༢༠༢༣ལོའི་དགའ་མལ་དགོན་ཆེན་གྱི་དགེ་བཤེས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2023-06-10 13:28:41][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧ དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་ངམ་དགའ་མལ་དགོན་ཆེན་གྱི་སྐབས་གཉིས་པའི་སྐལ་བཟང་དགེ་བའི་བཤེས་གཉེན་ཀྱི་མཛད་སྒོ་སྤེལ་བ།
    སྤྱི་ལོ་༢༠༢༣ལོའི་ཟླ་༥ཚེས་༣༡ཉིན་མདོ་སྨད་བོན་གྱི་འདུས་སྡེ་ཆེན་པོ་དཔལ་གཤེན་བསྟན་ཀུན་ཁྱབ་བདེ་ཆེན་གླིང་གི་སྐབས་གཉིས་པའི་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་མཛད་སྒོ་དངོས་སུ་དབུ་བཙུགས་པ་ལགས་ཏེ། དེ་ཡང་སྔ་དྲོར་ཕྱག་ཚོད་༡༠པའི་ཐོག་ཚོགས་ཁང་རབ་གསལ་དཀྱིལ་ནས་དུང་གླིང་གྷན་དྷེ་བཅས་ཚོགས་བརྡ་ལྷན་དུ་བཏང་བ་དང་།

   མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་བསྐལ་བཟང་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་གཙུག་ལག་ཁང་གཡས་གཡོན་གཉིས་ནས་སྤོས་གླིང་གིས་སྣེ་དྲངས་ཏེ་གཞལ་ཡས་ཁང་དུ་གདན་འདྲེན་ཞུས། དེ་བཞིན་ཚོགས་ཁང་གཡས་གཡོན་གཉིས་ནས་སྐབས་བབས་ཀྱི་བཀའ་རམས་པ་སྟེ།
   བཀའ་རབ་འབྱམས་པ་གཤེན་གྱི་དྲང་སྲོང་ཡར་ཤོར་ཚང་ཤེས་རབ་སྐལ་བཟང་ཚུལ་ཁྲིམས་ལགས་དང་བཀའ་རབ་འབྱམས་པ་གཤེན་གྱི་དྲང་སྲོང་ཀླུ་དབང་ཚང་ཤེས་རབ་ཚུལ་ཁྲིམས་ཉི་མ་ལགས་གཉིས་གསས་ཁང་ནང་དུ་ཕེབས་བསུ་ཞུས་པ་དང་། རིམ་བཞིན་གྲྭ་མང་ལྷན་རྒྱས་ཚོགས་ལ་ཕེབས་ཤིང་དབུ་མཛད་ཆེན་མོས་འདོན་པའི་དབུ་བྱམས་མའི་སྔགས་བསྟོད་དང་ཇ་མཆོད་སྐྱབས་མཆོག་དམ་པ་གྱེར་ནས་འབྲས་སིལ་དང་འོ་ཇ་བཞེས།
     དེ་ནས་ཚོགས་ཆེན་ཞལ་ངོས་ནས་སྐབས་བབས་ཀྱི་བཀའ་རམས་པ་གཉིས་ལ་ཆབ་བརྒྱགས་ཏེ་སྐབས་བབས་བཀའ་རམས་པ་གཉིས་ཚོགས་གདན་ལས་བཞེངས་ཏེ་གྲལ་མཇུག་ཏུ་གུས་ཕྱག་གསུམ་ཕུལ་ནས་མཁན་སློབ་གཉིས་ལ་ཁྲི་མཇལ་བྱས་ནས་དཀྱིལ་གྲལ་དུ་དྲང་ངེར་བཞེངས་སུ་གནང་སྟེ།
   དཔོན་སློབ་རིན་པོ་ཆེས་སྔོན་འགྲོ་བཤད་པ་ཆེན་མོའི་གཞུང་ཚིག་དབྱངས་སུ་གྱེར་ཞིང་གྲུབ་པ་དང་། སྐབས་བབས་བཀའ་རམས་པ་གཉིས་ཀྱིས་སྔོན་འགྲོ་བཤད་པའི་གཞུང་ཚིག་གྱེར་འདོན་གྲུབ་པའི་རྟིང་དུ་ཚོགས་གྲོལ། ཉིན་གུང་ཕྱག་ཚོད་བཅུ་གཉིས་སྟེང་གཏོང་སྒོ་ཆེན་མོ་དང་།
   ཕྱི་དྲོར་ཕྱག་ཚོད་༢དང་ཕྱེད་ཀའི་ཐོག་མཁན་སློབ་རྣམ་གཉིས་དང་སྐབས་བབས་ཀྱི་བཀའ་རམས་པ་རྣམས་སྔར་མུས་ལྟར་ཕེབས་བསུ་ཞུས་ཤིང་ཚོགས་ལ་འཁོད། སྐབས་བབས་བཀའ་རམས་པ་གཉིས་ནས་སྔོན་འགྲོ་བཤད་པའི་མཇུག་གྱེར་གྲུབ་པ་དང་། མདོ་ཀློང་རྒྱས་ལྟར། མངའ་དབུལ་བཀྲ་ཤིས་གསོལ་ནས་མེ་ཏོག་སིལ་མ་གཏོར་བའི་མཐར་བསྔོ་སྨོན་གྱིས་རྒྱས་གདབ་སྟེ་སྔོན་འགྲོ་བཤད་པའི་རིམ་པ་དང་པོ་རྫོགས་པའོ།།
    སྤྱི་ལོ་༢༠༢༣ལོའི་ཟླ་༦ཚེས་༡ཉིན་མཛད་སྒོའི་ཉིན་གཉིས་པའི་སྔོན་འགྲོ་བཤད་པའི་རིམ་པ་ནི་ཁ་རྩང་ལྟར་ཡིན་ལ། དེ་ཡང་སྔ་དྲོར་མཁན་སློབ་རྣམ་གཉིས་གདན་འདྲེན་ཞུས་ཚུལ་གོང་བཞིན་གནང་། དེ་ནས་སྐབས་བབས་ཀྱི་བཀའ་རམས་པ་གཤེན་གྱི་དྲང་སྲོང་སྤྱི་འདུལ་ཚང་སྐལ་བཟང་ཚུལ་ཁྲིམས་བློ་ལྡན་ལགས་དང་། བཀའ་རམས་པ་གཤེན་གྱི་དྲང་སྲོང་མཁས་གྲུབ་ཚང་སྐལ་བཟང་གཡུང་དྲུང་ལེགས་ལྡན་ལགས་གཉིས་ཚོགས་ཁང་གཡས་གཡོན་གཉིས་ནས་དགོན་ཁག་ཚོགས་ཁང་དུ་ཕེབས་བསུ་ཞུ་བ་དང་ལྷན་བསླབ་གསུམ་འདུས་མང་ཚོགས་ལ་བཞུགས་ཚུལ་གོང་ལྟར་རོ།།
   དེ་ནས་ཚོགས་ཆེན་དགེ་སྐོས་ཀྱིས་སྐབས་བབས་བཀའ་རམས་པ་གཉིས་ལ་ཆབ་རྒྱོབ་ནས་མཁན་སློབ་རྣམ་གཉིས་ལ་མཇལ་བཅར་ཞུས། དཔོན་སློབ་རིན་པོ་ཆེས་སྔོན་འགྲོ་བཤད་པའི་གཞུང་ཚིག་དབྱངས་སུ་གྱེར་ནས་གྲུབ་པ་དང་སྐབས་བབས་བཀའ་རམས་པ་གཉིས་ཀྱིས་སྔོན་འགྲོ་བཤད་པ་གོང་ལྟར་གྱེར་མཚམས་ཐོན་པ་ནས་ཚོགས་གྲོལ།
   ཉིན་གུང་དུ་གཏོང་སྒོ་ཆེན་མོར་འཚོགས། ཕྱི་དྲོར་མཁན་སློབ་རྣམས་གོང་ལྟར་གདན་ཞུས་གནང་ཞིང་།  སྐབས་བབས་བཀའ་རམས་པ་གཉིས་ཀྱིས་སྔོན་འགྲོ་བཤད་པའི་མཇུག་གྱེར་ཚར་ནས་བཀྲ་ཤིས་སྨོན་ལམ་གསུངས་ཏེ་ཉིན་རིམ་གཉིས་པའི་རིམ་པ་རྫོགས།
   སྤྱི་ལོ་༢༠༢༣ལོའི་ཟླ་༦ཚེས་༢ཉིན། ཉིན་གསུམ་པའི་སྔོན་འགྲོ་བཤད་པའི་མཛད་སྒོ་རིམ་པ་ནི། སྔ་དྲོར་མཁན་སློབ་རྣམ་གཉིས་གདན་འདྲེན་ཞུ་ལུགས་གོང་བཞིན་བགྱིས་ཏེ། སྐབས་བབས་ཀྱི་བཀའ་རམས་པ་གཤེན་གྱི་དྲང་སྲོང་ཀླུ་གྲུབ་ཚང་ཚུལ་ཁྲིམས་བསྟན་པ་དབང་ལྡན་ལགས་དང་། བཀའ་རམས་པ་གཤེན་གྱི་དྲང་སྲོང་དམུ་ར་ཚང་ཤེས་རབ་བསྟན་པའི་ཟླ་བ་ལགས་གཉིས་སྤོས་གླིང་གིས་སྤྱན་དྲངས་ཏེ་གཙུག་ལག་ཁང་དུ་ཕེབས་བསུར་བྱས་ཤིང་། ཚོགས་གྲལ་ལས་ཡར་བཞེངས་མཛད་དེ་མཁན་སློབ་གཉིས་ལ་ཁྲི་མཇལ་ཞུས་ནས་དཀྱིལ་གྲལ་དུ་དྲང་ངེར་བཞུགས་པ་དང་། དཔོན་སློབ་རིན་པོ་ཆེས་སྔོན་འགྲོ་བཤད་པའི་གཞུང་ཚིག་གྱེར་ཞིང་གྲུབ་མཚམས།
   སྐབས་བབས་བཀའ་རམས་པ་གཉིས་ཀྱིས་བཤད་པའི་རིམ་པ་གྱེར་དབྱངས་གྲུབ་ནས་ཚོགས་གྲོལ། ཉིན་གུང་དུ་གཏོང་སྒོ་ཆེན་མོར་འཚོགས། ཕྱི་དྲོར་འགྲོ་ལུགས་སྔ་ལྟར་ཡིན་ཞིང་། སྐབས་བབས་ཀྱི་བཀའ་རམས་གཉིས་ནས་བཤད་ཚིག་མཇུག་གྱེར་གྲུབ་ནས་བཀྲ་ཤིས་གསོལ་བའི་འགྲོ་རིམ་གསུམ་པ་རྫོགས།
    སྤྱི་ལོ་༢༠༢༣ལོའི་ཟླ་༦ཚེས་༣-༤བར་དངོས་གཞིའི་རྩོད་རྒྱུགས་དམ་བཅའ་ཆེན་མོ་སྟེ། སྔ་དྲོར་ཕེབས་བསུ་ཞུ་རིམ་སྔོན་འགྲོའི་སྐབས་ལྟར་ཡིན་ཞིང་། དབུས་ཀྱི་མཁན་སློབ་རྣམ་གཉིས་གཙོས་མང་འདུས་སེམས་དཔའ་རྒྱ་མཚོ་ཚོགས་གྲལ་དུ་བཞུགས་སུ་གནང་སྟེ་ཇ་མཆོད་ཟླ་བྲལ་ཨ་དཀར་གསུངས་ནས་འབྲས་སིལ་དང་འོ་ཇ་མཉམ་བཞེས་མཛད།
   དེ་ནས་དགེ་སྐོས་ཀྱིས་སྐབས་བབས་ཀྱི་བཀའ་རམས་པ་དག་ལ་ཆབ་དྲངས་ཏེ་བཀའ་རམས་པ་གདན་ལས་ཡར་བཞེངས་གྲུབ་ནས་དབུས་ཀྱི་མཁན་སློབ་གཉིས་ལ་མཇལ་བཅར་ཞུས་རིམ་བཞིན་དཀྱིལ་གྲལ་དམ་ཁྲིའི་སྟེང་དུ་བཞུགས་སུ་གནང་སྟེ། དཀའ་ཆེན་དཀའ་ཆུང་རིམ་པ་ལྟར་ངག་རྒྱུགས་དམ་བཅའ་ཕུལ་ཏེ་རྒྱུགས་ཕུལ་བ་དང་ཚོགས་གྲོལ།
   ཉིན་གུང་དུ་གཏོང་སྒོ་ཆེན་མོར་འཚོགས། ཕྱི་དྲོར་ཕྱག་ཚོད་གཉིས་པའི་ཐོག་དངོས་བཞིའི་དམ་བཅའ་ཆེན་མོར་བཞུགས་པ་དང་། དགེ་བཤེས་གོང་མ་ནས་སློབ་མའི་བར་གསང་བ་སེམས་ཕྱོགས་དང་ནང་བ་སྒྱུར་ལམ་སྔགས། ཕྱི་སྤང་ལམ་མདོ་ལས་འཕྲོས་ཏེ་རྩོད་པ་ལུང་རིག་གི་མཆོད་པ་འབུལ་བའི་དངོས་གཞིའི་དམ་བཅའི་རིམ་པ་རྫོགས།
 
  སྤྱི་ལོ་༢༠༢༣ལོའི་ཟླ་༦ཚེས་༥ཉིན་བཀྲ་ཤིས་ཁྲི་འདོན་ཀྱི་མཛད་སྒོ་སྟེ། སྔ་དྲོར་ཕྱག་ཚོད་༡༠ཐོག་མཁན་སློབ་རྣམ་པ་ཚོ་ཚོགས་ཆེན་འདུ་ཁང་དུ་གདན་ཞུས་གནང་ཞིང་། བཀའ་རམས་པ་དག་དང་སྐུ་མགྲོན་ནང་མི་བཅས་ཀྱིས་ལག་དུ་ཚན་པ་གོས་ཆེན་རེར་བསྣམས་ནས་རིམ་པར་བསྟར་བསྒྲིགས་ཏེ་མཁན་སློབ་གཉིས་ལ་འདེགས་འབུལ་ཞུས།
  སྐབས་ཀྱི་བཀའ་རམས་པ་དག་བཀྲ་ཤིས་དམ་བཅར་བཞུགས་ཏེ། དགེ་བཤེས་དང་སློབ་གཉེར་བ་རྣམས་ཀྱིས་རིམ་པར་ཤིས་བརྗོད་ཀྱི་རྟགས་གསལ་རྩོད་པར་གྲུབ་ནས་རེ་ཞིག་ཚོགས་གྲོལ།
   ཕྱི་དྲོར་ཕྱག་ཚོད་གཉིས་པའི་ཐོག་མང་འདུས་ཚོགས་ལ་ཕེབས་ཏེ་སྐབས་བབས་ཀྱི་བཀའ་རམས་པ་དག་གིས་སྔ་ལྟར་མཁན་སློབ་གཉིས་ལ་ཁྲི་མཇལ་ཞུས་ནས་དཀྱིལ་གྲལ་དུ་རིམ་གྱིས་བསྟར་བསྒྲིགས་པ་དང་།
   དཔོན་སློབ་རིན་པོ་ཆེས་མཚན་བཏགས་ཚིག་བཤད་རབ་དཀར་པད་མོའི་འཕྲེང་མཛེས་གསུངས་ཤིང་དགེ་བཤེས་ཀྱི་མཚན་སོ་སོར་བཀའ་དྲིན་བསྩལ་བར་གནང་། དེ་ནས་དགེ་བཤེས་རྣམས་ཀྱིས་མཆོད་ཚིག་སྨོན་པ་ཡོངས་གྲུབ་གསུངས་བའི་རྗེས་སུ། མཁན་སློབ་རྣམ་གཉིས་ཀྱིས་དགེ་བཤེས་ཕྱག་འཁྱེར་གྱི་དཔང་ཡིག་དངོས་སུ་བསྩལ་བར་མཛད། དེ་ནས་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀྲ་ཤིས་ཚིག་བཀྲའི་རིམ་པ་དབྱངས་ལ་གྱེར་ཏེ་མཆོད་འབྲུ་མེ་ཏོག་སིལ་མ་གཏོར།
   དེ་ནས་ཟིང་ཆུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ར་ཁང་དུ་ཁྲི་བཞེངས་མཛད་དེ་སེར་སྐྱ་སྟོང་ཕྲག་རེ་ཟུང་གིས་ཤིས་ཚིག་གི་མཆོད་པར་དྲངས་ཏེ་སྐལ་པ་བཟང་ཞེས་པའི་སྙན་ཚིག་གིས་མཐར་རྒྱན་ཏེ་སྐལ་བཟང་དགེ་བའི་བཤེས་གཉེན་གྱི་སྒོའི་མཇུག་ཡོངས་སུ་གྲུབ་པར་མཛད།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།