ཁྱུང་ཡུལ་གྱི་ཉེ་ཆར་གསར་འགྱུར།

[ཟླ་ཚེས། 2023-07-21 06:44:56][རྩོམ་པ་པོ། ཁྱུང་ཡུལ་མེས་པོའི་རིག་མཛོད་གཙོ་གཉེར་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

       མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་སྒོས་སུ་ཡིག་གཟུགས་སྒྱུ་རྩལ་ཁྱབ་གདལ་བཏང་སྟེ། མང་ཚོགས་རྣམས་སྙིང་རུས་ཡར་ཐོན་ཆེ་བའི་ཉམས་བཟང་ཆེས་ཆེར་མངོན་ཞིང་མང་ཚོགས་ཀྱི་རིག་གནས་ཆུ་ཚད་གོང་མཐོར་གཏོང་ཕྱིར། ཉེ་ཆར། ཁ་བ་གངས་ཅན་པའི་ཡུལ་གྲུ་ཁྱུང་ཡུལ་རིག་པ་འབྱུང་བའི་གྲོང་ཁྱེར་ནས་<གངས་ལྗོངས་མེས་པོའི་རིག་མཛོད་> དཔེ་ཚོགས་སྒོ་འབྱེད་དང་< སྟེང་ཆེན་རྫོང་མདངས་ཁྲོད་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོ་> <སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་དཔོན་ཆེན་མོ་རག་ཤི་དྲང་སྲོང་ཚུལ་ཁྲིམས་སངས་རྒྱས་ཀྱི་རྣམ་ཐར་དང་རྗེས་དྲན་བཅས་ཀྱི་དཔེ་སྦྱིན་མཛད་སྒོ་ལྷན་ཚོགས་གྲ་རྒྱས་འཐུས་ཚང་དུ་གཉེར་ཡོད་པ་ནི།
     སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༧ཉིན་ཞོགས་ཀ་ཆུ་ཚོད་༡༠པའི་ཐོག་ན་གཞོན་རྩོམ་པ་པོ་དངོས་གྲུབ་མཆོག་གིས་གཙོ་སྐྱོང་གནང་ཞིང་མཛད་སྒོ་དབུ་བསྙེས་པ་ལགས། ཕྱོགས་སོ་སོར་ནས་གདན་འདྲེན་ཞུས་པའི་བླ་ཆེན་ཁག་དང་། མཁས་དབང་རྣམ་པ། གྲགས་ཅན་གྱི་ཁེ་ལས་པ་བཅས་ཆེད་ཕེབས་ཀྱི་སྐུ་མགྲོན་དག་མཚམས་སྦྱོར་ཞུས།
   དེ་ནས་ཆུ་ཚོད་༡༠དང་སྐར་མ་༣༠ཐོག་ཡིག་གཟུགས་འགྲེམ་སྟོན་བྱས་ཡོད་པར་ཐེངས་འདིའི་ཡིག་གཟུགས་གྲལ་དུ་ལྷ་ས། ནག་ཆུ། ཆབ་མདོ། མཚོ་སྔོན་བཅས་ཀྱི་བྲིས་པ་༢༠༠ལྷག་ཙམ་གྱི་ཡིག་གཟུགས་སྣ་མང་འཛོམས་ཡོད་ལ། སྟེང་ཆེན་རྫོང་གི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལས་ཡིག་གཟུགས་ཀྱི་ཚབ་མཚོན་རང་བཞིན་རྒྱུན་འཛིན་པ་གཡུང་དྲུང་ཚེ་རིང་ནས་དེ་འབྲེལ་གྱི་གསུངས་བཤད་གནངས། དེ་རྗེས་ཆུ་ཚོད་༡༡ཕྱེད་ཀའི་ཐོག་ཁྱུང་ཡུལ་<མེས་པོའི་རིག་མཛོད་>དཔེ་ཚོགས་པར་བསྐྲུན་ལེགས་སྒྲུབ་ཀྱི་བཀྲ་ཤིས་མཛད་སྒོ་དངོས་སུ་སྤེལ། ད་རེས་ཀྱི་དཔེ་ཚོགས་སྒོ་འབྱེད་ནང་མོན་ཡུལ་ནས་གསར་དུ་རྙེད་པའི་བོན་གྱི་དཔེ་རྙིང་ཁག་དང་ཁྱུང་རབས་དཔེ་རྙིང་དཔེ་དཀོན་ཕྱོགས་བསྒྲིགས་གཙོས་ཁྱོན་དེབ་ཕྲེང་༢༡བདམས་བསྒྲིགས་བྱས་ཡོད།
   མཛད་སྒོ་དེ་དང་འབྲེལ་བོན་གྱི་དཔེ་རྙིང་རིག་གཞུང་སྐོར་གྱི་བགྲོ་གླེང་ཐོག་མ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་མཁས་དབང་དོན་གྲུབ་ལྷ་རྒྱལ་མཆོག་གིས་བགྲོ་གླེང་དང་། དེ་ནས་རིམ་བཞིན་བོད་ལྗོངས་ནང་བསྟན་ཡན་ལག་ཐུན་ཚོགས་ཀྱི་ཚོགས་གཞོན་རག་བླ་ལུང་རིག་ཀུན་གསལ་སྙིང་པོ་མཆོག་ནས་གསུང་བཤད་གནང་། ཁྱུང་པོ་སྟེང་ཆེན་དགོན་གྱི་དབུ་བླ་འོད་ཟེར་སྦྱིན་པ་ཕུན་ཚོགས་མཆོག་ནས་དེ་འབྲེལ་གྱི་བཀའ་སློབ་བསྩལ། ལོ་རྒྱུས་ཉམས་ཞིབ་པ་མཆིན་ནགས་ཀུན་དགའ་རྒྱ་མཚོ་མཆོག་གི་བགྲོ་གླེང་དང་། ཁྱུང་པོ་ཀོ་རྒྱལ་དགོན་གྱི་མཚན་ཉིད་དགེ་རྒན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་མཆོག་གིས་སློབ་སྟོན་གནང་བ་ལགསོ།།
   ཉིན་གུང་ཆུ་ཚོད་༣པའི་ཐོག་ཞུ་ཚང་དགེ་བཤེས་སྐལ་བཟང་རྒྱལ་མཚན་མཆོག་གིས་གཙོ་སྐྱོང་གནང་ནས་སྨན་རིའི་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་མཆོག་གིས་མཛད་སྒོ་དེ་འབྲེལ་གྱི་བགྲོ་གླེང་དང་། རིམ་བཞིན་སྟེང་ཆེན་སྨན་རྩིའི་ཁང་གི་གླིང་གཙོ་འབུམ་རམས་པ་གཡུང་དྲུང་བཀྲ་ཤིས་མཆོག་དང་། སྨན་རིའི་དགེ་བཤེས་བསོད་ནམས་ཚུལ་ཁྲིམས་བཅས་ཀྱི་བགྲོ་གླེང་གནང་།
    ཕྱི་དྲོ་ཆུ་ཚོད་༥དང་ཕྱེད་ཀའི་ཐོག་ཞུ་ཚང་སྐལ་བཟང་རྒྱལ་མཚན་མཆོག་ནས་གཙོ་སྐྱོང་གནང་ཞིང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་དབང་དོན་གྲུབ་ལྷ་རྒྱལ་མཆོག་ནས་དམིགས་གསལ་གྱི་མཛད་རིམ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། མཛད་སྒོའི་ཐོག་ཆེད་ཕེབས་ཀྱི་སྐུ་མགྲོན་རྩེ་དྲུག་དགོན་གྱི་ཁྲི་འཛིན་དབྲ་ཁྱུང་བསྟན་འཛིན་འོད་ཟེར་མཆོག་ནས་བཀའ་སློབ་གནང་ཡོད།
   མཚམས་ནས་ཉིན་དེའི་ཡིག་གཟུགས་འགྲན་བསྡུར་དངོས་བཞུགས་པ་རྣམས་ལ་བྱ་དགའ་སྤྲད་པ་དང་། མཛད་སྒོའི་གོ་སྒྲིག་པ་དག་ལ་བཀའ་དྲིན་ལེགས་གསོལ་དུ་མགུལ་དར་གསོལ། ཁྱུང་ཡུལ་མེས་པོའི་རིག་མཛོད་དཔེ་ཚོགས་རྩོམ་སྒྲིག་པ་རྣམས་དང་། བཀའ་དྲིན་གཞལ་མཐའ་བྲལ་བའི་སྦྱིན་བདག་རྣམ་པར་ཐུགས་རྗེ་ལེགས་གསོལ་མཚོན་བྱེད་ཀྱི་གཟེངས་བསྟོད་དང་མགུལ་དར་བཅས་ཕུལ། མཇུག་མཐར་ཁྱུང་ཡུལ་ངས་པ་མ་ཁུ་དགོན་གྱི་དབུ་བླ་རག་ཤི་ཚུལ་ཁྲིམས་བསྟན་རྒྱལ་མཆོག་ནས་བཀའ་དྲིན་ལེགས་གསོལ་གྱི་སྨོན་ཚིག་དང་། ཁ་དགེ་བཀྲ་ཤིས་ཀྱི་མཇུག་སྡོམ་ཏེ་ཕ་ཡུལ་གྱི་ཤེས་དཔལ་མངོན་དུ་ཕྱོགས་པའི་ལེགས་བྱས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་ཚུལ་དུ་སྲི་ཞུའི་ལས་བཟང་ལ་སྤྲོ་སེམས་རབ་ཏུ་འཁོར་བར་དགེ་ལེགས་འཕེལ་བ་བཅས་སོ། །ཐ་ཚན་མུ་ཚུག་སྨར་རོ། །
       ཁྱུང་ཡུལ་མེས་པོའི་རིག་མཛོད་གཙོ་གཉེར་ཁང་ནས་༢༠༢༣/༧/༡༥
གནས་བསྡུས་རྒྱས་པ་གཤམ་གྱི་དྲ་ངོས་འཕྲིན་སྟེགས་ལ་གཟིགས་པར་འཚལ།

https://mp.weixin.qq.com/s/baggQOMJYgb7wqYhs-JQXg
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།