ཟུང་ཆུའི་གཤེན་རྩིས་ལོ་ཐོ་འགྲེམ་སྤེལ་མཛད་སྒོ་གནད་བསྡུས།

[ཟླ་ཚེས། 2024-01-10 16:35:28][རྩོམ་པ་པོ། དགེ་བཤེས་རྒྱལ་ཤེར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


རྒྱལ་བའི་དཀྱིལ་འཁོར་སངས་རྒྱས་དགོངས་པའི་ཀློང་།།
འགྲོ་ལ་བརྩེ་བའི་ཚད་མེད་ཐུགས་རྗེ་བཞི།།
སེམས་དཔའི་ཐུགས་ལ་དགོངས་བརྒྱུད་མཚན་དཔེའི་སྐུ།།
གང་འདུལ་དེ་སྟོན་ལྷ་གཤེན་སྲིད་པར་བསྟོད།།
 
སྟོན་པའི་ཐུགས་ལས་འོད་སྟོང་ཕྱོགས་བཅུར་འཕྲོས།།
རྒྱ་ཡི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱིས།།
བསྟན་པ་སྐྱོང་བའི་འཕྲིན་ལས་རྣམ་པ་དག །
ཀོང་ཙེ་འཕྲུལ་ཆུང་གབ་ཙེའི་བསྟན་བདག་གྱུར།།
 
སྒྲ་བསྒྱུར་ལོ་ཙཱ་འཛམ་གླིང་མཁས་པའི་རྒྱན།།
ལོ་པཎ་གཤེན་བརྒྱད་མཐུ་ཆེ་མི་དགུ་བཅས།།
གཤེན་ཆེན་བྲུ་ཞུ་སྤ་རྨེའུ་དམ་པ་ཁྱུང་།།
བསྟན་པ་འཛིན་སྐྱོང་སྤེལ་ལ་ཕྱག་འཚལ་ལོ།།
 
   ཞེས་མཆོད་བརྗོད་ཀྱིས་མདུན་ནས་བསུས་ཏེ་<<ཟུང་ཆུའི་གཤེན་རྩིས་ལོ་ཐོ>>ངོ་སྤྲོད་དང་འགྲེམ་སྤེལ་མཛད་སྒོའི་གནས་བསྡུས་ངོ་སྤྲོད་པ་ལ། དེའང་ཟུང་ཆུའི་གཤེན་རྩིས་ལོ་ཐོ་ནི་སྔ་ན་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་གྱུར་བ་སྟེ། མདོ་སྨད་ཤར་ཁོག་རིན་སྤུངས་དགོན་ནས་གྲྭ་སྒོར་བཞུགས་ཤིང་། ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་བསོད་ནམས་དར་རྒྱལ་ལགས་ཀྱིས་རང་ཡུལ་ལ་ཞེན་པ་དཀར་པོ་རི་ལྟར་འཆང་ནས་རང་རྟ་སྒ་རུ་དང་རང་བྲོ་ཁུག་མ་བྱས་ཏེ། དགེ་བཤེས་ཁོང་གིས་དཀའ་ངལ་ཁྱད་དུ་བསད་ཅིང་། བརྩོན་པ་ལྷོད་མེད་ལ་སོགས་ཀྱི་གྲུབ་འབྲས་ལ་ཟུང་ཆུའི་གཤེན་རྩིས་ལོ་ཐོ་འདི་བརྩམས་པ་ཡིན་ལ། རྩོམ་པ་པོ་དགེ་བཤེས་ཁོང་ལ་མཚོན་ན་བསྟོད་ན་འོས་པ། དད་ན་རུང་བ། འགྲན་ཟླ་མེད་པ། དཀོན་པ་ནང་གི་ཡངས་དཀོན་སོགས་དགེ་མཚན་བླ་ན་མ་མཆིས་སོ། །
   དེ་ལྟར་འབད་པའི་རྒྱུ་དཀར་པོ་སྔོན་ལ་གཏོང་ནས་འབྲས་བུ་ཟུང་ཆུའི་གཤེན་རྩིས་ལོ་ཐོ་སྨིན་པ་ནི་རྒྱུ་འབྲས་ལ་བསླུ་བ་མེད་པའི་དཔང་རྟགས་ཤིག་ཀྱང་ཅི་ལ་མིན། འབྲས་བུ་གཡུར་དུ་ཟ་བའི་<<ཟུང་ཆུའི་གཤེན་རྩིས་ལོ་ཐོ>>་ཡི་འགྲེམ་སྤེལ་མཛད་སྒོ་ནི་དགེ་བཤེས་ཁོང་གི་གཞིས་དགོན། རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་༼དཔེ་མཛོད་ཁང༽དུ་སྤེལ་བ་དང་།
   མཛད་སྒོར་ཕེབས་པའི་སྐུ་མགྲོན་ནི་དགའ་མལ་དགོན་ཆེན་གྱི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་གཙོས་པའི་བླ་མ་དང་དགེ་བཤེས་གྲྭ་བཙུན་འདུས་པ་ལྔ་བཅུ་ཙམ་དང་། དེ་བཞིན་དད་ལྡན་མང་ཚོགས་ཀྱང་གང་མང་ཞིག་བཞུགས།
  རྒྱལ་མོ་དགེ་བཤེས་ཤེས་རབ་འོད་ཟེར་གྱིས་མདོ་འཛིན་གནང་སྟེ། རྩོམ་པ་པོ་དགེ་བཤེས་བསོད་ནམས་དར་རྒྱས་མཆོག་གིས་ཟུང་ཆུའི་གཤེན་རྩིས་ལོ་ཐོ་འདི་བརྩམས་པའི་བརྒྱུད་རིམ་དང་དམིགས་ཡུལ། དགོས་པ་སོགས་ཀྱི་མཚམས་སྦྱོར་གནང་བ་དང་།
   དེ་ནས་དགའ་མལ་དགོན་ཆེན་གྱི་མཁན་སློབ་རྣམ་གཉིས་ཀྱིས་ཟུང་ཆུའི་གཤེན་རྩིས་ལོ་ཐོ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་ཞིང་།   དེ་ནས་རིམ་བཞིན་རིན་སྤུངས་དགོན་པའི་ཀྲུའུ་རེན་རྒན་གཞོན་རྣམ་གཉིས་དང་དགེ་བཤེས་རྣམ་པས་ཟུང་ཆུའི་གཤེན་རྩིས་ལོ་ཐོ་དང་འབྲེལ་ཏེ་བགྲོ་གླེང་སོགས་གསུང་བཤད་མདོར་བསྡུས་གནང་བ་བཅས་མཇུག་བསྡུས་བཀྲ་ཤིས་གསོལ་ལོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།