སྟག་ཞིག་དགོན་དུ་དགེ་བཤེས་རྣམ་གཉིས་ལ་ཕེབས་བསུ་ཁྲི་འདོན་གནང་བའི་གནས་བསྡུས།

[ཟླ་ཚེས། 2023-08-06 08:39:27][རྩོམ་པ་པོ། བསོད་ནམས་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  དེ་ཡང་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་ཁམས་ས་ཡི་ལྟེ་བ་མི་དབང་སྡེ་དགེ་རྒྱལ་པོའི་མངའ་ཁོངས། དེང་དུས་བོད་ལྗོངས་ཆབ་མདོ་འཇོ་མདའ་རྫོང་དབོན་པོ་སྟོད་ཤང་མཁར་གསུམ་མདོ་གྲོང་ཚོ་འབྲི་ཆུ་གསེར་ལྡན་ཁྲ་མོའི་གཡས་ཟུར། གནས་ཆེན་མཛོད་གདོང་བསམ་གཏན་དཔལ་རིའི་འདབས་རོལ་དུ་ཆགས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་དཔལ་གཤེན་བསྟན་སྟག་ཞིག་མཁས་སྲིད་དར་རྒྱས་གཡུང་དྲུང་གླིང་གི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དངོས་གྲུབ་ཕྲིན་ལས་རྒྱ་མཚོ་རིན་པོ་ཆེ་མཆོག་དང་། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་མི་འགྱུར་གཡུང་དྲུང་མཐར་ཕྱིན་རིན་པོ་ཆེ་རྣམ་པ་གཉིས་ནི། བོད་ཆུ་སྤྲེལ་སྤྱི་ལོ་༡༩༩༢ལོར་སྐུ་འཁྲུངས། སྟག་ཞིག་དགོན་གྱི་སྤྲུལ་སྐུ་རྣམ་གཉིས་ཀྱི་རེ་སྐུལ་ཐུགས་སྨོན་བཞིན། སྤྱི་ལོ་༢༠༡༡ལོར་དབང་ལྡན་ཞུ་ཡི་གདན་ས་ཁྱད་འཕགས་ཅན་ཞུ་དགོན་སྨིན་གྲོལ་གླིང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་མཉམ་ཞུགས་གནང་།

  ཞྭ་དཀར་རིང་ལུགས་འཛིན་པའི་རྩ་བའི་གྲྭ་ས་གོང་མ་གཙང་བཀྲ་ཤིས་ཐོབ་རྒྱལ་སྨན་རི་དགོན་གྱི་ངེས་དོན་དགེ་བའི་བཤེས་གཉེན་ཆེན་མོ། ཞུ་དགོན་སྨིན་གྲོལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་གཙོས་པའི་དགེ་བཤེས་བཅུ་ཕྲག་ལ་ཉེ་བ་གཙུག་ཏུ་བཀུར་ཞིང་ཐོས་བསམ་དང་འཆད་ཉན་ཚུལ་བཞིན་དུ་མཛད་དེ། རིང་བའི་ལོ་ཟླ་ཞག་དུས་ཀྱི་གསེར་སྐུད་རིང་པོར། གུས་རྟག་བརྩོན་པ་ཟབ་མོས་སྣ་མང་བཅུ་རིག་མུ་ཏིག་གི་ཕྲེང་རྡོག་མཐར་ཆགས་སུ་བརྒྱན་ཏེ། དགག་སྒྲུབ་དང་རྩོད་སྤོང་གི་ཁྲོད་ནས་མདོ་སྔགས་རིག་གནས་དང་བཅས་པའི་གཡུང་དྲུང་བོན་གྱི་དེང་སྐབས་བཤད་གྲྭའི་ཡོངས་ཁྱབ་སྦྱོང་ཚན་རྣམས་ལ་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་དུ་གསན་བསམ་ཉམས་བཞེས་ཚུལ་མཐུན་གནང་། སྐབས་དེའི་རིང་། མི་གཞི་ཀུན་སྤྱོད། སྒྲིག་བརྩི་ཁྲིམས་སྲུང་། སློབ་གཉེར་བརྩོན་འགྲུས་སོགས་ཀྱི་ཐད་ནས་རྒན་སློབ་ཀུན་གྱིས་བསྔགས་འོས་གནས་སུ་གྱུར་ནས་བྱ་དགའ་གཟེངས་རྟགས་གྲངས་མང་ཐོབ།

  སྤུ་རྒྱལ་རིག་སློབ་ཁང་གི་སྐབས་གཉིས་པའི་དགེ་བཤེས་མཛད་སྒོའི་ཐོག་སློབ་མཐར་ལེགས་པར་ཕྱིན་ཏེ་སྤྱི་ལོ་༢༠༢༡/༧/༡༠/༡༡གཉིས་ལ་ཁོང་རྣམ་གཉིས། ཉི་མ་གཅིག་གི་སྔ་རྗེས་སུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་ཀྱང་མཉམ་དུ་བཞེས་གནང་བ་དང་། དགེ་བཤེས་མཛད་སྒོའི་སྐབས་སུ་སྟག་ཞིག་དགོན་གྱི་མཆོག་སྤྲུལ་ཀུན་བཟང་བློ་གསལ་དང་། གྲྭ་བཙུན་རྒན་གྲས། ཉེ་འབྲེལ་ནང་མི་བཅས་ཞུ་དགོན་སྨིན་གྲོལ་གླིང་དུ་ཆེད་བཅར་གནང་སྟེ་མཆོད་འབུལ་ཡི་རངས་ཞུས། དེ་ནས་ལོ་ངོ་གཉིས་ཀྱི་རིང་ལ་སློབ་གླིང་གི་དགེ་རྒན་རྣམ་པའི་ཞལ་གསུང་ཐུགས་བཀོད་བཞིན། སྔགས་རྫོགས་ཆེད་སྦྱོང་དང་། སྒོམ་སྒྲུབ་ཉམས་ལེན་སོགས་ལ་སློབ་བརྩོན་གནང་།

  བོད་ཆུ་ཡོས་ལོ་སྤྱི་ལོ་༢༠༢༣.༧.༢༥ཉིན་ཞུ་དགོན་སྨིན་གྲོལ་གླིང་གི་སྐབས་གསུམ་པའི་དགེ་བཤེས་མཛད་སྒོ་ཆེན་མོ་དང་། ཁྱུང་ཡུལ་དགེ་བཤེས་བགྲོ་གླེང་ཆེན་མོ་སྐབས་དང་པོའི་དཔྱད་གླེང་ཐེངས་གཉིས་པ་རྒྱས་འཚོགས་བྱུང་བའི་མཛད་སྒོ་གཉིས་བརྩེགས་ཀྱི་སྐབས་དང་འབྲེལ་བའི་དུས་ཆེན་ཐོག སྟག་ཞིག་སྡེ་དགོན་ཟུང་གིས་རེ་ཞུས་ལྟར། དགེ་བཤེས་རིན་པོ་ཆེ་རྣམ་པ་གཉིས་ཞུ་དགོན་སྨིན་གྲོལ་གླིང་གིས་ཁྲི་གསོལ་མཛད་པ་དང་། སྤྲུལ་སྐུ་ཡེ་ཤེས་ཉི་མ་དཔོན་གཡོག་གཉིས་ཆེད་དུ་ཕེབས་ཏེ་མཆོད་འབུལ་ཡི་རངས་ཞུས། དེ་ནས་དགེ་བཤེས་རྣམ་པ་གཉིས་རང་ཡུལ་དུ་ཕེབས་བསུ་ཞུས་ཏེ། བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་དང་སྤྱི་ལོ་༢༠༢༣/༧/༢༩ཉིན་དཔལ་གཤེན་བསྟན་སྟག་ཞིག་དགོན་དུ་ལྷ་སྡེ་མི་དམངས་ཕ་ཁུ་སྟག་ཤར་རྣམས་ཀྱིས་རླངས་འཁོར་དང་འཕྲུལ་རྟའི་བང་རིམ་བསྒྲིགས་ཏེ་ཕེབས་བསུ་ཞུས། མ་སྲུ་མོ་སྨན་ཚོགས་ཀྱིས་བསང་མཆོད་ཕུལ་ཞིང་། དར་དཀར་ཕྱར་ནས་གུས་ཞབས་དང་གསོལ་འདེབས་བྱས། དགོན་གྱི་བླ་གྲྭ་རྒན་གཞོན་དར་གསུམ་དང་། མཚམས་པ་ཡང་ཕྱི་ལ་ཕེབས་ནས། རྔ་གཤང་རོལ་མོ། དུང་དང་རྒྱག་གླིང་། སྤོས་དང་དབུ་གདུགས་སོགས་མཆོད་རྫས་སྣ་མང་ཐོགས་ཤིང་སེར་ཕྲེང་ཚར་དུ་དངར་བ་བསྒྲིགས། ཚོགས་ཆེན་ལྷ་ཁང་མདུན་གཅལ་འཆམ་རའི་ནང་དུ། དགེ་བཤེས་རྣམ་གཉིས་ན་བཟའ་པད་ལོ་རིས་དྲུག་ཚུལ་བཞིན་གསོལ། དེ་ནས་བཀྲ་ཤིས་དར་ལམ་ཐོག་ནས་ཕེབས་བསུ་ཞུས་ཤིང་། ཚོགས་ཆེན་སྒོ་མདུན་དུ་སྐུ་བཞེངས་ཏེ་བླ་གྲྭ་ཡོངས་ཀྱིས་གཤེན་རབ་མཆོད་རྔ་བརྡུངས་ཤིང་སྐལ་བཟང་ཀི་བསྭོའི་སྒྲ་དང་བཅས་འདུ་ཁང་ནང་དུ་ཕེབས་བསུ་ལེགས་པར་ཞུས།

  དགེ་བཤེས་རྣམ་པ་གཉིས་ཁྲི་ལ་མངའ་གསོལ་ཏེ་བླ་གྲྭ་རྣམས་ཀྱིས་མཚན་ལྡན་བླ་མ་མཆོད་ཐབས་དང་ཞི་ཁྲོ་དགོངས་འདུས་ལུགས་ལྟར་མཎྜལ་སྐུ་གསུང་ཐུགས་རྟེན་རྒྱས་འབུལ་ཞུས། དེ་ནས་བླ་གྲྭ་སེར་སྐྱ་ཀུན་གྱིས་དྲི་མེད་ལྷ་དར་དཀར་པོ་ཕུལ་ཞིང་མཇལ་ཁ་ཞུས། དགེ་བཤེས་རྣམ་གཉིས་ཀྱིས་སྟག་དགོན་འདུས་སྡེ་ཡོངས་ལ་མང་ཇ་དང་སྐུ་འགྱེད་རྒྱས་འབུལ་ཞུས།

  སྤྲུལ་སྐུ་ཡེ་ཤེས་ཉི་མས་ཁོང་རྣམ་གཉིས་ཕུགས་བསམ་བརྟན་པོའི་ཐོག་ནས། ལོ་མང་རིང་དུ་ཐོས་བསམ་སློབ་གཉེར་ཚུལ་མཐུན་གནང་སྟེ། དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཤིང་རང་དགོན་དུ་གཟི་བརྗིད་ཀྱི་ངང་ནས་ཕེབས་ཐུབ་པ་ལ་རྗེས་སུ་ཡི་རངས་དང་། ལེགས་སོའི་བསྔགས་བརྗོད་ཕུལ་ཏེ། མཛད་འཕྲིན་སྣང་བ་དཀར་པོས་རྒྱལ་གཤེན་ལུང་རྟོགས་ཀྱི་བསྟན་པ་གྱེན་དུ་བཏེགས་ཐུབ་པའི་སྨོན་ཚིག་སྒྲོགས་མཛད་པར་མ་ཟད། གཞན་ད་དུང་ཡང་གྲྭ་སར་ཕེབས་མཁན་རྣམ་པས་ཁོང་རྣམ་གཉིས་ལ་མིག་དཔེ་བལྟ་ནས་སློབ་སྦྱོང་ཚད་ལྡན་གནང་སྟེ། མཁན་པོ་དགེ་བཤེས་ཀྱི་མཚན་བཏགས་ལེགས་པར་བཞེས་ཐུབ་དགོས་པའི་བཀའ་སློབ་ཐུགས་རེ་ཡང་གནང་། འདུས་མང་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་ཀྱིས་མཐར་བརྒྱན་ཏེ་མཛད་སྒོ་ལེགས་པར་གྲུབ་བོ།།དགེའོ།། བཀྲ་ཤིས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།