ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཐད་ནན་སྟོན་འདི་འདྲ་གནང་འདུག

[ཟླ་ཚེས། 2023-10-30 20:24:14][རྩོམ་པ་པོ། ཞི་ཅིན་ཕིང་།][རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།][ཀློག་གྲངས། ]

   ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པའི་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་10ཚེས་27ཉིན་གྱི་ཕྱི་དྲོ་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་དགུ་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་གནད་དུ་བཟུང་སྟེ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཟམ་མི་ཆད་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་འདུག །
   ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་སུའོ་ཡི་འགོ་འཛིན་བློ་མཐུན་ཝང་ཡན་ཀྲུང་གིས། གནད་དོན་དེའི་ཐད་གསལ་འགྲེལ་གནང་ཞིང་ལས་ཀའི་གྲོས་འགོ་ཡང་བཏོན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད་གྲོས་བསྡུར་ཡང་གནང་ཡོད། ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། གནའ་སྔ་མོ་ནས་བཟུང་། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འོད་སྟོང་རབ་ཏུ་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་བཏོད་པ་དང་། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་བཏོད་ཡོད། རང་རེའི་ཏང་གིས་སྔར་ནས་བཟུང་མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་འདུ་ཤེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་འདུ་ཤེས་ནན་སྟོན་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ལ་བརྩི་རྒྱུ་དང་། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ལ་བརྩི་རྒྱུའི་སྐོར་གསལ་པོར་བཏོན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུ་སྔར་བས་རྒྱ་ཆེ་རུ་བཏང་བས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་འགྱུར་བའི་རྣམ་པ་གསར་པ་གཏོད་པས། ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་གནང་ཡོད།
   ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་ཉིན་ཤུ་པའི་རྗེས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཐོག་ནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་པ་དང་། ཏང་གི་མི་རིགས་ལས་དོན་ལ་གནས་བབ་དང་ལས་འགན་གསར་པ་འཕྲད་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་ཁྲོད་མི་རིགས་གཅིག་ཀྱང་རྗེས་སུ་མ་ལུས་པ་བྱ་དགོས། ང་ཚོས་མི་རིགས་ཁག་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པ་དང་། མི་རིགས་ཁག་ཐུན་མོང་དར་རྒྱས་གོང་འཕེལ་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་ནས། མི་རིགས་ཁག་གི་མི་དམངས་རྣམས་ནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེའི་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
   ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པར། ཚན་རིག་དང་མཐུན་པ་དང་ཆ་ལག་ཚང་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་རིགས་གཞུང་མ་ལག་ཅིག་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་ཐོག་གཞི་རྐང་འཛུགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་སྦྲེལ་བྱེད་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་སྦྲེལ་བྱེད་པ། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གྲུབ་པ་དང་གོང་དུ་འཕེལ་བའི་གནས་ལུགས་དང་། རིགས་པའི་གཞུང་ལུགས་ཀྱི་གནས་ལུགས། མཚན་ཉིད་རིག་པའི་གནས་ལུགས་སོགས་ཚན་རིག་དང་མཐུན་པའི་ངང་གསལ་སྟོན་བྱེད་དགོས། རིག་ཚན་གྱི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་གི་ཁ་ཕྱོགས་གསལ་པོ་བཟོ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་རྨང་གཞིའི་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་ལོ་རྒྱུས་དཔྱད་གཞིའི་མ་ལག་དང་། སྐད་ཆའི་མ་ལག རིགས་པའི་གཞུང་ལུགས་བཅས་མགྱོགས་མྱུར་ཆགས་པ་བྱེད་དགོས། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་རིག་གནས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ་དང་། ན་གཞོན་རིགས་གཅིག་མཁས་ཅན་དང་རིག་གནས་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁོང་ཚོར་ཁ་ཕྱོགས་ཡང་དག་སྟངས་འཛིན་བྱེད་རོགས་དང་། སྟེགས་བུ་བསྐྲུན་རོགས། གོ་སྐབས་བསྐྲུན་རོགས་བཅས་བྱེད་པ། ཁོང་ཚོས་སེམས་རྣལ་ལ་ཕབ་ནས་ཞིབ་འཇུག་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་བྱས་ནས། ཀྲུང་གོའི་ལོ་རྒྱུས་ལ་གཞི་རྐང་ཚུགས་པ་དང་། ཀྲུང་གོའི་ལག་ལེན་ལ་འགྲེལ་བརྗོད་ཐུབ་པ། ཀྲུང་གོའི་གནད་དོན་ལ་ལན་རྒྱག་ཐུབ་པ་བཅས་ཀྱི་ཐོག་མའི་གསར་རྩོམ་རང་བཞིན་གྱི་རིགས་གཞུང་གྲུབ་འབྲས་འདོན་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་སྟོན་གནང་འདུག །
   ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུར་བསམ་བློ་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་དགོས། ངེས་པར་དུ་ཀྲུང་ཧྭ་མི་རིགས་ལོ་རྒྱུས་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་། སྲོལ་རྒྱུན་ནས་དེང་རབས་ཕྱོགས་སུ་སྐྱོད་པ། སྣ་མང་ནས་མ་ལག་གཅིག་ལ་གོང་བུ་སྒྲིལ་བའི་འཕེལ་ཕྱོགས་ལ་བསྟུན་ནས། ཀྲུང་ཧྭ་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་དེ་ཁོང་དུ་ཆུད་པར་བྱེད་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་པ་དང་རིག་གནས་ཀྱི་རྨང་གཞི་འཛུགས་དགོས། མི་རིགས་ཁག་གི་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་སེམས་པ་དང་བླ་སྲོག་གོང་བུ་གཅིག་ཏུ་སྒྲིལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར་གཏིང་ཟབ་བྱེད་དགོས། གསར་བརྗེའི་གཞི་རྒྱུའི་རྒྱུད་འཛིན་ལས་གཞི་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱིས་སྲོག་ཤིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་ཀྱིས་སྲོག་ཤིང་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་ཤུགས་ཆེར་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་དཔའ་ངར་ཆེན་པོས་རྒྱང་སྐྱོད་གསར་པའི་ལམ་དུ་སྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པའི་ཟུངས་མདངས་ཉམས་གསུམ་སྐུལ་སྤེལ་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་གཞི་རྒྱུ་དང་དུས་རབས་ཀྱི་རིན་ཐང་ལ་ཞིབ་འཇུག་དང་སྔོག་འདོན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉིད་གསར་བཟོའི་རང་བཞིན་གྱི་ལེགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས། ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་བཅས་རྗོད་བྱེད་མ་ལག་སྐྲུན་པ་དང་བེད་སྤྱོད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་རྣམས་ནས་ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་ཁས་ལེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། སྐད་བརྡ་འཕྲོད་པ་བྱས་ཐོག་སེམས་པ་གཅིག་སྒྲིལ་དང་ལས་དབང་གཅིག་འབྲེལ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་འདུག །
   ཞི་ཅིན་ཕིང་གིས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་འབྲེལ་འདྲིས་བཅས་རྒྱ་ཆེན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་འཕེལ་རིམ་ནི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་འབྲེལ་འདྲིས་བཅས་བྱེད་པའི་བརྒྱུད་རིམ་ཤིག་ཡིན་ངེས་ལ། མི་རིགས་ཁག་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་བརྒྱུད་རིམ་ཤིག་ཀྱང་ཡིན་ངེས་རེད། ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ཏེ་མི་རིགས་ཁག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱང་སྐྱོད་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པའི་ཆ་ནས། མི་རིགས་ཁག་དབར་གྱི་མི་རྣམས་ཕན་ཚུན་འགྲོ་འོང་དང་མཉམ་འདྲེས་མཉམ་སྡོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བར་འཇུག་རྣམ་པའི་སྡེ་ཁུལ་གྱི་གྲུབ་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་བསྐྲུན་ནས། མི་རིགས་ཁག་གི་མང་ཚོགས་རྣམས་ནས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཆ་རྐྱེན་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཏོད་པའི་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྡུད་བྱ་རྒྱུ་དེ་ཉིད་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་ཀུན་སློང་དང་མཐར་ཐུག་དམིགས་འབེན་ལ་བརྩིས་ནས། མི་རིགས་ས་ཁུལ་དེ་ཉིད་གོང་འཕེལ་གྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་འགན་ལེན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་རྣམས་ལ་འདྲ་མཉམ་ངང་ཕན་འདོགས་ཐུབ་པ་བྱ་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་རིགས་སྐོར་གྱི་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་བྱ་དོན་གྱི་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་འདུག །
   ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་དྲིལ་བསྒྲགས་དང་ངོ་སྤྲོད་ཤུགས་ཆེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་རིགས་གཞུང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། ཀྲུང་ཧྭ་མི་རིགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་པའི་མདུན་ལྗོངས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱ་དགོས། མི་རིགས་ཀྱི་དྲིལ་བསྒྲགས་དང་འབྲེལ་བའི་དྲིལ་བསྒྲགས་བྱ་ཐབས་གསར་གཏོད་བྱེད་པ་དང་། དྲིལ་བསྒྲགས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དྲིལ་བསྒྲགས་ཀྱི་ལམ་བུ་རྒྱ་བསྐྱེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་འདུ་ཤེས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་རང་རྒྱལ་མི་རིགས་ཁག་ཐུན་མོང་གོང་འཕེལ་དར་རྒྱས་ཡོང་བ་བྱེད་པའི་བློས་འགེལ་ཆོག་པའི་འགན་ལེན་ཡིན་པ་གསལ་པོར་བརྗོད་པ། ཀྲུང་ཧྭ་མི་རིགས་ནི་ཁས་ལེན་བྱེད་ཚད་དང་གོང་བུ་སྒྲིལ་ཤུགས་ཆེན་པོ་ལྡན་པའི་ལས་དབང་གཅིག་མཐུན་མ་ལག་ཅིག་ཡིན་པ་གསལ་པོར་བརྗོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡག་དག་ལམ་ཕྱོགས་ལ་ལྡན་པའི་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་གསལ་པོར་བརྗོད་པ་བཅས་བྱ་དགོས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཞུང་ལས་རིགས་དང་། དམངས་ཁྲོད་ཚོགས་པའི་བར་གྱི་སྤེལ་རེས་འབྲེལ་གཏུག་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
   ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་ལས་འགན་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་མི་རིགས་ལས་དོན་དང་འབྲེལ་བའི་གནད་དོན་གལ་ཆེ་རིགས་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་རིགས་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཐད་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་འདུག །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད། བསྟན་འཛིན་དབང་རྒྱལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།