«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།—དམར་རུའི་གླེགས་བམ»ཞེས་པ་འགྲེམ་སྤེལ་མཛད་སྒོའི་གནད་བསྡུས།

[ཟླ་ཚེས། 2023-06-25 13:58:18][རྩོམ་པ་པོ། རྩོམ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།—དམར་རུའི་གླེགས་བམ»ཞེས་པ་འགྲེམ་སྤེལ་མཛད་སྒོའི་གནད་བསྡུས།

  མཚོ་བོད་མཐོ་སྒང་ནི་རི་བོ་ཀུན་གྱི་རྒྱལ་པོ་དང་ཆུ་བོ་ཡོངས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས། མཚོ་བོད་མཐོ་སྒང་ལ་ཤར་ཨེ་ཤ་ཡའི་ཚེ་སྲོག་དང་ཤེས་རིག་གི་འབྱུང་ཁུངས་སུ་བཤད་ཆོག་ཅིང་། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་མཆོག་གིས་ཀྱང་། “ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་དུ་འཕགས་པའི་དགེ་མཚན་ཞིག་ཡིན་པ་དང་། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་ཡོང་བར་བྱེད་རྒྱུའི་ཆ་རྐྱེན་དུ་འཛིན་དགོས”ཞེས་གལ་ཆེའི་བསླབ་བྱ་གནང་བ་ལྟར། ཉེ་བའི་ལོ་དག་ཏུ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཚ་ཚ་འུར་འུར་གྱི་སྒོ་ནས་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་དང་། དམངས་སྲོལ་རིག་གནས་སོགས་འཚོལ་བསྡུ་བྱས་ཏེ་དེབ་ཕྲེང་བཅུ་ཕྲག་དུ་མ་པར་སྐྲུན་གནང་ཡོད་པ་མ་ཟད། སྦྲ་ཆེན་རྫོང་གིས་ཀྱང་མིག་སྔར་དམངས་སྲོལ་དེབ་ཕྲེང་ལྔ་པར་དུ་བཏབས་ཡོད།



  སྤྱི་ལོ 2020 ལོ་ནས་བཟུང་སྦྲ་ཆེན་རྫོང་དམར་རུ་ཤང་གིས་ཀྱང་རྫོང་སྲིད་གྲོས་ཀྱི་མཛུབ་སྟོན་འོག །རང་ཡུལ་གྱི་ཤེས་ལྡན་མི་སྣ་བསྐོང་འགུག་གནང་ནས། «སྦྲ་ཆེན་རྫོང་དམར་རུའི་ཞི་ནག་རིག་གནས་དཔེ་ཚོགས»ཞེས་པའི་དེབ་ཕྲེང་ལྔ་ཡི་བདག་ཉིད་ཅན་རྩོམ་སྒྲིག་གི་ལས་གཞི་དངོས་སུ་སྒྲུབ་པའི་ནང་། འདས་པའི་བགྲང་བྱ་ཧྲིལ་པོ་གསུམ་ལྷག་ཙམ་རིང་དཀའ་བ་ཁྱད་བསད་ངལ་གདོང་ལེན་གྱི་དཔེ་ལྟར་འབད་འབུངས་བྱས་པ་བརྒྱུད། ད་ཐེངས་དེབ་ཕྲེང་དང་པོ«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།—དམར་རུའི་གླེགས་བམ»མམ། «སེར་པོ་ཧོར་གྱི་སྒྲ་བླ་ཞི་ནག་དབང་རྒྱལ་གཙོས་པའི་སྦྲ་ཆེན་དམར་རུའི་རི་ཆུའི་ལོ་རྒྱུས་མགོན་ཤེས་ལྷ་ཀླུ་དགྱེས་བྱེད»ཅེས་པ། སྤྱི་ལོ 2023 ལོའི་ཟླ་བ 2 པར་དངོས་སུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན། སྤྱི་ལོ 2023 ལོའི་ཟླ་བ 6 པའི 23 ཉིན་དམར་རུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྣེ་ཁྲིད་འོག །ཞི་ནག་རིག་གནས་རྩོམ་སྒྲིག་ཚོགས་ཆུང་གིས་གཙོ་སྐྱོང་གནང་སྟེ་ཡངས་པའི་རྩྭ་ཐང་ཆེན་མོ་ཐང་སེར་ཐང་ཆེན་དུ་དམར་རུ་ཤང་གི་སྦྲ་ནག་ལེན་གསུམ་མ་ཡི་ནང་དུ་འགྲེམ་སྤེལ་མཛད་སྒོ་བསྡུས།

  ཐེངས་འདིའི་མཛད་སྒོའི་ནང་དུ་སྦྲ་ཆེན་རྫོང་སྲིད་གྲོས་ཏང་ཙུའུ་ཁོངས་མི་ཀྲུའུ་ཞི་སྐུ་གཞོན་སྒྲོལ་མ། སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲག་པུའུ་པུའུ་ཀྲང་སྐུ་གཞོན། རྫོང་རིག་གནས་དང་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་བཀྲ་ཤིས་ཟླ་བ། དམར་རུ་ཤང་ཏང་ཨུད་ཧྲུའུ་ཅི་སྐུ་གཞོན། ཤང་ཀྲང་ཀའོ་ཡུང་ལད། སྦྲ་ཆེན་རྫོང་ཞིང་ལས་དང་གྲོང་གསེབ་ཅུད་ཀྱི་རིམ་གསུམ་ཀྲུའུ་རེན་ཁའོ་ཡོན་ཁྱུང་ཆེན། སྦྲ་ཆེན་རྫོང་སྲིད་གྲོས་གཞུང་ལས་ཁང་གི་ཀྲུའུ་རེན་སྐུ་གཞོན་གོའུ་ཚེ་ཀང་། དམར་རུ་ཤང་སྤྱི་བདེ་མངགས་གཏོང་ཁང་གི་ཚེ་རིང་བཟང་གྲགས། སྦྲ་ཆེན་རྫོང་བྱ་མང་ཤང་མི་དམངས་སྲིད་གཞུང་བདེ་འཇགས་འཛུགས་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་དཀར་མོ། དམར་རུ་ཤང་རིག་གནས་ས་ཚིགས་ཀྱི་འགོ་འཛིན་ཨོ་རྒྱན་རྡོ་རྗེ་སོགས་གདན་བཞུགས་མཛད་པ་མ་ཟད། གཞན་ཡང་དམར་རུའི་ལས་བྱེད་རྒན་གྲས་དང་སྲིད་འཛིན་གྲོང་ཚོ་བཅོ་བརྒྱད་ཀྱི་དབུ་ཁྲིད་གཙོས་པའི་ཤེས་དཔལ་རིག་གསུམ་ལ་དུང་བ་ཟབ་པའི་རྒྱ་ཆེའི་མང་ཚོགས་བཅས། ཁྱོན་བསྡོམས་མི་གྲངས་བདུན་ཅུ་ལྷག་མཉམ་ཞུགས་བྱས།

  སྦྲ་ཆེན་རྫོང་སྲིད་གྲོས་ཏང་ཙུའུ་ཁོངས་མི་ཀྲུའུ་ཞི་སྐུ་གཞོན་སྒྲོལ་མ་དང་རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་བཀྲ་ཤིས་ཟླ་བ། དམར་རུ་ཤང་ཏང་ཨུད་ཧྲུའུ་ཅི་སྐུ་གཞོན། ཤང་ཀྲང་ཀའོ་ཡུང་ལད། རྫོང་ཞིང་ལས་དང་གྲོང་གསེབ་ཅུད་ཀྱི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་ཁྱུང་ཆེན། ཞི་ནག་རིག་གནས་རྩོམ་སྒྲིག་ཁོངས་མི་ཀླུ་ཕུག་དགོན་ཆེན་གྱི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་རྣམ་པ་ལྔ་ཡིས། དེབ་གསར་གྱི་ཞལ་ཁེབས་ཕྱེས་ཏེ་མཛད་སྒོ་དངོས་སུ་དབུ་ཚུགས་པ་དང་། དམར་རུ་ཤང་ཏང་ཨུད་ཧྲུའུ་ཅི་སྐུ་གཞོན། ཤང་ཀྲང་ཀའོ་ཡུང་ལད་ལགས་ཀྱིས་དམར་རུའི་ལོ་རྒྱུས་ངོ་སྤྲོད་དང«མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས།—དམར་རུའི་གླེགས་བམ»གྱི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་གནང་།

  ལྷག་དོན་དུ་སྦྲ་ཆེན་རྫོང་སྲིད་གྲོས་ཏང་ཙུའུ་ཁོངས་མི་ཀྲུའུ་ཞི་སྐུ་གཞོན་སྒྲོལ་མ་དང་། རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་བཀྲ་ཤིས་ཟླ་བ། སྦྲ་ཆེན་རྫོང་ཞིང་ལས་དང་གྲོང་གསེབ་ཅུད་ཀྱི་རིམ་གསུམ་ཀྲུའུ་རེན་ཁོའོ་ཡོན་ཁྱུང་ཆེན་བཅས་ཀྱིས་ཐེངས་འདིའི་དེབ་གསར་ལ་གདེང་འཇོག་ཆེན་པོའི་སྒོ་ནས་གསུང་བཤད་གལ་ཆེན་དང་མ་འོང་ལམ་སྟོན་མཛད་ཅིང་། རྫོང་རིག་གནས་ཡུལ་སྐོར་ཅུད་ཀྱིས་དམར་རུ་ཤང་ཏང་ཨུད་སྲིད་གཞུང་དང་ཞི་ནག་རིག་གནས་རྩོམ་སྒྲིག་ཚོགས་ཆུང་ལ་གཟེངས་བསྟོད་བསྩལ། དེ་བཞིན་དམར་རུའི་ལས་བྱེད་རྒན་གྲས་དང་གྲོང་ཚོ་སོ་སོའི་དབུ་ཁྲིད་རྣམ་པས་ཀྱང་དེར་མཐུན་གྱི་སྒོ་ནས་བགྲོ་གླེང་ལྷུག་པོར་མཛད་པ་བཅས། དགྱེས་པའི་འཛུམ་ཞལ་ངང་ཁ་དགེ་བཀྲ་ཤིས་ཀྱི་སྒོ་ནས་ཐེངས་འདི་ཡི་མཛད་སྒོ་ཡོངས་སུ་མཇུག་བསྡུས་པ་བཅས་སོ། །

  བོད་ལྗོངས་སྦྲ་ཆེན་རྫོང་དམར་རུའི་ཞི་ནག་རིག་གནས་རྩོམ་སྒྲིག་ཚོགས་ཆུང་ནས།

  སྤྱི་ལོ2023ལོའི་ཟླ་བ6ཚེས24ཉིན།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།