉེ་འཁོར་གྱི་དགོན་ཁག་དུ་མ་ནས་ཕེབས་པའི་སྐུ་མགྲོན་མང་པོ་དང་། མི་དམངས་བརྒྱ་ཕྲག་དུ་མས་ཚོགས་ཆེན་ཁྲི་རིན་པོ་ཆེར་བཀྲ་ཤིས་པའི་ལྷ་དར་ཕུལ་བ་དང་། ཉིན་དེར་ས་གནས་རྔ་བ་གཙོ་བོ་ཡིན་པའི་་དད་ལྡན་དུ་མས་སྐུ་གསུང་ཐུགས་རྟེན་ལ་སོགས་འདེགས་འབུལ་ཞུས་ཏེ། ཚོགས་ཆེན་ཁྲི་རིན་པོའི་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་བཏབས། ཉིན་དེར་མགོ་ནག་བོད་པ་རྟེན་འབྲེལ་གྱི་རང་བཞིན་ཟེར་བ་ལྟར། ནམ་མཁའ་ནས་འཇའ་ཚོན་བཀྲ་ཞིང་བར་སྣང་ནས་གཡུ་འབྲུག་གྲགས་པ། ཉི་གུར་ཕུབ་པ་སོགས་ཀྱི་རྟེན་འབྲེལ་དགེ་བའི་མཚན་མ་མང་དུ་བྱུང་། གདོང་བཙུན་རྒྱ་ཐར་ལགས་ནི་ད་ལྟ་ཉག་རོང་རྒྱ་ཞིག་དགོན་པའི་མཁན་པོ་དང་། རྔ་བ་སྣང་ཞིག་དགོན་པའི་ཁྲི་པ་ཡིན། ་ལ། ཁོང་ནི་ཆུང་ནས་བཟུང་བསླབ་པ་སློབ་གཉེར་དང་འཆད་རྩོམ་གསུམ་གྱི་སྒོ་རུ་ཞུགས་ཏེ། རྩོམ་པ་པོ་དང་། དྲུང་ཡིག་ཆེན་མོ། དགེ་བཤེས་དང་། མཁན་པོ་ཁྲི་བའི་མཚན་སྙན་དངོས་སུ་བཞེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཡོངས་ལ་གྲགས་པ་ལྟར་ལགས་སོ།།
གནས་གསར་ཉུང་བསྡུས་འདི་གྲོགས་ཀྱི་ཐུ་བོ་གདོང་བཙུན་བཀྲ་བསྟན་གྱིས་སྤྲོ་བ་ཆེན་པོའི་སྒོ་ནས་བྲིས་པའོ།།