རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས།

[ཟླ་ཚེས། 2024-04-19 16:28:53][རྩོམ་པ་པོ། ཝང་ཅུན་ཀྲེང་།][རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་།][ཀློག་གྲངས། ]

  ཟླ་4ཚེས་9ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་ཁར། ཆོས་ལུགས་ལས་དོན་དོ་དམ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། 
 ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བཅའ་ཁྲིམས་དང་སྒྲིག་སྲོལ་ལ་གཞིགས་པ་མ་ཟད་ཏན་ཏིག་དང་ཞིབ་ཚགས་ཀྱི་སྒོ་ནས་རང་ལྗོངས་ཀྱི་ཆོས་ལུགས་ཀྱི་དོ་དམ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དེ་ཡང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཡང་དག་པའི་ཁ་ཕྱོགས་ལ་དམ་འཛིན་ནན་པོ་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་སྤེལ་བ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ཧུར་ཐག་ངང་འགོག་སེལ་བྱས་ནས་མཐའ་ཚད་འཛིན་སེམས་མཐའ་འཁྱོངས་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ལས་ཀའི་འཇོན་ཐང་ཆེར་གཏོང་བཅས་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་བཀོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་གསལ་འགྲེལ་ལས་དོན་གཏིང་ཟབ་སྤེལ་བ་དང་། མི་སེར་གྱིས་གོ་ཐུབ་པ་དང་ངེས་ཐུབ་པའི་སྐད་ཆའི་ཐོག་ནས་གསེར་བུམ་དཀྲུགས་དོན་སོགས་ལོ་རྒྱུས་ཀྱི་ངེས་སྲོལ་དང་ཆོས་ལུགས་ཀྱི་ཆོ་གའི་སྐོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བོད་བརྒྱུད་ནང་བསྟན་ཁྲོད་ཁྱབ་པ་བཅས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རྒྱ་ཆེ་རུ་བཏང་ནས་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ་དང་། གྲྭ་བཙུན་གྱི་རང་ངོས་སློབ་གསོར་ཤུགས་སྣོན་རྒྱག་པ། དཔེ་མཚོན་འདེམས་གཏོད་ཧུར་ཐག་དང་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་དགོས། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། དད་ལྡན་མང་ཚོགས་ལ་དུས་ཚོད་དང་སེམས་ནུས་སྔར་བས་མང་བ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ལེགས་གཏོང་། ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་ཐད་སྤྱོད་པར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་སུ་འཇུག་དགོས། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བ་བརྟན་གཏོང་བཅས་བྱས་ནས་ཆོས་ལུགས་ལས་དོན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཁྱབ་པར་སྐུལ་འདེད་གཏོང་བ། “མང་དུ་མི་གཏོང་བ་གསུམ”གྱི་མཐའ་ཚད་ནན་སྲུང་བཅས་བྱས་ཏེ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཆོས་ལུགས་ལས་དོན་གྱི“དཔུང་ཁག་གསུམ”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། བསྐོ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ཏང་དབར་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།