​​​​​​​གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་གསལ་བསྒྲགས།

[ཟླ་ཚེས། 2024-04-05 14:26:38][རྩོམ་པ་པོ། གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་གསལ་བསྒྲགས།

  སྲིད་པའི་སྣོད་བཅུད་ཀྱི་ཞིང་བཀོད་རྣམ་པར་མཛེས་ཤིང་། འཛམ་གླིང་མཁའ་དབྱིངས་ནས་འོད་སྣང་རབ་ཏུ་འཚེར་བའི་གནས་མཆོག་སྤུ་རྒྱལ་གངས་དཀར་ཞེས་ངོ་མཚར་དགེ་མཚན་གྱི་དཔལ་ཡོན་བྱེ་བས་བརྒྱན་པའི་སྲིད་པའི་བླ་རི་འདི་ཡི་ལོ་རྒྱུས་དང་དགེ་མཚན་གྱི་རྣམ་པ་རེ་རེ་གང་དག་དབང་པོའི་སྤྱོད་ཡུལ་དུ་གྱུར་དང་འགྱུར་བཞིན་ལགས། མཁྱེན་གསལ་ལྟར། སྲིད་པའི་ལོ་རྒྱུས་ལ་ཕྱིར་མིག་གཅིག་བལྟས་ན། གནས་ཆེན་སྤུ་རྒྱལ་གངས་དཀར་ནི། བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཞང་ཞུང་འོལ་མོ་ལུང་རིང་ནས་བོད་དུ་ཞབས་ཀྱིས་བཅག་སྐབས་བྱིན་གྱིས་བརླབས་ཏེ་མ་འོངས་འགྲོ་འདྲེན་གྱི་རྟེན་དུ་ཐུགས་སྤྲུལ་བོན་རི་ཆེན་མོ་དང་དེའི་ཕྱོགས་བཞིའི་གནས་ཆེན་བཞི་རུ་བྱིན་གྱིས་བརླབས་པའི་ཡ་གྱལ་དང་། དེ་བཞིན། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་མི་འགྱུར་བའི་རྟེན་འབྲེལ་བརྡ་མཚོན་དུ་གྱུར་པ་དབྱར་ལ་མི་ཞུ་དགུན་ལ་མི་འཁྱག་པའི་གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་ལམ་ལམ་འཕྲོ་བའི་གནས་མཆོག་གངས་དཀར་ཏི་སེ་གཙོས་པའི་གངས་ཅན་རི་བོ་ཆེ་བདུན་གྱི་ཡ་གྱལ་དུ་གྱུར་ཡོད། ལྷག་པར་དུ། བོད་རྒྱལ་གྲི་གུམ་དང་ཁྲི་སྲོང་གི་དུས་སྐབས་སོགས་དུས་རབས་རིམ་བྱུང་གི་བོན་བསྟན་དར་ནུབ་ཀྱི་གཉན་འཕྲང་ཇི་སྙེད་ཁྲོད་བསྟན་པ་དང་རིག་གཞུང་མྱུར་སྐྱོབས་ཀྱི་ལས་འགུལ་ཟམ་མ་ཆད་པར་སྤེལ་སའི་ཟབ་གཏེར་གྱི་གནས་མཆོག་ཅིག་ཏུ་གྱུར་མྱོང་བ་སོགས་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཚང་ཁག་ལས་གསལ་བར་མཆིས་པས་སོམ་ཉི་དང་བྲལ། དེ་བཞིན་རིག་འཛིན་དམུ་གཤེན་སྣང་བ་མདོག་ཅན་དང་། མཁས་པ་མི་བཞི། དྲན་པ་ནམ་མཁའ། སུམ་པ་མུ་སྤུངས་གསལ་ཏང་སོགས་སྐྱེས་མཆོག་མཁས་གྲུབ་གྲངས་མེད་ཀྱིས་གནའ་ནས་ད་ལྟའི་བར་འཆད་ཉན་སྒོམ་སྒྲུབ་ཀྱི་མཛད་ཕྲིན་རབ་ཏུ་བསྐྱངས་པས་རིན་བྲལ་གྱི་ལོ་རྒྱུས་གནའ་ཤུལ་དང་། ངོ་མཚར་གྱི་བཀའ་རྟགས་ཞབས་རྗེས་གྲངས་མེད་ཅིག་ཀྱང་ད་ལྟ་ང་ཚོའི་མིག་ལམ་དུ་འཚེར་ནས་ཡོད། གནས་མཆོག་འདིའི་ཕྱོགས་མཚམས་མེད་པར་སྲིད་པའི་གངས་འཁྱག་གི་འདབ་མས་ཡོངས་སུ་གཏམས་ཤིང་། གནས་ཀྱི་ཁོར་ར་ཁོར་ཡུག་ཀུན་ཏུ་ལྗང་མདོག་གི་རི་ཀླུང་ཐང་གསུམ། མཛེས་སྡུག་གི་མཚོ་དང་མཚེའུ། དྭངས་གཙང་གི་ཆུ་བོ་དང་ཆུ་ཕྲན། སྣེ་མང་རིན་བྲལ་གྱི་གཏེར་ཁ། རྩ་ཆེའི་རི་སྐྱེས་སྲོག་ཆགས་སོགས་རང་བྱུང་གི་སྐྱེ་དངོས་ཕུན་སུམ་ཚོགས་ཤིང་འདི་ཕྱི་གཉིས་ཀྱི་ཕན་བདེའི་དཔལ་ཡོན་ཇི་སྙེད་ཅིག་ས་མཐོའི་གནས་མཆོག་འདི་ནས་འཕྲོས་དང་འཕྲོ་བཞིན་མཆིས།

  འདིར་སྐབས་སུ་གླེང་བར་བྱ་བ་ལ། འཛམ་གླིང་གི་གནས་མཆོག་གཞན་རྣམས་དང་འདྲ་བར་གནས་མཆོག་སྤུ་རྒྱལ་གངས་དཀར་འདི་ཉིད་ལ་གནས་ཀྱི་དུས་ཆེན་ཞིག་ངོས་འཛིན་བྱ་རྒྱུར་ཤིན་ཏུ་ནས་གལ་ཆེ་བར་སྨྲོས་ཅི་དགོས། དེ་ལྟ་བུའི་དགོས་པའི་སྒོ་དུ་མར་དམིགས་ཏེ། གནས་མཆོག་སྤུ་རྒྱལ་གངས་དཀར་གྱི་འདབས་རོལ་དུ་སྐུ་འཁྲུངས་ཤིང་གནས་མཆོག་འདིར་སྐུ་ཚེ་ཧྲིལ་པོར་ཚེ་དང་སྒྲུབ་པ་མཉམ་སྐྱེལ་མཛད་པའི་སྐྱེས་མཆོག་ཁྱད་པར་ཅན་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ༧དཔལ་ཅོང་རི་བ་གཡུང་དྲུང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་བླ་སྤྲུལ་དང་མི་སྣ་དུ་མ་ཞིག་གིས་གནས་མཆོག་སྤུ་རྒྱལ་གངས་དཀར་གྱི་གནས་ཀྱི་དུས་ཆེན་ཞིག་གཏན་འབེབ་མཛད་རྒྱུའི་ཐད་ནས་སྐྱབས་འཇུག་ཐེངས་མང་ཞུས་དོན་ལྟར། རིན་པོ་ཆེ་མཆོག་གིས་ཀྱང་དགོས་པའི་སྒོ་དུ་མར་གཟིགས་ཏེ། «གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་་གནས་ཀྱི་དུས་ཆེན་དང་ཕན་ཡོན་ངོ་སྤྲོད་མདོར་བསྡུས»ཞེས་པའི་རྩ་ཆེའི་གསུང་རྩོམ་ཞིག་མཛད་དེ་གནས་ཀྱི་དུས་ཆེན་གཏན་འབེབས་མཛད་པ་མ་ཟད། དེ་ཉིད་ལོ་སྐོར་བཅུ་གཉིས་ལས་འབྲུག་གི་ལོ་ཡིན་པ་ལུང་རིགས་གཉིས་ལྡན་གྱིས་བསྒྲུབས་པར་མཛད་ཡོད། འོན་ཏེ་ཡིད་སྐྱོ་བ་ཞིག་ལ་རིན་པོ་ཆེ་མཆོག་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་དགོངས་པ་བོན་དབྱིངས་སུ་ཐིམ་ཚུལ་བསྟན་པས་གང་ཉིད་སྐུ་འཚོ་བཞུགས་སྐབས་ཡོངས་བསྒྲགས་བྱུང་མེད། དེ་བརྟེན་ད་ལོར་དངོས་སུ་གནམ་ལོ་འབྲུག་གི་ལོར་ཚེས་པ་དང་དུས་མཚུངས་སུ་རིན་པོ་ཆེའི་གདན་ས་ཅོང་རི་བྱ་དུར་གཡུང་དྲུང་གླིང་དང་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ལྷན་ཚོགས་ཐུན་མོང་གྲོས་མོལ་གནང་བ་བརྒྱུད་དངོས་སུ་ཡོངས་བསྒྲགས་བྱ་རྒྱུ་གཏན་ཁེལ་བྱུང་། དེ་བཞིན། རིན་པོས་ཆེས་མཛད་པའི་གནས་ཀྱི་དུས་ཆེན་སྐོར་གྱི་གསུང་རྩོམ་ཕྱག་བྲིས་ཕྱག་བསྟར་མ་དེ་ཉིད་ད་ལྟར་དངོས་སུ་ཅོང་རིའི་བླ་བྲང་དུ་བཞུགས་ཡོད་པས་མི་རིང་བར་དཔར་བསྐྲུན་འགྲེམ་སྤེལ་ཞུ་འཆར་ཡོད། འདི་ལྟར་ཕྱོགས་གཉིས་གྲོས་མོལ་གྱིས་ཡོངས་བསྒྲགས་བྱ་རྒྱུའི་དམིགས་ཡུལ་ནི། གཅིག་ནས་གཡུང་དྲུང་བོན་གྱི་དད་ལྡན་ལྷ་སྡེ་ཡོངས་དང་ཁྱད་པར་གནས་མཆོག་འདིའི་ཉེ་སྐོར་གྱི་དགོན་སྡེ་རི་ཁྲོད་རྣམས་དང་ཕྱོགས་ཀྱི་དད་ལྡན་ཐུན་མོང་ནས་གཅིག་གྱུར་གྱིས་ཁས་ལེན་དང་རྩི་སྲུང་ཐུབ་ཆེད་ཡིན། དེར་བརྟེན་སྤྱིར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། སྒོས་སུ་གནས་རི་འདིའི་ཕན་བདེའི་དཔལ་ཡོན་མ་ལུས་པ་སྔར་ལས་དར་རྒྱས་ཡོང་ཆེད་གཡུང་དྲུང་བོན་གྱི་རྣམ་དཀར་གྱི་དད་ལྡན་རྣམས་དང་ཁྱད་པར་དུ་གནས་ཀྱི་ཕྱོགས་མཚམས་ཀུན་ཏུ་གནས་པའི་དགོན་སྡེ་རི་ཁྲོད་དང་དད་ལྡན་ལྷ་སྡེ་ཡོངས་ཀྱིས་ལོ་སྐོར་བཅུ་གཉིས་ལས་གནམ་ལོ་འབྲུག་གི་ལོ་ནམ་ཚེས་དང་། ཁྱད་པར་ལོ་འདིར་དུས་ཆེན་རྩི་སྲུང་ཆེད་སྔར་ལས་ལྷག་པའི་ཕྱག་དང་སྐོར་བ། མཆོད་འབུལ་དགེ་རྩ། ཁོར་ཡུག་སྲུང་སྐྱོབས་སོགས་རྣམ་དཀར་གྱི་དགེ་བའི་བྱ་བ་མང་ཙམ་བགྱི་ནས་གནས་ཀྱི་དུས་ཆེན་རྩི་སྲུང་གནང་རྒྱུའི་ཐུགས་སྐུལ་གསོལ་བ་འདེབས་པ་ལགས་སོ། །

སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ལྷན་ཚོགས་དང་ཅོང་རི་བྱ་དུར་གཡུང་དྲུང་གླིང་ཐུན་མོང་ནས་ཕུལ།

བོད་རབ་མཛོད་ཤིང་འབྲུག་ལོ་སྤྱི་ལོ༢༠༢༤ལོའི་ཟླ་བ༤ཚེས༢༦ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།