སྤུ་ལ་ཁྱུང་ནག་དགོན་གྱི་བོན་གཤེན་རིག་སློབ་འདུས་སྡེའི་སློབ་ཐོན་གྱི་མཛད་སྒོ་སོགས་ཀྱི་གནས་བསྡུས།

[ཟླ་ཚེས། 2023-10-15 08:40:24][རྩོམ་པ་པོ། སྤུ་ལ་ཁྱུང་ནག་དགོན་གྱི་ཡིག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྤྱི་ལོ་༢༠༢༣སྤྱི་ཟླ་༩་པའི་ཚེས་༢༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་དགོན་གྱི་དཔོན་སློབ་དང་ཡོངས་འཛིན་གསུམ་གྱི་མཚན་གནས་ཕེབས་ལུགས་ཀྱི་སྲོལ་ཡིག་དང་ཁྲི་གསོལ་གྱི་མཛད་རིམ་གསར་གནས་རགས་བསྡུས།
བཅུ་ཕྲག་རིག་གནས་མུ་མེད་གདལ་བའི་ཞིང་།།
བརྩོན་འགྲུས་ཤེས་རབ་གཟའ་སྐར་འཁོར་ལོ་བསྐོར།།
སྟོང་གསུམ་དགེ་བཅུའི་སྣང་བ་རྒྱས་མཛད་པ།།
དཀར་ཕྱོགས་ཡོད་ཁམས་སྲིད་པའི་མགོན་དུ་བསྐོས།།
བསྟན་སྲུང་མ་བདུད་བཙན་རྒྱལ་དགྱེས་པའི་གདངས།།
དཔོན་གསས་བླ་མས་ལམ་སྟོན་དབྱར་རྔའི་སྒྲ།།
གདུལ་བྱ་མདོངས་མཐའི་རྣ་བར་ཡོངས་སུ་བསྒྲགས།།
མཁན་སློབ་ཡོངས་འཛིན་མཛད་འཕྲིན་རྒྱས་པར་བྱས།།


   ཞེས་ཚིགས་སུ་བཅད་པས་མདུན་ནས་བསུས་ཏེ་ཡོངས་སུ་གླེང་བར་བྱ་བ་ནི་ཁ་བ་གངས་ཅན་པའི་ཡུལ་གྱི་སྙིང་པོ་སྤུ་ལ་བྱང་རྩེ་སྒང་རྩ་གསུམ་ལྷ་ཡི་གནས་མཆོག་གངས་དཀར་གཡུང་དྲུང་སྤུངས་རྫོང་མདུན་ཞོར་དུ་གནས་གཞི་བྱས་པའི་༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་། དགོན་གྱི་དཔོན་སློབ།    ཡོངས་འཛིན་དང་གསུམ་གྱི་མཚན་གནས་རིམ་བཞིན་ཕེབས་ལུགས་ཀྱི་སྒྲིག་གཞི་གཤམ་གསལ། དང་ཐོག་བཤད་སྒྲུབ་འདུས་སྡེའི་མཁན་པོར་ལོ་ལྔ་དང་།  དེ་ནས་དགོན་གྱི་དཔོན་སློབ་ལོ་ལྔ།  དེ་ནས་ཡོངས་འཛིན་ལོ་ལྔའི་ཐུགས་འགན་བཞེས་ནས་ཕེབས་དགོས་པ་ལས་དེ་ལྟར་ལམ་ལུགས་མ་རྒྱུད་ནས་དཔོན་སློབ་དང་ཡོངས་འཛིན་ལ་ཕེབས་ས་མེད།  དང་པོར་བཤད་སྒྲུབ་འདུས་སྡེའི་མཁན་པོར་འགྲོ་བ་ལ་རབ་འབྱམས་དགེ་བའི་བཤེས་གཉེན་ཞིག་དགོས་པ་མ་ཟད་སོ་ཐར་གྱི་སྡོམ་པའི་བསླབ་པ་གཙང་ཞིང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་གང་ལ་སྦྱོང་འབྲས་མི་དམན་པ་ཐོབ་པའི་མཁྱེན་ཡོན་གྱིས་ཕྱུག་པ་གཞིར་བཞག   ཁྱད་པར་དུ་དགོན་བདག་གི་དཔོན་གསས་བླ་མའམ་མཁན་རིན་པོ་ཆེའི་བཀའ་ཡི་གནང་བ་ཐོབ་ཅིང་འདུས་སྡེ་སྤྱི་ནས་མོས་མཐུན་ཡོད་པ་ཞིག་དགོས།  དེ་ལྟ་བུའི་རབ་འབྱམས་དགེ་བའི་བཤེས་གཉེན་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད་དེ་དགོན་གྱི་དཔོན་སློབ་རིན་པོ་ཆེའི་ཕྱག་རོགས་གནང་སྟེ་བཤད་སྒྲུབ་འདུས་སྡེའི་ཕྱི་ནང་ཀུན་ལ་ཐུགས་འགན་བཞེས་ནས་བཤད་སྒྲུབ་སྒོམ་གསུམ་གྱི་སློབ་གཉེར་བ་ཀུན་ལ་ཕྱི་སྤྱོད་ལམ་རྣམ་བཞི་དང་ནང་འཆད་རྩོད་རྩོམ་གསུམ།   གྱེར་དབྱངས་གདངས་གསུམ།   འབུད་རྡུང་དཀྲོལ་གསུམ།  བཅའ་ཚོགས་རྡུང་གསུམ།  བྲིས་ཀློག་འདོན་གསུམ་དང་བཅས་པ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐུགས་འགན་བཞེས་དགོས་པ་མ་ཟད་།   བོན་གཤེན་རིག་སློབ་འདུས་སྡེ་དང་།   ཡུལ་མི་རྒན་དར་གཞོན་གསུམ་བཅས་ལ་སྔོན་འགྲོ་དང་། དངོས་གཞི།   བསྙེན་སྙུང་།  རྩ་རླུང་།  མུན་མཚམས།   བསྙེན་སྒྲུབ་སོགས་ཁྲིད་ལུང་གི་མཐུན་སྦྱོར་གནང་དགོས།  ལོ་ཆེན་ལྔར་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེའི་ཐུགས་འགན་བཞེས་གྲུབ་པ་དང་།   དགོན་གྱི་དཔོན་སློབ་རིན་པོ་ཆེའི་ཁྲི་གསོལ་མཛད་དེ་བོན་གྱི་དགོན་སྡེ་སྤྱི་ཡི་འགྲོ་ལུགས་བཞིན་ལོ་ཆེན་ལྔར་དཔོན་སློབ་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་པ་གནང་རྒྱུ་དང་།   དེ་ནས་ཡོངས་འཛིན་གྱི་བཞུགས་ཁྲིར་མངའ་གསོལ་མཛད་དེ། སྡེ་དགོན་གཉིས་ཀྱི་ལུགས་གཉིས་གང་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐུགས་འགནལོ་ལྔར་བཞེས་དགོས་པ་མ་ཟད་མཁན་པོ་བཞུགས་མིན་དང་མཁན་པོ་བསྐོ་བཞག་ཐུབ་མིན་བྱུང་རིགས་མཁན་པོའི་ཐུགས་འགན་བཞེས་པ་གནང་དགོས།  གོང་འཁོད་ཀྱི་ལོ་ཚད་དེ་དག་སྤྱི་ཡོངས་ཀྱི་ཆ་ནས་བཞག་པ་ཡིན་གྱི་མཐའ་གཅིག་ཏུ་དེ་ལྟར་ངེས་པ་མ་ཡིན་ཏེ་དུས་བསྟུན་གྱི་དབང་གིས་དུས་ཡུན་རིང་ཐུང་ཡང་འབྱུང་སྲིད་མོད། དེ་ལྟར་དུས་ཡུན་རིང་ཐུང་བྱུང་བ་དེ་ཡང་སྐྱབས་རྗེ་མཁན་རིན་པོ་ཆེས་གཙོ་འགན་བཞེས་ཏེ་རང་དགོན་གྱི་གནས་ཡོད་ཤེས་ལྡན་གྱི་མི་སྣས་ཐག་གཅོད་བྱ་དགོས་པ་ལས་གང་བྱུང་དུ་ཕེབས་བཞུགས་བྱ་ཆོག་པ་མིན།
    སྤྱི་ལོ་༢༠༢༣སྤྱི་ཟླ་༩པའི་ཚེས་༢༧ཉིན་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོ་ཞོགས་པ་ཆུ་ཚོད་༩་པའི་ཐོག་འཆམ་རའི་ཐང་ཆེན་དུ་སྐྱབས་རྗེ་མཁན་རིན་པོ་ཆེའི་སྐུ་ཚབ་དང་། གྲྭ་ཚང་གཉེར་པ།  བཤད་སྒྲུབ་འདུས་སྡེའི་གཉེར་པ། སྤུ་ལ་བླ་མ་རྣམ་ཚང་། གྲོང་ཚོ་ཁག་གི་མཐུན་ཚབ་ཀྱི་དབུ་ཁྲིད། མཁན་སློབ་ཡོངས་གསུམ་སོ་སོའི་མཆོད་འབུལ་བའི་རུ་སྟར་ཚར་དུ་དངར་བ་སྒྲིག ཁྲི་གསོལ་རྣམ་པ་གསུམ་སོ་སོའི་བཞུགས་ཤག་ནས་སྤོས་རྒྱའི་སྣ་དྲང་སྟེ་བཀྲ་གསལ་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་ཞབས་སོར་འཁོད་པ་དང་བསྟུན། བླ་མ་མཆོད་པའི་སྒོ་ནས་བཞུགས་ཁྲིར་མངའ་གསོལ་མཛད་དེ་མཎྡལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔ། ནོར་བདུན།  རྟགས་བརྒྱད་སོགས་ཁྲི་གསོལ་གྱི་མཆོད་སྤྲིན་རྒྱས་པར་འབུལ་བཞེས་མཛད།   གཞན་ཡང་ཡོངས་འཛིན་རིན་པོ་ཆེ་ནས་འདུལ་དྲུག་ཆ་གཅིག་དང་ཟངས་མའི་རྐོང་བུ་རག་ལྕུག་ཅན་བདུན་ཚར་གཅིག་བཅས་རྟེན་བཞག་གནང་། དཔོན་སློབ་རིན་པོ་ཆེའི་ཡབ་ཚང་ནག་ནག་གཅུང་པ་ཚང་ནས་མཎྡལ་སྤུས་ལེགས་ཆེ་བ་གཅིག་དང་། དཔོན་སློབ་རིན་པོ་ཆེ་ནས་བཀྲ་ཤིས་རྟགས་བརྒྱད།  རྐོང་བུ་བདུན་ཚར་གཅིག་བཅས་རྟེན་བཞག་གནང་། བཤད་སྒྲུབ་མཁན་རིན་པོ་ཆེའི་ཡབ་ཚང་རྡོ་བཅང་ཚང་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་རྟེན་བཞག་མཛད། དེ་ནས་བདུག་སྤོས་ཀྱིས་སྣ་དྲངས་ཏེ་སོ་སོའི་བཞུགས་ཤག་ཏུ་གདན་ཞུ་བྱས། མང་ཇ་འཚོགས་སྟེ་གྲྭ་ཚང་གི་འབྲས་སིལ་དང་སྐུ་འགྱེད་མང་ཇ།  མཁན་སློབ་ཡོངས་གསུམ་སོ་སོ་དང་འབྲེལ་བའི་ཡོན་བདག་ཁག་གི་སྐུ་འགྱེད་མང་ཇ་གྱ་ནོམ་པར་མཛད་པ་བཅས་གསར་གནས་རགས་བསྡུས་སོ། 
མཁན་སློབ་ཡོངས་གསུམ་བསྟན་པའི་མཛད་འཕྲིན་ཀུན།།
རྒྱུ་རྐྱེན་རྟེན་འབྲེལ་བསླུ་བ་མེད་པའི་མཐུས།།
སྡེ་དྲུག་བོན་སྐྱོང་སྲུང་མའི་མཐུ་རྩལ་གྱིས།།
བསྟན་དང་འགྲོ་བའི་དོན་དུ་རྒྱས་པར་ཤོག།
   ༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་ཡོངས་འཛིན་ཁྲི་རབས་གཉིས་པ་རྒྱལ་གསུམ་དགེ་བཤེས་དྲང་སྲོང་བློ་གྲོས་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་གཤམ་གསལ་སྤྱི་ལོ་༡༩༦༢་ལོར་དཀར་ཤོད་ཚར་མ་རྒྱལ་གསུམ་ཡབ་འབྲུ་རིགས་ཉ་དབང་དང་ཡུམ་མཁར་བཟའ་ཚེ་གཡང་གཉིས་ཀྱི་སྲས་སུ་འཁྲུངས།  རང་ལོ་བདུན་ནས་སློབ་ཆུང་དུ་ཞུགས་ནས་གཅེན་པོ་བསྟན་པ་བློ་གྲོས་ཀྱི་མདུན་ནས་འབྲི་ཀློག་བྱང་ཆུབ་པར་མཛད།  དགུང་ལོ་བཅུ་གཉིས་ནས་བཟུང་ཁྱུང་ནག་བླ་མ་བསོད་ནམས་ཡེ་ཤེས་རིན་པོ་ཆེ་དང་། ཁ་བོ་རྟོགས་ལྡན་ཤེས་བར་ཕུན་ཚོགས་རིན་པོ་ཆེ། གྲུབ་ཆེན་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ་སོགས་བླ་མར་བསྟེན་ནས་ཡབ་སྲས་སྔོན་འགྲོ་དང་།  ཨ་ཁྲིད་སྔོན་འགྲོ།  སྦྱིན་པ་རྣམ་བཞི།  དཀར་དམར་གསུར་བཅས་ཁྲིད་ལུང་དང་སྦྱོང་པ་མཐར་ཕྱིན་མཛད། བཀྲ་ཤིས་སྨན་རི་དགོན་དུ་ཕེབས་ནས་དཔོན་སློབ་ཚུལ་ཁྲིམས་དབང་ལྡན་དང་། སྤྲུལ་སྐུ་སྦྱིན་པ། རྒན་གཡུང་དྲུང་སོགས་མཁན་སློབ་དཔང་པོར་མཛད་དེ་གཙང་གཙུག་གི་སྡོམ་ཁྲིམས་ནོད། བོད་ཡུལ་སྟོད་སྨད་བར་གསུམ་གནས་སྐོར་དང་། སྙུང་གནས་ངག་བརྒྱ་སོགས་མཛད།  སྤྱི་ལོ་༡༩༨༧་རང་ལོ་༢༥་ནས་ལུང་དགོན་བཤད་གྲྭ་གསར་འཛུག་ནང་དུ་ཞུགས་ཏེ། ལུང་དགོན་དཔོན་སློབ་ཁྲི་རབས་བཞི་པ་དྲང་སྲོང་གཡུང་དྲུང་མདུན་ནས་འཕྲུལ་སྒྲོན་རྣམ་ལྔ་གཙོས་པའི་གཞུང་ཆེན་ཁག་དང་བཅའ་ཚོགས་རྡུང་གསུམ་དང་། གྱེར་དབྱངས་གདངས་གསུམ་སོགས་སྦྱང་པ་རྣལ་མར་གནང་།  སྤྱི་ལོ་༡༩༩༢ ལོར་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་།  དཔོན་སློབ་དྲང་སྲོང་གཡུང་དྲུང་རྣམ་གཉིས་མཁན་སློབ་མཛད་དེ་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས། སྤྱི་ལོ་༡༩༩༤ལོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་དམ་འཇོག་མཛད། གཞན་ཡང་དགུང་ལོ་སོ་གསུམ་ནས་བཟུང་། དབུ་ཆེན་བྱམས་པ་ཕུན་ཚོགས་དང་།  གཡུང་གླིང་དཔོན་སློབ་ཤེས་རབ་མཆོག་ལྡན།  རྒན་སྤྱི་འདུལ།  མཁས་གྲུབ་ཉི་མ། སློབ་དཔོན་དྲང་སྲོང་གཡུང་དྲུང་། རང་དགོན་གྱི་དབུ་མཛད་ཆེན་མོ་རག་ཤི་ཚུལ་ཁྲིམས་མཐར་ཕྱིན་སོགས་ལ་བསྟེན་ཏེ།  སྨན་སྐུ་དང་ཞལ་འབག་འདག་བཅའ། ཐིག་རྡུལ་ཚོན། མཆོད་རྟེན། གཏོར་བཟོ་མར་རྒྱན་སོགས་བཟོ་རིག་པའི་གནས་ཀུན་ལ་བྱང་ཆུབ་པར་མཛད།   གཞན་ཡང་ལྷ་བཟོ་གཡུང་དྲུང་དར་རྒྱས་དང་མཉམ་དུ་ལྷ་རིས་དང་ཤིང་ཚོན་སོགས་ལག་ལེན་གྱི་མྱོང་བ་ཐོན་པར་བྱས།  དགུང་ལོ་ཞེ་ལྔར་རྩེ་དྲུག་དགོན་གྱི་བཤད་སྒྲུབ་སྒོམ་གསུམ་གྱི་མཁན་སློབ་རྣམས་ལ་བསྟེན་ནས་ལོ་དྲུག་གི་རིང་སླར་ཡང་ཨ་ཁྲིད་སྔོན་འགྲོ་དང་། དངོས་གཞི་ཡང་ཏིག་གི་སེམས་སྦྱོང་དང་། གཞན་ཡང་སྔགས་སེམས་ཀྱི་རྒྱུད་དོན་ཉམས་བཞེས་གནང་ཏེ་དཀའ་གནད་ཀྱི་འཕྲང་ལས་བརྒལ་བར་མཛད། དགུང་ལོ་ཞེ་དགུ་སྟེ་སྤྱི་ལོ་༢༠༡༠་ལོར་དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས།  རང་དགོན་གྱི་དཔོན་སློབ་དང་། གྲྭ་ཚང་མཁན་པོ།  སྒྲུབ་གྲྭའི་མཁན་པོ་གསུམ་བསྐོས་བཞག་གནང་བའི་ནང་ནས། དྲང་སྲོང་བློ་གྲོས་རིན་པོ་ཆེ་སྒྲུབ་གྲྭའི་མཁན་པོའི་ཁྲི་གསོལ་མཛད། དེ་ནས་ཤར་རྫའི་སྒྲུབ་གྲྭའི་འགྲོ་ལུགས་བཞིན་ཁྲིད་ལུང་གི་ཐུགས་འགན་མཐའ་དག་བཞེས། དགུང་ལོ་༥༥་སྟེ་སྤྱི་ལོ་༢༠༡༦་ལོར་དཔོན་སློབ་གྱི་ཁྲི་གསོལ་མཛད།  དེ་ནས་ཐིག་རྡུལ་ཚོན་དང་། མར་རྒྱན། ནམ་རྒྱང་།  མི་མང་ལ་སྔོན་འགྲོ་དང་དངོས་གཞི་སོགས་སྟོང་གསུམ་གསེར་གྱིས་བཀང་བ་ལྟ་བུའི་ཁྲིད་ལུང་གི་བཀའ་དྲིན་སྐྱོང་། དགུང་ལོ་༦༢་སྤྱི་ལོ་༢༠༢༣་ལོར་ཡོངས་འཛིན་གྱི་ཁྲི་གསོལ་གནང་བ་བཅས་མཛད་རྣམ་རག་བསྡུས་སུ་བྱས་པའོ། །
བཟོ་རིག་རིག་གནས་ཀུན་མཁྱེན་ཉི་གཞོན་ཐུགས།།
ཞི་དུལ་ངག་འཇམ་ཁུ་བྱུག་གསང་བའི་མགྲིན།།
ཕྱི་ཚུལ་ནང་ཁྲིམས་ཨུ་དུམ་ཝ་རའི་ལྗོན།།
སྐྱེ་དགུའི་སྣང་བ་བོན་གྱི་འཁོར་ལོ་བསྒྱུར།།
   ༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་དཔོན་སློབ་ཁྲི་རབས་གསུམ་པ་གཅུང་པ་དགེ་བཤེས་བསོད་ནམས་གཡུང་དྲུང་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་གཤམ་གསལ།  དང་པོར་འཁྲུངས་གནས་ནི་མདོ་ཁམས་རྔུལ་རྫ་ཟལ་མོའི་སྒང་རྒྱུད་གཅུང་པ་ཤོག་དགུའི་ནང་ཚན་དཀར་ཤོད་སྤུ་ལའི་ཤོག་ཁོངས་སུ་སྤྱི་ལོ་༡༩༧༦ ལོར་ཡབ་གཅུང་པ་སྐྱ་འབུར་དང་ཡུམ་སེ་བཟའ་ཕྱྭ་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཞིང་སྤྱི་ལོ་༡༩༩༦ ལོར་སྐྱབས་རྗེ་ཁྲི་འཛིན་སོ་གསུམ་པ་མཆོག་རང་དགོན་ཞབས་སོར་འཁོད་སྐབས་རབ་ཏུ་བྱུང་། ཚུལ་མིང་དུ་བསོད་ནམས་གཡུང་དྲུང་དུ་གསོལ།  སྤྱི་༡༩༩༧ ལོར་ཧོར་ཟླ་གསུམ་པའི་ནང་རང་དགོན་དུ་སྒྲིགས་ཞུགས་མཛད། མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་སྨྲོས་ན་ཡོངས་འཛིན་ཞིང་གཤེགས་བསྟན་འཛིན་རྣམ་རོལ་རིན་པོ་ཆེ་དང་། དགེ་བཤེས་དྲང་སྲོང་བློ་གྲོས་སོགས་ལ་བསྟེན་ཏེ་རང་དགོན་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་ཉིན་མཚན་ལྟོས་མེད་སློབ་གཉེར་མཛད་པ་མ་ཟད། གཞན་ཡང་མདོ་སྨད་སྣང་ཞིག་དགོན་དང་།   ཁྱུང་ཡུལ་ཀོ་རྒྱལ་དགོན་སོགས་ཕེབས། དེ་ནས་སྤྱི་ལོ་༢༠༠༦ ལོར་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས།  ཚུལ་མིང་ལ་ཁྲི་གཙུག་དགེ་ལེགས་རྣམ་རྒྱལ་གཙུག་ཕུད་ཞེས་བསྩལ་གནང་མཛད།  གོང་གི་དགོན་སྡེ་རྣམས་སུ་བཤད་སྒྲུབ་འདུས་སྡེའི་སྒྲིགས་ཞུགས་མཛད་དེ་། གཡུང་དྲུང་བོན་གྱི་བསྟན་པའི་སྒྲོན་མེ་༧དཔལ་གཤེན་བསྟན་སྨན་རི་དགོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིགས་སྲོལ་གཏེར་བྱང་ཆེན་མོའི་ཁྲིད་རིམ་བཞིན་དུ་ཐུན་མོང་གི་རིག་གནས་སྤྱི་དང་།   ཐུན་མིན་ནང་དོན་རིག་པ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང་བྱེ་བྲག་ཐམས་ཅད་མཉེས་པ་གསུམ་གྱི་སྒོ་ནས་དགོན་སྡེ་སོ་སོའི་དཔོན་སློབ་དང་མཁས་དབང་སྐྱེས་ཆེན་རྣམས་ཀྱི་ཞབས་ལ་གཏུགས་ཏེ་རྣམ་དཔྱོད་ཤེས་རབ་རལ་གྲིའི་རྣོ་ངར་རྒྱས་པར་མཛད། མ་རིག་པའི་འཛིན་རྒྱ་ཡོངས་སུ་དབྲལ་སྟེ་སྤྱི་ལོ་༢༠༡༤་ལོར་ཁྱུང་ཡུལ་ཀོ་རྒྱལ་དགོན་དུ་འདུས་སྡེ་བརྒྱ་ཕྲག་གི་དབུས།  མཁན་སློབ་ཉི་ཟླ་ཟུང་འབྲེལ་གྱི་མདུན་ནས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་དམ་འཇོག་གནང་།  ལོ་དེར་པེ་ཅིན་ནང་བསྟན་སློབ་གླིང་དུ་ཞུགས།   སྤྱི་ལོ་༢༠༡༦་ལོར་མཐོ་རིམ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་ཏེ་སྦྱོང་འབྲས་ཚད་ལྡན་གྱི་སློབ་ཐོན་མཛད། གཞན་ཡང་ས་དགེ་བཀའ་རྙིང་བླ་སྤྲུལ་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ཏེ་རང་གཞན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ལོངས་སུ་སྤྱོད་པའི་སྐལ་བཟང་གི་སྒོ་གང་ནས་ཐོབ་སྟེ་རིས་མེད་སྐྱེས་ཆེན་དམ་པའི་གོ་འཕང་ཡོངས་སུ་བརྙེས་པར་མཛད། སྤྱི་ལོ་༢༠༡༧་ལོར་དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་པོའི་ཁྲི་གསོལ་མཛད་དེ་ཐུག་དམ་བཅའ།  འཚོགས་འཆད་ར།  དཔེ་ཁྲིད་སོགས་ཆག་མེད་གནང་སྟེ་བཤད་སྒྲུབ་ཀྱི་བསྟན་པའི་མཛད་འཕྲིན་བདག་གིར་བཞེས། སྤྱི་ལོ་༢༠༢༣་སྤྱི་ཟླ་༩ པའི་ཚེས་༢༧ ཉིན་སྤུ་ལ་ཁྱུང་ནག་དགོན་གྱི་དཔོན་སློབ་ཁྲི་རབས་གསུམ་པར་མངའ་གསོལ་གནང་བ་བཅས་མཛད་རྣམ་རགས་བསྡུས་སུ་བྱས་པའོ། །
དམན་པའི་ས་གཟུང་ང་རྒྱལ་རི་བོ་བསྙིལ།།
བསྟན་ལ་དཀར་བ་ལྷག་བསམ་དར་དཀར་ཡུག།
འཆད་རྩོད་རྩོམ་གསུམ་སྒམ་པོ་ཕྱྭ་ཡི་ཐུགས།།
དྲན་དབང་ཁྱོད་ཀྱི་གཤིས་ལུགས་རྡོ་རྗེའི་བྲག།
   བཤད་སྒྲུབ་འདུས་སྡེའི་མཁན་པོ་དགེ་བཤེས་ཡེ་ཤེས་གོང་འཕེལ་རིན་པོ་ཆེ་ནི་སྤྱི་ལོ་༡༩༨༡ ལོར་དཀར་ཤོད་སྤུ་ལའི་ལྷ་སྡེ་རྡོ་བཅང་ཚང་དུ་འཁྲུངས་༡༩༩༣ ལོར་སྤ་ཚང་དགོན་དུ་ཡོངས་འཛིན་སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་ཆེའི་མདུན་དུ་རབ་ཏུ་བྱུང་།   ཁྱུང་པོ་རི་བོ་རྩེ་དྲུག   སྤ་ཚང་དགོན།  མདོ་སྨད་སྣང་ཞིག་དགོན།  ཁྱུང་ཡུལ་ཀོ་རྒྱལ་དགོན་སོགས་སུ་ཚད་ལྡན་བཤེས་གཉེན་དུ་མར་བསྟེན་ནས་ཐོས་བསམ་གྱི་འཚོ་བའམ་འཆད་ཉན་ལ་ཡུན་རིང་འབད་པ་བྱས་མཐར་༢༠༡༤ལོར་དཔལ་གཤེན་བསྟན་ཀོ་རྒྱལ་བདེ་ཆེན་ཀུན་གྲགས་གླིང་གི་སྡོམ་གཙང་འདུས་མང་བརྒྱ་ཕྲག་གི་དབུས་ནས་བཤད་པ་དང་དམ་འཇོག་ལེགས་པར་གྲུབ་ཏེ་མདོ་སྔགས་རབ་འབྱམས་པའི་མཚན་རྟགས་ཐོབ།  ལོ་དེར་ཀོ་རྒྱལ་དགོན་གྱི་ཁྲི་འཛིན་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་གཙོས་པའི་མཁན་སློབ་རྣམས་ཀྱིས་ཐུགས་བཀོད་ལྟར་དཔལ་གཤེན་བསྟན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་དུ་ཕྱིན་ཏེ་དགེ་རྒན་གྱི་བྱ་བ་ལོ་མང་སྐྱོང་བ་དང་། དཔལ་དཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་དབུ་བླ་ཁྲི་འཛིན་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས་སྤུ་ལ་དགོན་དུ་སློབ་ཁྲིད་བྱ་དགོས་པའི་བཀའ་མངགས་གནང་བཞིན། སྒྲུབ་ཞོར་བར་གསེང་ཁོམ་སྐབས་མཆིས་ཚད་ཐུན་མིན་དང་ཐུན་མོང་རིག་གནས་ལ་འབད་པ་དང་།  ༢༠༢༣ ལོར་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཡོན་གནས་རྒྱུགས་སྤྲོད་ལེགས་པར་གྲུབ་ཏེ་མཐར་ཕྱིན་པ་བྱས།  ༢༠༢༣་སྤྱི་ཟླ་༩་པའི་ཚེས༢༧་ཉིན་སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་རབས་གཉིས་པའི་ཁྲི་གསོལ་མཛད་པ་བཅས་རགས་བསྡུས་སུ་བཀོད་པའོ། །
གནའ་དིང་རྣམ་དཔྱོད་ནམ་མཁའི་སྒོ་མོ་བྱེ།།
ཚིག་སྦྱོར་སྙན་འཇེབས་ངག་གི་རྒྱུད་མང་འཁྲོལ།།
ཐོས་བསམ་བརྩོན་འགྲུས་ཆུ་བོ་ཀླུང་དུ་འབབ།།
མི་ཚུགས་མི་འགྱུར་གཡུང་དྲུང་བལྟམས་པའི་སྐུ།།
 སྤྱི་ལོ་༢༠༢༣ཟླ་བ་༩་པའི་ཚེས་༢༧ཉིན་༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་དུ་བོན་གཤེན་རིག་སློབ་འདུས་སྡེའི་སྐབས་གཉིས་པའི་སློབ་ཐོན་གྱི་མཛད་སྒོ་སྤེལ་བའི་བྱུང་རབས་རགས་བསྡུས།
 མཐའ་བཞི་རྒྱ་གྲོལ་ཀུན་བཟང་དགོངས་པའི་མཛོད།།
རིག་སྟོང་དཀྱིལ་འཁོར་ཀུན་ཀྱང་བདག་ཞལ་མཇལ།།
རྩལ་སྣང་རོལ་པའི་ཆོ་འཕྲུལ་སྐུ་གསུང་ཐུགས།།
ཞིང་འདིར་གཤེགས་ཤིག་མཁན་ཆེན་དམ་པ་རྒྱལ།།
རྒྱལ་བའི་བཀའ་འཁོར་ཀུན་གྱི་མངའ་བདག་རྗེ།། 
སྲིད་གསུམ་འགྲོ་ཀུན་ཡོངས་ཀྱི་དཔལ་གཅིག་པུ།།
རྒྱལ་བསྟན་ས་སྟེང་བཀང་པའི་བྱེད་པོ་བ།།
རྟག་ཏུ་བཞུགས་ཤིག་ཡོངས་འཛིན་བླ་མ་ཀྱེེ།།
   ཞེས་གདུང་ཤུགས་དྲག་པོའི་གསོལ་འདེབས་ཀྱིས་མདུན་བསུས་ཏེ་༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་དུ་བོན་གཤེན་རིག་སློབ་འདུས་སྡེའི་སྐབས་གཉིས་པའི་སློབ་ཐོན་པའི་བྱུང་རབས་ནི། དང་པོ་སྤྱི་ལོ་༢༠༡༠སྤྱི་ཟླ་༡༡པའི་ཚེས་༢༠ཉིན་བོན་གཤེན་རྣམས་ལ་དམིགས་ཏེ། དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་གིས་སྔོན་འགྲོ་དང་དངོས་གཞི།  གྱེར་དབྱངས་འཕྲིན་ལས།  འབུད་རྡུང་དཀྲོལ་གསུམ།  བརྡ་དག་སྙན་ངག   གསང་སྔགས་ཀྱི་ལམ་རིམ་སོགས་སློབ་གཉེར་གནང་སའི་ཁོར་ཡུག་བོན་གཤེན་རིག་སློབ་འདུས་སྡེའི་སློབ་གཉེར་བཙུག དེ་ནས་བོན་གཤེན་རྣམས་ཀྱི་སྒྲིག་གཞི་ལའང་ལུགས་གཉིས་གང་ལ་འགལ་བའི་ཚུལ་མིན་གྱི་སྤྱོད་པ་རྒྱན་འཇོག་གི་རིགས་དང་།   འཕྲོད་བསྟེན་ལ་གནོད་ཚབས་ཆེ་བའི་ཐ་མག་དང་ཆང་རག  ཚུལ་མིན་གྱི་གྱོན་ཆས་རིགས་གྱོན་ན་མི་མཛེས་པ་དང་།  གྲོང་ཆོག་ཏུ་ཕེབས་སྐབས་སུ་མོ་ཁྲིམས་གཏན་སྲུང་དང་འདོན་ཆོག་གསུང་པའི་སྐབས་སུ་ཁ་པར་གཏོང་ལེན་སོགས་འཇིག་རྟེན་གྱི་མིག་དགྲ་རུ་འགྲོ་བའི་བྱ་སྤྱོད་རིགས་གཏན་ནས་འཛེམ་དགོས་པ་དང་།  གཞང་ཡང་སྤྱི་རིམ་དང་ལས་བཞིའི་སྲེག་ཆོག་གི་སྐབས་སུའང་དམར་ཟས་མཆོད་མི་ཉན་པའི་བླངས་བྱ་གནང་བ་བཅས།
   ༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་རང་གི་བོན་གཤེན་རྣམས་གསོ་སྐྱོང་བྱེད་ལུགས་ཀྱི་སྙན་ཞུ་དང་སྦྲགས་ཏེ་བོན་པོ་སྤྱི་ལ་གསང་སྔགས་པའི་ཁྲིམས་དང་། ཆས་གོས་ཀྱི་ཐད་ལ་ཤིན་ཏུ་དགོས་གལ་ཆེ་བ་ཞུས་དོན་བཞིན་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་བསྟོད་བསྔགས་ཀྱི་མེ་ཏོག་མཐོར་ཤིང་།  གཤམ་གསལ་སྔགས་འཆང་གི་ཆས་སྐོར་དང་བཅའ་གཞི་ཞེས་པའི་དཔྱད་རྩོམ་འདི་ཉིད་བཀའ་དྲིན་བསྩལ་གནང་མཛད་པ་སྟེ། ༼སྔར་གྱི་སྲོལ་དང་བསྟུན་པའི་སྔགས་འཆང་གི་ཆས་སྐོར་དང་བཅའ་གཞི།༽ བླ་མ་དང་ཡི་དམ་དབྱེར་མེད་པའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ།   སྔགས་འཆང་བའི་ཆས་གོས་དང་།  སྒྲིགས་ཁྲིམས།  བློ་སྦྱོང་གི་སྐོར་བཅས་གསུམ།  དང་པོ་ཆས་གོས་ཀྱི་སྐོར་ནི།  སྔར་སྲོལ་གྱི་དཔེ་རྒྱུད་ཁུངས་ལྡན་འགའ་དང་བསྟུན།  ཀུན་མཐུན་གྱི་མིག་དགྲར་མ་སོང་བའི་སྐབས་དང་བསྟུན།  ལུས་ཀྱི་གོས་དབྱར་སྲབ་དགུན་འཐུག་གང་ལྟར་ཡང་ཕྱུ་བ་ཕྱི་གཡོག་སྔོན་པོ་ཅན་དང་།  སྐེད་རགས་དམར་པོ།  དགུན་གོས་ནང་ཚང་དུ་དབྱི་ལྤགས།  ལུག་ལྤགས་སོགས་གང་ཡིན་པའི་ཕྱི་གཡོག་སྔོན་པོ།  སྟོད་འབོག་དམར་པོའམ་སྔོན་པོ། གཅན་གཟན་སོགས་ཀྱི་གོང་སླག་ཅེས་གོང་བའི་ཕྱི་རྒྱན་ནོ།།  ༼མཆན། ཡུལ་དུས་འཚམས་པར་དགོས་སྟབས་པགས་རིགས་ཀྱི་རྒྱན་གྱི་ཚབ་ཏུ་གོས་ཆེན་སོགས་གང་འོས་གནང་རྒྱུ།༽ དེ་ཡང་ཁོག་སྟོད་དུ་གོན་རྒྱུའི་ཕུ་ཐུང་ཅན་བབ་རིང་ཙམ་ཡོད་པ་ཕྱར་བུ་ཡང་ཟེར།  དེ་ཡི་སྟེང་དུ་དར་གྱི་གོང་ཁྱུད་ཅེས་གཟན་མདོག་དམར་པོ་ཞིག་གོ  འབོལ་ལྷམ་ཞེས་ཡུལ་ལུགས་ཀྱི་ལྷམ་ཡུ་བ་ཅན།  ལྷམ་སྒྲོགས་དམར་པོ།  མཐིལ་བརྩེགས་ཡོད་པ་དང་། ཞྭ་དཀར་མོ་རྩེ་རྒྱལ། འཚོགས་གྲལ་དུ་ཕྱམ་ཙེ་ཞེས་ཟླ་གམ་ལྟ་བུའི་སུལ་མ་མེད་པའི་དམར་པོ་དང་སྨུག་མདོག་གང་རུང་གཡང་ལུགས་སུ་གོན་རྒྱུའོ།།  སྐྲ་ནི་གཙུག་ཏུ་བཅིང་པའམ་ལྷས་མ་གང་རུང་།  གཉིས་པ་བོན་ལ་སྤྱོད་པ་སྤྱི་ཡི་སྒྲིག་ཁྲིམས་ནི།  སངས་རྒྱས་ཀྱི་གསུང་ལ་ཉན་ཞིང་བརྩི་བཀུར་ཞུ་དགོས་པས།  ལུས་ཀྱིས་ཕྱག་དང་སྐོར་བ།  ངག་གིས་སྙིང་པོ་རྣམ་གསུམ་བགྲང་བ།  སེམས་ཀྱིས་སྐྱབས་སེམས་དང་། སྡིག་བཅུ་སོགས་ལ་འབག་ཤོར་དོག་དགོས་ཤིང་། ཁྱད་པར་དུ་དགེ་ཚོགས་བསགས་པའི་དུས་ཆེན་སོགས་དང་།  ཞེ་དགུ་བཟུང་བ། སྟོན་རིམ་བྱེད་པ་སོགས་ལ་དམིགས་ཏེ་དུད་འགྲོ་བསད་ནས་ཤ་ཁྲག་ཟས་སྟོན་བྱེད་པ་སོགས་ཤིན་ཏུ་མི་རུང་སྟེ།  གཡུང་དྲུང་བོན་དང་འགལ་བ་ཁོ་ན་ཡིན་གཤིས་དེ་རིགས་སྤང་དགོས་རྒྱུ།  གང་ཟག་གི་ངོས་ནས་ཡིག་ཆ་ཀློག་འདོན་ཤེས་ཙམ་ནས་དཀོར་ལ་རྔམ་པ་དང་།  རིགས་རུས་བཟང་ངན་གང་ལྟར་ཡང་བོན་མཐུན་གྱི་སྡོམ་པ་སྣ་གཅིག་མི་བསྲུངས་པའི་ཁར།  གྲོང་ཆོག་སོགས་ལ་རྔ་ཆུང་ཁུར། ཟིན་བྲིས་སོགས་པོད་ཆུང་གལ་ཏའི་ནང་དུ་བཅུག་ནས་ཡུལ་གྲོང་མྱུལ།  ཤ་ཆང་དང་ཟས་བཟང་ངན་གཏམ། སྲོད་ལ་བྱི་ཕོ་འགྲོ་བསྐྱོད།  བྱི་ཕྲུག་དུ་མའི་འབྲས་བུ་ཅན། ཤ་ཆང་གི་ལས་དང་ལོག་གཡེམ་ལ་བག་མེད་དུ་སྤྱོད་པའི་རིགས་མཆོད་ཡུལ་དུ་བཀུར་བ་དང་།  བསྙེན་བཀུར་བྱེད་པ་རྣམས་ལེའུའི་དད་རྫས་ཆུད་ཟོས་སུ་འགྲོ་བས་གཟབ་དགོས། གསུམ་པ་བློ་སྦྱང་གི་སྐོར།  ཐོག་མར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་བསྟེན།  ཨ་སྙན་རྫོགས་གསུམ། མ་རྒྱུད་ཐར་ལམ།  དྲང་དོན་མུན་སེལ་སྒྲོན་མ་སོགས་གང་རུང་གི་གཞུང་དང་བསྟུན་ཏེ།  ཁྲིད་རིམ་གྱི་ཚིག་ལ་གོ་རྟོགས་ཡོད་པ།  དོན་ལ་མྱོང་བ་ཡོད་པ།  བསགས་སྦྱོང་འབུམ་དགུའི་གྲངས་ཚད་ལོན་པ་ཞིག་བྱེད།  དེ་ནས་རང་གི་གཞུང་ལུགས་རྒྱུད་སྡེ་བཞི་ཡི་རྣམ་བཞག་ལ་ལེགས་པར་ཞིབ་ཏུ་བསླབ། དེ་རྣམས་ཀྱི་སྤྱི་དོན་ཞིག་གོ་བའི་རྗེས་སུ་སྒྲུབ་པ་པོ་རང་གི་བློ་དང་ནུས་པ་ལ་བསྟུན་ཏེ་གཞུང་བཞིན་ཡིད་དམ་གང་ཡིན་དེ་ཡི་ཁྲིད་རིམ་ལྟར་ཚོགས་ལམ་དང་།  སྦྱོར་ལམ།  མཐོང་ལམ།  སྒོམ་ལམ། མཐར་ཕྱིན་པའི་ལམ་བཅས་ཀྱི་རྣམ་བཞག་ལ་མ་རྨོངས་པར་ལག་ལེན་རྒྱུད་ལ་ཁེལ་བར་བྱེད། དེ་དང་མཐུན་པའི་དམ་སྡོམ་རྣམས་ཀྱང་ཤིན་ཏུ་དམ་པར་བསྲུང་བར་བྱེད།  དེ་ལྟར་གྱི་ལྟ་སྒོམ་སྤྱོད་པར་མི་ཚེ་འཁྱོལ་བར་བྱེད་པའི་སྔགས་འཆང་གཡུང་དྲུང་གི་བོན་རིན་པོ་ཆེ་འཛིན་པའི་སྐྱེས་མཆོག་སྔར་གྱི་གསང་གྲུབ་མཁས་དབང་མི་བཞི། ལོ་པཎ་གཤེན་བརྒྱད།  བླ་ཆེན་དྲན་པ་ནམ་མཁའ།  ཚེ་དབང་རིག་འཛིན། སྙ་ཆེན་ལི་ཤུ་སྟག་རིང་སོགས་ཀྱི་རྗེས་འཛིན་གདུང་འཚོབ་ཏུ་འོས་པའི་ཚོགས་སོ།།  ཁྱེད་རྣམ་པས་སྔགས་དགོན་བདུད་འདུལ་སྔགས་གླིང་ཞིག་བཞེངས་གྲུབ་ན་ནང་བཅུད་དུ་འདི་བཞིན་གྱི་བཅའ་གཞི་འགྲུབ་པའི་སྨོན་ལམ་ཡིན།  ཕྱི་དུས་ཡང་སྟོན་ཤེས་རབ་རྒྱལ་མཚན་ནས་སྔགས་ཆས་འདི་འདྲ།  བླ་རྒྱུད་རྣམ་ཐར་ལས།  རྒྱལ་གཤེན་རིག་མཛོད་དེབ་དང་པོ།  སྤྱི་ཨང་༥༦ནས། ནམ་སྨད་བོན་པོ་སྔགས་པའི་ཆ་བྱད་ཅན།  རལ་པ་སིལ་མ་ཐོར་ཅོག་ཏུ་བཅིངས་པ།  ལ་ལ་རོ་སྟོད་ཉི་ལེ་བྱས་པ།  སྨང་ར་རྒྱ་ཞོལ་ལེ་བ། ཤ་ལ་འཇོལ་ཤག་དཀར་མོ་གྱོན་པ།  ནང་འཇམ་དཀར་པོ་ཞིག  དེ་སྟེང་ན་ཕོད་ཁ་སྔོན་པོ་ཞིག ཕྱི་གོས་ཕྱུ་བ་ཕྱི་གཡོག་སྔོན་པོ་ཅན།   དེ་སྟེང་ན་ཅམ་སེ་དམར་པོ་ཞིག་གོན། ༼གཟན་ལྟ་བུ།༽ རྐེད་པ་ལྕགས་ཕུར་གཅིག་གཟེར་བ་ཞིག་མཇལ་དུ་མཚན་ལྟས་སུ་བྱུང་། དེ་ནས་སང་ཉི་དྲོས་ལ།  ཉེ་གནས་ན་རེ། འུ་ལ་གདོང་སྐྱ་ནས་ཡོང་བའི་བོན་པོ་ཞིག་མཇལ་ཞུ་ཡིན་གདའ་ཞུས་པས། ཅི་འདྲ་ཞིག་འདུག་གསུང་པས།  ན་བཟའ་དང་སྔགས་པའི་ཆ་བྱད་འདི་འདྲ་གདའ་ཞུས་པས།  མདང་གི་མཚན་ལམ་དུ་བྱུང་བ་དེར་འདུག་གསུངས།  མཇལ་བས་ཆོག་གསུང་ནས་མཇལ་ལོ།  ཞེས་སོ།།  དགེ་བསྙེན་པའི་ཚུལ་གོས་ཀྱི་ཚུལ་ལ།  སྔགས་ཆས་སམ་སེར་ཆས་གོན་པ་ལ།  ཐ་ན་དགེ་བསྙེན་གྱི་སྡོམ་པ་སྲུང་བ་ཞིག་དགོས་པས་དེ་ཡི་གོས་ཀྱི་ཚུལ་ལ།  མདོ་དྲི་མེད་གཟི་བརྗིད་པོད་གསུམ་པའི་ནང་། དགེ་བསྙེན་ཐེག་པའི་མདོ་ལྟར།  ཕྱི་ཡི་ཚུལ་གོས་ལྔ། ནང་གི་གཏན་ཁྲིམས་ལྔ།  བར་གྱི་སྤྱོད་ལམ་ལྔ་དང་མཐུན་པར་བྱ་ཞིང་།  ཐེག་པ་ལ་འཇུག་སྟེ།  དང་པོ་ཕྱི་གོས་ལྔ་ནི།  སྟོད་གོས་དང་།  སྨད་ཤམ་དང་། ཆག་ནན་དང་།  རྨད་འོག་དང་། རྨད་གོས་ཕྱར་བུ་དང་ལྔའོ།།  ནང་གི་ཁྲིམས་ལྔ་ནི།  ཞེ་སྡང་དབང་གིས་སྲོག་གཅོད་པ།  འདོད་ཆགས་དབང་གིས་མ་བྱིན་པ་ལེན་པ་དང་།  གཏི་མུག་དབང་གིས་རྒྱུ་འབྲས་མི་བརྩི་བར་ཐོབ་རྫོབ་ཏུ་སྤྱོད་པ་དང་།  ང་རྒྱལ་དབང་གིས་དྲེགས་པའི་ལས་བགྱི་བ་དང་།  ཕྲག་དོག་དབང་གིས་ཚིག་རྩུབ་མོ་དང་། ངག་འཁྱལ་སྨྲ་བ་དང་། རྫུན་དང་།  ཕྲ་མ་སྨྲ་བ་དང་ལྔ་སྤང་བའི་བླང་བ་ནི་དེ་ལས་བཟློག་པ་སྟེ།  ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པའོ།། བར་གྱི་སྤྱོད་ཚུལ་ལྔ་ནི།  དག་པའི་ཁྲུས་བགྱི་བ་དང་།  ཕྱག་སྐོར་དང་མོས་འདུན་སྤྱོད་པ་དང་།  སྐུ་གདུང་གི་སཙྪ་གདབ་པ་དང་།  རྣམ་དག་གི་ཆབ་གཏོར་གཏོང་བ་དང་།  ཚོགས་གསོག་པའི་ཡན་ལག་ལ་མཆོད་པ་འབུལ་བ་ལྔའོ།།  གོས་ལྔ་ཡི་སྟོད་གོས་དང་སྨད་ཤམ་གཉིས་གྲྭ་ཆས་དང་འདྲ་བ་ལ།  ཆག་ནན་ཞེས་སེར་ལྷམ་སྙམས། རྨད་འོག་ནི་རྒྱས་བསྡུས་ཙམ་ལ་གཟན་ལྟ་བུའོ།།  རྨད་གོས་ཕྱར་བུ་ཞེས་སྟོད་གོས་རིང་པོ་དེའོ།།  བསྟན་རྣམ་པས།  ཅེས་མཛད་བྱང་དུ་འཁོད་པའི་སྔར་སྲོལ་དང་བསྟུན་པའི་སྔགས་འཆང་གི་ཆས་སྐོར་དང་བཅའ་གཞིའི་ལམ་ལུགས་བཞིན་བོན་གཤེན་ཁྲོ་རྒྱལ་དང་།  བཟོད་པ་རྣམ་དག  གསང་སྔགས་མཆོག་ལྡན་དང་གསུམ་གྱིས་རྩ་བའི་བླ་མ་སྐྱབས་རྗེ་མདོ་སྔགས་བཤད་སྒྲུབ་ཉི་མ་མཆོག་གི་མདུན་ནས་སྤྱི་ལོ་༢༠༡༠ ཡི་ལོར་གསང་སྔགས་བཀའ་འགྲེལ་གྱི་ཟབ་ཁྲིད་རྒྱས་པར་ཞུས།   སྤྱི་ལོ་༢༠༡༣ དང་༡༤ ནང་དུ་ཁྲོ་རྒྱལ་དང་། གཡུང་དྲུང་བོན་མཆོག  བཟོད་པ་རྣམ་དག  སྲུང་འགྲུབ། གསང་སྔགས་མཆོག་ལྡན།  ནོར་བུ། གཡུང་དྲུང་ཚེ་རྒྱལ།  ཚེ་དབང་མགོན་པོ། ཡང་དག་རྒྱལ་མཚན།  གཡུང་དྲུང་ལྷ་དར་བཅས་ཀྱིས་དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་མཁན་ཟུར་གཤེན་བསྟན་རབ་གསལ་མདུན་ནས་ལྷ་གཉེན་ཤེལ་སྒོང་ཟབ་ཁྲིད་རྒྱས་པར་ཞུས་ཏེ་བསྙེན་པའི་གཞི་མ་སྒོ་དགུ་དང་། སྒྲུབ་པའི་ཡན་ལག་བཅོ་བརྒྱད།  ལས་ཀྱི་འཆང་ཆེན་སྡེ་དགུའི་སྤྱི་དོན་ཡིད་ཡུལ་དུ་འཇག་པའི་སློབ་སྦྱོངས་ལེགས་པོ་གནང་། སྤྱི་ལོ་༢༠༡༥ ལོར་གོང་འཁོད་ཀྱི་བོན་གཤེན་རྣམ་པ་དང་ཚེ་རིང་དགེ་དར།  ཚེ་དབང་མཆོག་འདུས།  སྐལ་བཟང་རབ་རྒྱས།  བུ་ནོར་མཆོག  ཚེ་རིང་ལྷ་སྲས།  ལྷ་ཕྱུག་དང་བཅས་ལ་རྒན་གཤེན་བསྟན་རབ་གསལ་མཆོག་གིས་ཐེག་འགྲེལ་དང་བཀའ་འགྲེལ་སྦྲག་མར་ཟབ་ཁྲིད་རྒྱས་པར་གནང་། སྤྱི་ལོ་༢༠༡༦ ལོར་རྒན་གཤེན་བསྟན་རབ་གསལ་གྱིས་དབལ་གསས་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བའི་དབུ་ནས་རྒྱུ་ཡི་ཏིང་འཛིན་བར་ཟབ་ཁྲིད་རྒྱས་པར་བསྩལ། སྤྱི་ལོ་༢༠༡༩ ལོར་རྒན་ཡེ་ཤེས་གོང་འཕེལ་མཆོག་གིས་དབལ་གསས་སྐུ་གསུང་ཐུགས་ཀྱི་སྒྲུབ་ཐབས་ཀྱི་འགྲེལ་བའི་ཁྲིད་གདམས་རྒྱས་པར་གནང་། ལོ་དེར་སྤྱི་ཟླ་༡༢ པའི་ཚེས་༩ ཉིན་ནས་བཞི་བཅུ་ཞེ་དགུའི་རིང་དབལ་གསས་ཞི་ཁྲོའི་སྒྲུབ་པར་ཞུགས་ཏེ་འཕྲོ་འདུ་ཏིང་འཛིན་ཟབ་མོའི་གཞི་གཏིང་།  གྲགས་སྟོང་འཛབ་དབྱངས་ཀྱི་གཞུང་སྲོང་ནས་བསྙེན་ཆེན་གྱི་ཚད་ལོན་པ་བསྐྱལ།  སྤྱི་ལོ་༢༠༢༠ ལོའི་སྤྱི་ཟླ་བཅུ་པའི་ཚེས་༡ནས་རྩ་རླུང་ཞག་བརྒྱ་བཞུགས། སྤྱི་ལོ་༢༠༢༡ལོར་དགུན་དུས་སུ་མུན་མཚམས་ཞེ་དགུར་བཞུགས་པ་བཅས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར། ཞོགས་པ་ཆུ་ཚོད་དགུ་ནས་བཅུའི་བར་ཐུན་སྒོམ་དང་།   ཆུ་ཚོད་བཅུ་ནས་བཅུ་གཅིག་བར་བོན་གཤེན་རྣམས་རེས་སྐོར་གྱིས་མི་གཉིས་རེས་ཉིན་རེ་བགྲོ་གླེང་གི་སློབ་དཔོན་མཛད་ནས་དྲི་བ་དྲི་ལན་གནང་སྟེ་ཚིག་དོན་གཉིས་ཀའི་ཆ་ནས་གདར་ཤ་ལེགས་པར་གཅོད་དགོས་པ་མ་ཟད་གོ་བ་ལེན་སྟངས་དང་དགོངས་པ་འགྲེལ་ཚུལ་མ་མཐུན་པ་རྣམས་རྩ་བའི་དགེ་རྒན་གྱི་མདུན་དུ་ཞུ་དག་ལེགས་པོ་གནང་བ་དང་།  ཆུ་ཚོད་བཅུ་གཅིག་ནས་ཆུ་ཚོད་དང་པོ་བར་ཉིན་གུང་གསོལ་ཚིགས་དང་ངལ་གསོ་ཡིན། ཆུ་ཚོད་དང་པོ་ནས་གསུམ་པའི་བར་དུ་གསང་སྔགས་གྱི་ལམ་རིམ་ཁག་དགེ་རྒན་སོ་སོས་གཞུང་ཁྲིད་གནང་བའི་དུས་ཚོད་དང་།  གཞན་ཡང་དགུན་དུས་སུ་ཞོགས་པ་ཆུ་ཚོད་དྲུག་པ་ནས་དགོང་མོ་ཆུ་ཚོད་བཅུ་གཉིས་བར་དུ་བློ་འཛིན་དང་དཔེ་ཀློག་སོགས་ཀྱི་དུས་འདའ་བ་བྱེད་དགོས་པ་ལས་རྣམ་གཡེང་གིས་དབང་དུ་མི་ཤོར་བར་འཛིན་དཔོན་ནས་སྟངས་འཛིན་གནང་དགོས་པ་བཅས་ཡིན། ཟུར་དུ་རྒྱལ་བ་བྲུ་ཡི་རིང་ལུགས་སྤྱི་འགྲོས་ཉེར་མཁོ་འདོད་འཇོ་ཁྲི་ཤིང་དང་། གེ་ཁོད་གསང་བ་དྲག་ཆེན་གྱི་གྱེར་འཕྲིན།  དག་ཡིག་སུམ་ཅུ་པ། ཡིག་གཟུགས་འབྲུ་སྒུར་དང་། ཡིག་དཀར།  འཁྱུག་ཡིག་བཅས་རྒན་གཤེན་བསྟན་རབ་གསལ་གྱི་མདུན་ནས་ཟབ་ཁྲིད་རྒྱས་པར་ཐོབ། གཞན་ཡང་ཡོངས་འཛིན་ཞིང་གཤེགས་བསྟན་འཛིན་རྣམ་རོལ་རིན་པོ་ཆེ་མཆོག་དང་སྒྲུབ་ཐོན་པ་ཤེས་རབ་ཕར་ཕྱིན་གཉིས་ཀྱི་མདུན་ནས་སུམ་རྟགས་ཀྱི་ཟབ་ཁྲིད་རྒྱས་པར་ཐོབ་པ་བཅས་གོང་གི་སྦྱང་བྱའི་གནས་ཆེན་དེ་དག་སློབ་སྦྱོང་གནང་བའི་སྐབས་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཐམས་ཅད་ཡིག་ཚད་ཀྱི་ལམ་ནས་རྒྱུགས་སྤྲོད་ལེན་བྱེད་བྱས་པའི་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་དང་།
   དེང་སྤྱི་ལོ་༢༠༢༣ སྤྱི་ཟླ་དགུ་པའི་ཚེས་༢༦ སྐལ་བཟང་དགེ་བའི་དུས་ཀྱི་ཆར་འདིར་༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་བླ་བྲང་དུ་སྐྱབས་རྗེ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་གིས་མ་རྒྱུད་དགོངས་སྤྱོད་རྣམ་གསུམ་དང་གསང་སྔགས་ཀྱི་ཆས་གོས་གནང་བའི་ཆོག་ག་དང་བསྟུན་ཏེ་སྔགས་ཆས་གནང་། 
   སྤྱི་ལོ་༢༠༢༣་སྤྱི་ཟླ་༩ པའི་ཚེས་༢༧ གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཉིན་མོར་བླ་བྲང་གི་མདུན་ཞོར་༧སྐྱབས་རྗེ་དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་དང་། བོན་གཤེན་རྣམས་གསང་སྔགས་ཀྱི་ཆས་གོས་གསོལ་ནས་ཚར་དུ་དངར་བའི་རུ་སྟར་སྒྲིག་ཤིང་སྤོས་རྒྱས་སྣ་དྲངས་ཏེ་གསང་སྔགས་བདུད་འདུལ་ལྷ་ཁང་དུ་གདན་ཞུའི་ཞབས་སོར་འཁོད་པ་དང་།  ཚོགས་ཆེན་དབུ་མཛད་མཆོག་གིས་འདོན་པ་མཚོ་གཏིང་རྡོ་འཕང་བ་ལྟར་དབུས་ནས་མཐའ་ལ་ཁྱབ་པ་ལྟར་དབུ་འཛུག་གནང་བ་དང་ལྷན་དུ་གྲྭ་མང་གིས་ཚོགས་འདོན་གྱི་བོན་དབྱངས་དབྱར་རྔའི་སྒྲ་དབྱངས་བསྒྲགས་པ་དང་སྟབས་ཅིག་ཏུ་ཡོན་བདག་རྣམས་ཀྱིས་འགྱེད་མང་ཇ་བསོད་ནམས་ཀྱི་མཆོད་པའི་སྤྲིན་ཚོགས་ཡོངས་སུ་ཁྱབ་པར་སྤུངས། 
  དེ་ནས་༧སྐྱབས་རྗེ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེས་བོན་གཤེན་སློབ་ཐོན་པ་བཅུ་དྲུག་ལ་བྱིན་མདུད་དང་ཕྱག་ཁྱེར་བསྩལ་གནང་མཛད། དེ་ནས་རྒན་གཤེན་བསྟན་རབ་གསལ་མཆོག་དང་།  ཡོངས་འཛིན་དྲང་སྲོང་བློ་གྲོས་མཆོག   དཔོན་སློབ་བསོད་ནམས་གཡུང་དྲུང་མཆོག བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་ཡེ་ཤེས་གོང་འཕེལ་བཅས་ཀྱིས་སློབ་ཐོན་པ་རྣམས་ལ་མགུར་དར་སྒྲོན།  ཡོན་མཆོད་གཉིས་ཀྱིས་ཚོགས་གཉིས་བསགས་པའི་དགེ་ཚོགས་ཐམས་ཅད་ཟད་མེད་དབྱིངས་སུ་ལ་ཟླ་བའི་ཕྱིར་དུ་དཔོན་གསས་བླ་མ་རིན་པོ་ཆེས་བསྔོ་བ་གསུང་ཞིང་།  དེ་རྗེས་གྲྭ་མང་གིས་རྗེ་རྒྱལ་བ་སོགས་གྱེར་ནས་ཚོགས་གྲོལ།  སྐུ་པར་བསྐྱོང་ཞིང་གྲྭ་མང་དང་དད་ལྡན་མང་ཚོགས་ཀྱིས་སློབ་ཐོན་པ་རྣམས་ལ་བཀྲ་ཤིས་ཀྱི་མགུར་དར་སྒྲོན་ཏེ་མཛད་སྒོ་རྣམ་པར་རྒྱལ་བ་མཇུག་ཡོངས་སུ་གྲུབ་པར་བྱས་སོ། །
གསང་ཆེན་སྔགས་ཀྱི་གཞུང་ལུགས་དམ་པའི་མཐིལ།།
རྩ་རླུང་ཐིག་གསུམ་ལུས་སེམས་ལྷ་སྐུར་སྦྱོང་།།
རིམ་གཉིས་བསྐྱེད་རྫོགས་སྒྲུབ་པའི་དགེ་ཚོགས་ཀུན།།
འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུ་གྱུར་ཅིག། 
ཅེས་སྤུ་ལ་ཁྱུང་ནག་དགོན་གྱི་ཡིག་ཚང་ནས་སྤྱི་ལོ་༢༠༢༣ ཟླ་བ་༩ པའི་ཚེས་༢༩ ཉིན་སྤེལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།