སྐུ་གདུང་ཞུགས་འབུལ་གྱི་གནས་བསྡུས།

[ཟླ་ཚེས། 2023-06-19 22:21:14][རྩོམ་པ་པོ། གཡུ་རི་བཤད་སྡེའི་འཛིན་སྐྱོང་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   བདག་ཅག་གི་འདྲེན་པ་ཆེན་པོ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཁྱད་པར་ཅན།  ཡོངས་སུ་གྲགས་པའི་སྤྱོད་ཡོན་མཚུངས་ཟླ་མ་མཆིས་པ་གདན་ས་༧སྨན་རིའི་བཤད་སྒྲུབ་མཁན་ཟུར་གཡུ་རི་བཤད་སྒྲུབ་སློབ་གླིང་གི་མཁན་སློབ་གཅིག་ལྕོགས་དགེ་བའི་བཤེས་གཉེན་ཆེན་མོ་བསོད་ནམས་ཕུན་ཚོགས་དཔལ་བཟང་པོ་གང་ཉིད་ཀྱིས།  དང་པོ་མཁས་པའི་བྱ་བ་གསུམ་གྱིས་རང་རྒྱུད་ཀུན་ནས་ཕྱུག་པར་མཛད་ཅིང་།  བསྟན་དང་འགྲོ་བའི་དོན་ཆེན་ལུང་རྟོགས་འཆད་ཉན་དང་བཤད་སྒྲུབ་བསྟན་པའི་འཁོར་ལོ་རྒྱ་ཆེར་བསྐོར་ནས་རབས་འབྱམས་དགེ་བའི་བཤེས་གཉེན་སྔ་ཕྱི་མང་པོ་གསོ་སྐྱོང་གནང་སྟེ།  སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་ཐུགས་ཀྱི་དགོངས་པ་ཇི་བཞིན་བསྟན་པ་དངོས་ལ་སྨན་པའི་མཛད་པ་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་སྒང་འདིར།  གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་སྐུ་མི་རྟག་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས།  ཤུལ་དུ་ལུས་པ་གཡུ་རི་བཤད་སྒྲུབ་སློབ་གླིང་གི་དགེ་སློབ་ཐམས་ཅད་གཙོས་པའི་རྒྱ་ཕྱི་ནང་གི་སློབ་མའི་ཚོགས་གྱུར་ཀུན་དང་།  ལུང་རྟོགས་བཤད་སྒྲུབ་ཀྱི་བསྟན་པ་ལ་གཅེས་པ་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་མན་ཆོད་ནས་གདུང་སེམས་མཉམ་བསྐྱེད་དང་གདུང་འདེབས་མཆོད་འབུལ་སྨོན་ལམ་གང་ཟབ་གནང་མུས་ལགས་ཤིང་། 

 འདི་ག་གཡུ་རི་བཤད་སྒྲུབ་སློབ་གླིང་གི་དགེ་བཤེས་རྣམ་པ་དང་སློབ་མ་རྣམ་པའི་རེ་འདོད་དང་། འབྲེལ་ཡོད་བླ་མ་ཆེ་ཁག་གི་དགོངས་གཞི་བཅས་རྒྱུ་རྐྱེན་གཉིས་འཛོམས་ལ་བརྟེན་ནས།  སྐྱབས་མཆོག་མགོན་པོ་ཞིང་གཤེགས་དམ་པ་དཔལ་ལྡན་རྩ་བའི་བླ་མའི་སྐུ་གདུང་ཞུགས་འབུལ་ཆེད།  ཀུན་རིག་གཙོ་བརྒྱ་འཁོར་བཅུ་བླུགས་ནས།  རྩ་བའི་གྲྭ་ས་འོག་མ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་༧སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ཚོགས་མགོན་དུ་དབུ་བཞུགས་འོག  བླ་སྤྲུལ་མཁན་པོ་དགེ་བཤེས་ཉི་ཤུ་ལྷག་ཙམ་དང་དགེ་འདུན་པ་བརྒྱ་སྐོར་ལ་ཉེ་བ་ཙམ་གྱིས། 
   སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེའི་དགོངས་བཞེད་ལྟར།  ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༤ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་གྱི་ཞོགས་པ་ཕྱག་ཚོད་བརྒྱད་པའི་སྟེང་སྐུ་གདུང་ཞུགས་འབུལ་གནང་ཞིང་།  ཡུལ་དངོས་སུ་འབྱོར་བའི་མགོན་པོ་ཞིང་གཤེགས་དམ་པའི་དད་འབངས་སྐྱ་སེར་བརྒྱ་ཕྲག་མང་པོས་གདུང་འབོད་དང་མཆོད་འབུལ་སྨོན་ལམ་གང་ཟབ་ཞུས་པའི་གནས་བསྡུས་སུ།
 གཡུ་རི་བཤད་སྡེའི་འཛིན་སྐྱོང་ལྷན་ཚོགས་ནས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།