དབྲ་སྲས་ཟླ་གྲགས་ཀྱི་ཡང་སྤྲུལ་མཆོག་དགོངས་པ་བོན་དབྱིངས་སུ་གཤེགས་པ།

[ཟླ་ཚེས། 2023-01-03 21:16:24][རྩོམ་པ་པོ། ཉག་སྤྲུལ་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྐྱོ་བའི་གནས་ཚུལ་རག་བསྡུས། 

ཁམས་བྲག་མགོ་རྫོང་རྦ་མདའ་དགོན༧བདེ་ཆེན་འོད་གསལ་གླིང་གི་བསྟན་བདག་བླ་མ་འཇའ་ལུས་པ༧དབྲ་སྲས་ཟླ་བ་གྲགས་པའི་ཡང་སྤྲུལ། བྱ་བཏང་ཚེ་དབང་འགྱུར་མེད་ཀྱི་ཐུགས་སྲས་ཞྭ་དཀར་བཅུ་གསུམ་གྱི་ཡ་གྱལ། མཆོག་སྤྲུལ་ནམ་མཁའ་འོད་ཟེར་གཞན་ཕན་མཐའ་ཡས་རིན་པོ་ཆེ་མཆོག་བོད་ས་ཕོ་སྟག་ལོའི་བོད་ཟླ ༡༠པའི་ཚེས ༢༨ ཉིན། 

སྤྱི་ལོ་2022ཟླ12པའི་ཚེས21ཉིན་གྱི་ཕྱི་དྲོར་དགོངས་པ་བོན་དབྱིངས་སུ་ཐིམ། དམ་པ་ཁོང་གི་ཞལ་ཆེམས་ལྟར་ཉིན་བདུན་ལ་གསང་རྒྱ་མཛད། དེ་ནས་མདོ་སྨད་རྟོགས་ལྡན་དགོན་ཆེན་གྱི་བསྟན་སྲིད་ལུགས་གཉིས་ཀྱི་བདག་པོ་མ་ཧཱ་པཎྜི་ཏ་ཆེན་མོ་སྐྱབས་རྗེ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་ཐུགས་བཀོད་ལྟར། གདོང་ལི་སྤྲུལ་བའི་སྐུ་མཆོག་བསྐལ་བཟང་ལུང་རྟོགས་བསྟན་པ་རབ་རྒྱས་མཆོག་དང་། ཉག་རོང་སྤྲུལ་བའི་སྐུ་མཆོག་བསོད་ནམས་རྒྱ་མཚོ། ཞུ་གདུགས་སྤྲུལ་བའི་སྐུ་བསྟན་པ་དར་རྒྱས་བཅས་སྐུ་འཁོར་ཉི་ཤུ་ཙམ་རྦ་མདའ་དགོན་དུ་ཕེབས། སྤྲུལ་སྐུ་རྣམ་པ་གསུམ་དང་རྒྱལ་བ་སྨན་རིའི་དགེ་བའི་བཤེས་གཉེན་ཆེན་མོ་ཚེ་དབང་རྒྱལ་མཚན། སྐུ་ཚ་རྣམ་གཉིས་བཅས་ནས་གདུང་གྲོལ་མཛད།

 བོད་ཟླ༡༡པའི་ཚེས༧  སྤྱི་ཟླ12པའི་ཚེས29ཉིན་གདུང་སྒོ་ཕྱེས་དེ་རྦ་མདའ་དགོན་གྱི་བླ་མ་གྲྭ་ཚང་ཡོངས་ཀྱི་གདུང་མདུན་ནས་བོན་སྐུའི་སྨོན་ལམ་གསུངས་པ་དང་དེ་བཞིན་དུ་གཞི་རིང་དགོན། གཏོ་མདའ་དགོན་སོགས་ཀྱི་བླ་མ་གྲྭ་ཚང་ཡོངས་ཀྱིས་གདུང་མཇལ་ཞུས། དེ་བཞིན་དུ་གདུང་མདུན་ནས་རྟོགས་ལྡན་དགོན་གྱི་བླ་གྲྭ་སྐུ་འཁོར་ཡོངས་ཀྱིས་མ་རྒྱུད་ཐུགས་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་འཁའ་འགྲོ་ཀྱེ་མ་འོ་མཚོའི་སྦྱིན་བསྲེགས་དང་བཅས་པའི་ཚོགས་འཁོར་ཕུལ། ཚོགས་ཆེན་འདུ་ཁང་ནང་ནས་རྦ་མདའ་དགོན་གྱི་བླ་མ་གྲྭ་ཚང་ཡོངས་ཀྱིས་ཀུན་རིག་གནས་འདྲེན་ཀྱི་ཆོ་གའི་ཞལ་ཕྱེས་ཏེ་ཆོ་ག་རྒྱས་པར་གསུངས། དཔེ་མཛོད་ཁང་ནས་གཞི་རིང་དགོན་ནས་ཀློང་རྒྱས་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་སྦྱིན་བསྲེགས་བཅའ་ཁ་སོགས་ཟབ་ཀྱང་རྒྱ་ཆེན་པོར་བྱས་ཏེ་ཆོ་ག་རྒྱས་པར་གསུངས། དེ་ལྟར་དད་ལྡན་མང་ཚོགས་རྣམས་ལ་ཉིན་གསུམ་གྱི་རིང་ལ་གདུང་འཇལ་བྱེད་དུ་བཅུག 

བོད་ཟླ༡༡པའི་ཚེས༩སྟེ་སྤྱི་ཟླ12པའི་ཚེས31ཉིན་གྱི་སྔ་མོ་ཉི་ཟེར་རི་རྩེར་ཕོག་སྐབས་སུ་སྐུ་གདུང་དངོས་སུ་ཞུགས་འབུལ་བྱས།དེར་ཕེབས་ཤར་རྫའི་མཁན་པོ་ཉི་མ་བསྟན་འཛིན་དང་། རྟོགས་ལྡན་དགོན་གྱི་ཉག་སྤྲུལ་བསོད་ནམས་རྒྱ་མཚོ། ཞུ་སྤྲུལ་བསྟན་པ་དར་རྒྱས། གཞི་རིང་དགོན་གྱི་བསྟན་བདག་ཡང་སྟོན་བླ་མ་རིན་པོ་ཆེ། བླ་མ་དཔལ་ལྡན། གཏོ་མདའ་རྒྱལ་རོང་དགོན་གྱི་བསྟན་བདག་སྤྲུལ་སྐུ་འཆི་མེད་གཡུང་དྲུང་མཆོག  བླ་མ་ཀུན་དགའ་སོགས་དགོན་ཁག་འགའི་བླ་མ་སྤྲུལ་སྐུ་མཁན་པོ། དགེ་བཤེས། ཁྲི་བ་སོགས་བླ་གྲྭ་རྒྱ་ཕྲག་མང་པོ་ཕེབས་དེ་གདུང་བསྲེགས་ཀྱི་ཆོ་ག་སོགས་ཟབ་ཀྱང་རྒྱས་པར་གསུངས་ཏེ། མཐར་སྨོན་ལམ་དྲི་མ་མེད་པའི་མཚམས་སྦྱར་ནས་བཀྲ་ཤིས་བསྟན་པ་རྒྱས་པའི་མཐའི་བརྒྱན་ནོ།།

སྐྱབས་རྗེ་འགྲོ་བའི་མགོན་པོ་དབྲ་སྲས་ཟླ་བའི་ཡང་སྤྲུལ་ནམ་མཁའ་འོད་ཟེར་རིན་པོ་ཆེ་མཆོག་གི་རང་རྣམ་བཞུགས།

 གཞན་ཕན་མཐའ་ཡས་སམ་མཆོག་སྤྲུལ་ནམ་མཁའ་འོད་ཟེར་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༡༩༣༧ལོ་དུས་རབས་ཉི་ཤུའི་སྟོད་བོད་མེ་ཕོ་གླང་ལོའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ཉིན་རྦ་མདའ་དགོན་གྱི་སྡེ་བ་རི་ཁྲོད་ཚང་གི་ཡབ་རིག་འཛིན་དགེ་ལེགས་དང་ཡུམ་དཀོན་མཆོག་སྒྲོན་མ་གཉིས་ཀྱི་སྲས་སུ་ལུག་འུ་གླིང་སྟོད་ཀྱི་གནས་མཆོག་ལ་ངོ་མཚར་བའི་མཚན་ལྟས་དང་བཅས་ཏེ་སྐུ་མཆོག་མངོན་པར་བལྟམས།

སྐྱེས་བུ་ཆེན་པོ་རྣམས་ཀྱིས་མཚན་གསོལ་ཚུལ་ནི།  

 དབྲ་སྲས་འཇའ་ལུས་པ་ཟླ་བ་གྲགས་པས་ཕྱི་ལོ༡༨༩༣ལོར་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་ལོར་ཐུགས་ཀྱི་སློབ་བུ་བླ་མ་ཚུལ་ཁྲིམས་འོད་ཟེར་མཆོག་གི་སྐུ་མདུན་དུ་བོས་ནས་ཐོག་མར་གཤང་ཆེན་ཞིག་གནང་ནས་རྟེན་དང་ཡི་གེ་འདི་རྣམས་ཁྱེད་ཀྱིས་བདག་པོར་གྱིས།   ཕྱིས་ནས་རང་རེ་ཐུན་མོང་བྱ་རྒྱུ་འོང་ཞེས་གསལ་བོར་གསུངས།  རྟེན་སྒམ་དུ་རྟེན་སྣ་གྲུབ་ཐོབ་ཨ་ཐན་རྩྭ་ཟན་གྱི་ཚེམས་སོགས་རྟེན་སྣ་བཅུ་གཉིས་ཡོད།ཅེས་རྣམ་ཐར་ཨུ་འབར་མེ་ཏོག་ལས་གསལ་ལ་ཤར་རྫའི་གསུང་འབུམ་པོད་བཅུ་གསུམ་དང་ཆོ་ག་འཕྲིན་ལས་སྒྲུབ་གཞུང་པོད་བཅུ་གཉིས་བཅས་ཁྱོན་པོད་ཉེར་ལྔ་ཡོད་པར་གྲགས།  གཞན་ཡང་བཱཻ་རོའི་མཁན་ཞུ་ཞིག་ཀྱང་གནང་།  སློབ་མ་ཚུལ་ཁྲིམས་འོད་ཟེར་མཆོག་གིས་བཀའ་དྲིན་དང་རྟེན་འབྲེལ་ཞུ་བའི་ཚུལ་དུ་ལགས་སོ་དང་བཅས་ཁང་པ་འདི་སྤྱོད་ཡུལ་བདེ་སྟབས་ཁྱེད་ཀྱི་བཞུགས་མལ་དུ་འབུལ་བ་ཡིན་ཞེས་ཞུས་ཏེ་རྗེ་ཉིད་ཀྱིས་ཞལ་ནས༼ད་རེ་ཙམ་ང་ལ་མི་དགོས་ཀྱང་ཁྱེད་ཀྱི་རྟེན་འབྲེལ་དེ་ལེགས་པར་གདའ༽ ཞེས་དགྱེས་གསུངས་གནང་ནས་ཉམས་མགུལ་སོགས་རྒྱས་པར་གསུངས་གླེང་བར་གྲགས།  ད་སྐབས་དངོས་སུ་རྟེན་སྣ་གྲུབ་ཐོབ་ཨ་ཐན་རྩྭ་ཟན་གྱི་ཚེམས་སོགས་རྟེན་སྣ་བཅུ་གཉིས་དང་ཤར་རྫའི་གསུང་འབུམ་པོད་བཅུ་གསུམ་དང་ཆོ་ག་འཕྲིན་ལས་སྒྲུབ་གཞུང་པོད་བཅུ་གཉིས་བཅས་ཁྱོན་པོད་དཔེ་ཉེར་ལྔ་བ་ལས་སྒྲུབ་སྐོར་མ་གཏོགས་གཞན་གསུངས་པོད་དང་རྟེན་སྣ་སོགས་ད་སྐབས་ཕལ་ཆེ་བ་དངོས་སུ་མཇལ་ཡུལ་དུ་བཞུགས།   རྟེན་སྣ་སོགས་དབྲ་སྲས་ཀྱི་སྐུ་གདུང་མཆོད་རྟེན་གྱི་ནང་རྟེན་དུ་བཞུགས།  གཞན་ཡང་རྣམ་ཐར་ལས་མ་གསལ་བའི་རྟེན་ནི་ཕུར་བུ་ཆུ་སྲིན་ཞལ་གསུམ་ཅན་དང་ཟླ་གྲགས་དངོས་ཀྱིས་ཕྱག་བཟོས་ཐུན་རྭ་དང་ཤེལ་ཁྲབ་ཀྱི་ཐང་ག་གཉིས་ཡོད།  རྒྱུ་ཤིང་ལས་གྲུབ་པའི་ཚེ་གཏོར་དེ་ནི་ཟླ་གྲགས་དངོས་ཀྱི་ཕྱག་བཟོས་ཡིན་མིན་མ་ཤེས་རུང་ད་སྐབས་རྟེན་སྐལ་དུ་མཇལ་རྒྱུ་ཡོད།  ཡུམ་གྱི་ལྷུམས་སུ་ཞུགས་ནས་ཟླ་བདུན་ལོན་སྐབས་བྱ་བཏང་སྤྲུལ་སྐུ་ཉི་མ་རིན་པོ་ཆེས་བླ་མ་ཚུལ་ཁྲིམས་འོད་ཟེར་ལགས་ལ་ཕྱག་ཡིག་ཅིག་གནང་བའི་ནང་༼ཁྱེད་ཁྱིམ་རྒྱུད་ལ་སྤྲུལ་པའི་སྲས་ཤིག་འཁྲུངས་ངེས་འདུག་པས་ཁོང་གི་ཡབ་ཡུམ་གཉིས་གནས་མཆོག་ལུག་འུར་སྐྱོབ་འགྲོ་ནས་འཁྲུངས་གནས་ལུག་འུ་ལ་བྱ་དགོས༽ཚུལ་སོགས་གདུང་འདུག་པས་དམ་པ་ཁོང་གི་བཀའ་དགོངས་བཞིན་དུ་ལུག་འུ་ལ་སོང་ནས་བསྐོར་ན་མང་དུ་བྱས།  ཡབ་ཡུམ་གཉིས་ལ་སྲས་འཁྲུངས་ནས་ཉིན་བདུན་ཟིན་མཚམས་རྒྱལ་བཟང་སྤྲུལ་སྐུ་འཕྲིན་ལས་ཐོགས་མེད་མཆོག་གིས་དབྲ་སྲས་ཟླ་གྲགས་ཀྱི་སྤྲུལ་སྐུ་ཡིན་ཞེས་ངོས་འཛིན་གནང་ཞིང་མཚན་གཞན་ཕན་མཐའ་ཡས་གསོལ།  དེ་རྗེས་སྟོད་གངས་རི་ནས་བྱོན་པའི་བླ་མ་ཡང་སྟོན་བསྟན་འཛིན་རྒྱལ་མཚན་དང་མཇལ་བའི་ཁོང་གིས་ཟླ་བ་གྲགས་པའི་སྤྲུལ་སྐུ་ཡིན་གསུངས་ཏེ་མཚན་ནམ་མཁའ་འོད་ཟེར་ཞེས་གསོལ།  དེ་ནས་བཟུང་ནམ་མཁའ་འོད་ཟེར་མཚན་སྙན་གངས་རིའི་ལྗོངས་ཡོངས་སུ་གྲགས་པར་གྱུར།   རིག་རྩལ་གླིང་པའི་ཕྱག་བྲིས<<དབྱིངས་རིག་མཛོད་ཀྱི་ལེའུ་འགོད་པ་ལ>>ཞེས་པ་ནས༼འཇའ་ལུས་གྲུབ་པ་ཀུན་བཟང་ནམ་མཁའི་སྙིང་པོ་མངོན་སྤྲུལ་ནམ་མཁའ་འོད་ཟེར༽ཞེས་རྗེས་སུ་མཚན་སོགས་འཁོད་ལ་དེ་རིགས་གཞན་ཡང་མང་དུ་སྣང་།

   བླ་མ་བསྟེན་པའི་ཚུལ་ནི།

 ཐོག་མར་དགུང་ལོ་བཅུ་ཙམ་ནས་བྱ་བཏང་ཚེ་དབང་འགྱུར་མེད་མཆོག་གིས་སེམས་ངོ་བཞགས༼དབལ་ཆུའི་སྤྲུལ་སྐུ། རྒྱལ་བཟང་ཚེ་དབང་མགོན་པོ།   སི་ལའི་སྤྲུལ་སྐུ་དང་། བླ་གྲྭ་བརྒྱ་ལྷག་ལ་གསལ་གདབ་དང་སེམས་ཀྱི་ངོ་སྤྲོད༽དང་། བཀའ་འགྱུར་གྱི་ལུང་རྒྱུན་བླ་སྤྲུལ་ཉིས་བརྒྱ་ལྷག་དང་ཆབས་ཅིག་ཏུ་གནང་།  དེ་ཡང་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའི་<<སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱའི་བརྒྱུད་རིམ་དང་བཅས་པའི་དྲི་མེད་ཤེལ་གྱི་ཕྲེང་བ་>>ཞེས་བྱ་བའི་བཀའ་འགྱུར་ལུང་ཐོབ་ཀྱི་ཕྱག་དཔེ་རང་གི་དཔེ་ཚོགས་སུ་ཡོད་པ་ལས་<<དབལ་གཏེར་གསང་སྔགས་གླིང་བ་དེ་ཉིད་ལས་སོ།།  དེས་བྱ་བཏང་ཚེ་དབང་འགྱུར་མེད་ལ་བརྒྱུད། དེས་དབྲ་སྲས་ཡང་སྤྲུལ་ནམ་མཁའ་འོད་ཟེར་བདག་ལའོ།  >>ཞེས་ཁ་གསལ་ཚུལ་དུ་མཆན་འཁོད་ཡོད། དབལ་ཕུར་གྱི་དབང་དང་ཚེ་སྒྲུབ།  ཡི་དམ་གསས་མཁར་མཆོག་ལྔའི་བཀའ་དབང་དང་མ་རྒྱུད་ཀྱི་དབང་ལུང་། འབྲས་བུ་རྫོགས་སངས་རྒྱས་པའི་བརྒྱུད་གྱི་ཁྲིད་ལུང་དང་གཞན་ཡང་དབང་ཁྲིད་ལུང་སོགས་ཐོབ་པ་ཧ་ཅང་མང་སྟབས་འདིར་ཆ་ཚང་འཁོད་མེད་ཀྱང་མདོར་ན་རིག་རྩལ་གླིང་པའམ་བྱ་གཏང་ཚེ་དབང་འགྱུར་མེད་མཆོག་གི་མདུན་དུ་སྔ་ཕྱི་ཚང་མར་ལོ་དྲུག་ལྷག་བཞུགས་ཡིན་རུང་དབང་ཁྲིད་ལུང་སོགས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན་བསམ་གནང་བར་མ་ཟད། ཡང་སྟོན་བསྟན་འཛིན་རྒྱལ་མཚན་མདུན་ནས་དྲན་པ་བཀའ་ཐང་དང་ཚེ་དབང་རྣམ་ཐར་གཉིས་ཀྱི་ལུང་ཐོབ་ཅིང་རྒྱལ་བཟང་སྤྲུལ་སྐུའི་མདུན་ནས་དབང་ལུང་མང་དུ་གསན་པ་དང་གོང་སྤྲུལ་རིག་རྩལ་གླིང་པ་དང་།  བླ་མ་ཚུལ་ཁྲིམས་འོད་ཟེར་མདུན་ནས་ནས་ས་བདག་གཏད་དཀྲུག་གི་ཆ་ལག་དང་བཅས་པའི་དབང་ལུང་ཁྲིད་རྒྱུན་སོགས་གང་ཡོད་ཆ་ཚང་པ་གསན་བསམ་དང་ཁྲིད་རིམ་སོགས་སྤྱོང་བ་མང་དུ་མཛད།  ལྷག་པར་དུ་མོ་དང་སྨན་དཔྱད་གཉིས་ཀྱི་རིག་གཞུང་ལ་སྤྱོང་བ་བྱུང་ཆུབ་པར་བྱུང་། བླ་མ་ཚུལ་ཁྲིམས་འོད་ཟེར་མཆོག་གིས <<ཁྱེད་ཀྱི་སྐུ་ཚེའི་སྨད་དུ་སྨན་དཔྱད་ཀྱིས་གདུལ་བྱ་མང་པོའི་ནད་གཞི་སེལ་ནུས་པར་འདུག་>>ཅེས་ཞལ་གདམས་ཡང་ཡང་གསུངས་མྱོང་།  གཞན་ཡང་བླ་མ་ཡང་སྟོན་གཙུག་ཕུད་འོད་ཟེར་དང་ཁྱུང་པོ་བསྟན་པ་ཚུལ་ཁྲིམས་། རྫ་བླ་སྐལ་བཟང་བློ་གྲོས། དབྲ་སྟོན་ངག་དབང་སྐལ་བཟང་བསྟན་པའི་རྒྱལ་མཚན་སོགས་བླ་སྤྲུལ་སྐྱེས་ཆེན་མང་པོའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་དབང་ལུང་ཁྲིད་སྐོར་ཐོབ་པ་སོགས་མང་དུ་སྣང་ཡང་འདིར་རེ་རེ་ནས་བཀོད་མེད་ཀྱང་ཞིབ་ཏུ་ཤེས་པར་འདོད་ན<<དབང་ཁྲིད་ཀྱི་ཐོབ་ལུང་དཀར་ཆག་རིན་ཆེན་གསལ་བའི་མེ་ལོང>>དང<<གསང་སྔགས་གསར་མའི་བཀའ་གཏེར་ཀུན་གྱི་སྨིན་གྲོལ་ལུང་གི་ཐོབ་བཀྲ>><<གསང་སྔགས་གླིང་པའི་བཀའ་གཏེར་བསྐོར>>དབང་ལུང་ཐོབ་བཀྲ་སོགས་ལ་ལེགས་གཟིགས་གནང་བར་འཚལ། མདོ་སྨད་རྟོགས་ལྡན་དགོན་ཆེན་གྱི་ཁྲི་བ་རིན་པོ་ཆེ༧རྗེ་བཙུན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་མདུན་ནས་ཕྱི་ལོ༢༠༠༩ལོར་དྲང་སྲོང་ཆིག་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ཕྱི་ཚུལ་ནང་ཁྲིམས་སོགས་མིག་འབྲས་བཞིན་དུ་སྲུང་བར་མཛད།

བསྙེན་སྒྲུབ་མཛད་ཚུལ་ནི།

 ཐོག་མར་དགུང་ལོ་དགུ་ལོན་སྐབས་སུ་ཚེ་སྒྲུབ་བཻ་རོའི་གོས་ཁུག་གི་བསྙེན་མཚམས་ཞག་བརྒྱར་བཞུགས་ཏེ་བསྙེན་ཆེན་ལེགས་གྲུབ་བྱུང་བར་མཛད། ལོ་བཅུ་གཅིག་ཐོག་ཞང་བོ་བླ་མ་ཚུལ་ཁྲིམས་འོད་ཟེར་དང་ལྷན་གཡང་སྒྲུབ་རྒྱ་ནག་མའི་བསྙེན་སྒྲུབ་ཞག་བརྒྱར་བཞུགས་པའི་གྲོལ་མཚམས་སུ་སྟག་ལའི་བསྙེན་མཚམས་ཟླ་བཅོ་བརྒྱད་ཉིན་གྲངས༥༤༠དུ་བཞུགས་སྐབས་སུ་གྲུབ་རྟགས་ལེགས་པར་བྱུང་བ་དང་སྒྲུབ་མཚམས་མཐར་ཕྱིན་པ་བྱུང་བར་མཛད།  དེ་རྗེས་ཡི་དམ་ཕུར་ནག་གི་བསྙེན་མཚམས་ལོ་གསུམ་རིང་བཅད་མཚམས་དམ་པོར་བཞུགས་པར་མཛད། ཡི་དམ་དབལ་གསས་བསྙེན་མཚམས་ཞག་བརྒྱར་བཞུགས།་ཡི་དམ་གེ་ཁོད་བསྙེན་མཚམས་ཞག་བརྒྱར་བཞུགས། གཏོ་མདའ་རི་ཁྲོད་དུ་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཞག་བརྒྱར་བཞུགས་ཏེ་གྲུབ་རྟགས་སུ་ཆུ་རས་དང་རླུང་རས་གཞན་དང་མི་མཚུངས་པར་ཐེངས་མང་པོར་ལེགས་སྐམ་བྱུང་བར་གྲགས། དེ་རྗེས་སྡོམ་གསུམ་ཚིག་དོན་ལ་ཐོས་བསམ་ཉམས་ལེན་མཛད་མཚམས་སུ་རྒྱ་ནག་བོད་དུ་སླེབས་ཏེ་བོད་ཀྱི་དགོན་སྡེ་རྣམས་སྒོ་བརྒྱབ་ཅིང་བོད་མིའི་ཡུལ་སྲོལ་སོགས་བཅོས་བསྒྱུར་བྱས་ཏེ་བོད་ཁམས་ཟང་ཟིང་གི་གནས་སུ་གྱུར། ཞར་བྱུང་སྔོན་ལས་ཀྱི་རྣམ་པར་དངོས་སྨན་དུ་མྱོང་བ་ནི་ས་བདག་གི་མིང་ཞིག་བཏགས་ནས་ཞྭ་གཉིས་རྩེག་ཅིག་བསྐོར་ནས་འཐབ་རྩོད་ཀྱིས་དཀའ་སྡུག་མྱོང་བ་མངོན་འགྱུར་ལོ་བཅུ་ལྷག་དུ་མྱོང་། དེ་རྗེས་སྲིད་ཇུས་ཅུང་ཟད་ལྷོད་དུ་ཕྱིན་ནས་སྙི་པ་ཡུལ་ཚོའི་ནང་གི་རྐང་ལྗན་སྨན་པ་ཟླ་དྲུག་བྱས། དེ་མཚམས་བྲག་མགོ་རྫོང་མཉམ་འབྲེལ་སྨིན་ཁང་དུ་ཕྱིན་ནས་ལོ་བཅུ་གཉིས་རིང་ལ་སྨན་དཔྱད་ཀྱིས་གདུལ་བྱའི་ནད་རིགས་གང་མང་སེལ་བར་མཛད། གཞན་ཡང་ཉག་ཆུ་རྫོང་དུང་ཉག་རོང་། རྟའུ་དཀར་མཛེས་རྫོང་འགག་དག་དང་རྨེ་བ་སོགས་སུ་སྐུ་ཚེགས་ལ་མ་འཛེམས་པར་སྨན་དཔྱད་ཀྱིས་ཞབས་ཞུ་བསྒྲུབས་སྡེ་གདུལ་བྱ་འགྲོ་བ་མང་པོ་བདེ་ལ་བཀོད་པར་བྱས།་དེ་དག་ནི་རྫོང་སྨན་ཁང་ནང་དུ་བཞུགས་དུས་ཀྱི་མཛད་ཕྲིན་ཡིན། ཆོས་སྒོ་ཕྱེས་རྗེས་ཀྱི་བསྙེན་སྒྲུབ་སྐོར་ནི་རྫོང་མཉམ་འབྲེལ་སྨན་ཁང་ནས་དགོངས་ཞུ་བྱས།ཚེ་སྒྲུབ་བཻ་རོའི་གོས་ཁུག་གི་བསྙེན་མཚམས་ཞག་བརྒྱ་གཉིས་དང་། ཚེ་སྒྲུབ་བྱ་རི་མའི་བསྙེན་མཚམས་ཞག་བརྒྱ་གཅིག་དང་དྲན་པ་ཚེ་སྒྲུབ་ཞག་བརྒྱ་གཅིག་དབལ་ཆུ་ཕུར་པ་སྐུ་གསུམ་དྲག་ཕུར་ཞག་བརྒྱ་གཉིས་ལ་བསྙེན་མཚམས་དང་། ཀུན་མཁྱེན་ཤར་རྫ་བའི་ཕྱག་དཔེ་སོགས་ལ་དཔེ་གཟིགས་མཛད་དེ་ཞག་བརྒྱ་ལ་དཔེ་མཚམས་སུ་བཞུགས། ཉག་རོང་དབལ་ཁྱུང་དགོན་དུ་བཀའ་འགྱུར་གྱི་ལུང་དང་ཆོ་ག་བཅུ་གཉིས་ཀྱི་དབང་སོགས་ཟླ་བཞི་ལྷག་གནང་། རྗེས་སུ་དབལ་ཁྱུང་དགོན་དུ་ཞི་ཁྲོའི་དབང་ལུང་རྒྱས་པ་དང་གསང་སྔགས་གླིང་པའི་གསུངས་བཅས་ལུང་གནང་། བྲག་དབྱེ་སྒྲུབ་ཕུག་ཏུ་ཡི་དམ་སྟག་ལའི་བསྙེན་སྒྲུབ་བདུན་གཉིས་བཅུ་བཞིར་བཅད་མཚམས་སུ་བཞུགས། གྲུབ་རྟགས་རང་བྱུང་གི་གཏོར་མ་ཟུར་གསུམ་ཞིག་མདུན་དུ་རང་བབས་བྱུང་ཟེར་བ་དང་གཞན་སྒྲུབ་གཡོག་ནས་བུད་མེད་སྐྲ་རིང་ཅན་ཞིག་མཚམས་ཁང་དུ་འགྲོ་སར་མཐོང་ཞེས་བཤད་འདུག་ཀྱང་དམ་པ་ཁོང་གིས་དེ་འདྲའི་མཐོང་སྣང་མ་བྱུང་གསུངས། གོང་རྒྱལ་དགོན་དུ་ཚེ་དབང་འགྱུར་མེད་ཀྱི་གཏེར་ཆོས་ཚང་མའི་དབང་ལུང་སོགས་གནང་རྫེས་གོང་རྒྱལ་དགོན་གྱི་གནས་ནང་དུ་བསམ་ལྷུན་ཚོགས་འཁོར་རྒྱས་པ་ཞིག་ཕུལ་བའི་ཕྱི་ཉིན་ཞོགས་པར་མདུན་ཅོག་སྟེང་དུ་ཨ་མ་ཁ་སྤྲོད་དོད་པའི་རྒྱུ་རྡོ་ལས་གྲུབ་པ་རེད་བསམ་པ་ལྟ་བུ་ཞིག་བཞག་ཡོད་པར་མངོན་ཡང་། ལྷ་མི་སུས་བཞག་པ་མ་ཤེས་རུང་དེའི་ནུབ་མོར་གཟིམ་ལམ་དུ་བུད་མེད་གཟུགས་ཐུང་བ་ཞིག་གི་དངོས་པོ་འདི་ཁྱེད་ཀྱིས་ཉལ་ཚགས་གནོང་ཞེས་བྱ་བ་ཞིག་བྱུང་།  གཡུ་དགོན་ནམ་གཞི་རིང་དགོན་གྱི་བླ་གྲྭ་རྣམས་དང་ཕྱོགས་གཞན་ནས་ཕེབས་པའི་སྐལ་ལྡན་རྣམས་ལ་ཡི་དམ་ཕྱི་ནང་གསང་གསུམ་སོགས་དབང་ལུང་མང་དུ་གནང་རྗེས་ཁྲོ་ཆུ་བྲག་ལ་གཤིན་རྗེ་གཤིན་དམར་གྱི་སྒྲུབ་མཚམས་ཞག་མ་བརྒྱ་དང་ཉེར་ལྔར་བཞུགས་སྐབས་སུ་ཉམས་སྣང་ལ་རྡོ་དཀར་ལ་རི་མོ་དམར་ཤར་ཅན་ཡོད་ཅེས་བུད་མེད་ཅིག་གིས་འབོད་པ་སྣང་ཡང་བུད་མེད་དེ་དངོས་སུ་མ་མཐོང་།  ཕྱིས་སུ་སྒོ་དབྱེ་དུས་ཡིད་དམ་གཏོར་མ་དང་ལྷན་དུ་རྡོ་དཀར་མཇལ་རྒྱུ་སྣང་ལ་རྡོ་དེ་ད་སྐབས་ཡང་རྟེན་གསུམ་གྲལ་དུ་བཞུགས། རྦ་མདའ་དགོན་བླ་མ་འཇམ་དཔལ་སོགས་བླ་གྲྭ་ཚང་མར་ཡི་དམ་ཕྱི་ནང་གསུང་གསུམ་དང་ཡིན་ལུགས་གྱི་འདོན་ཆོག་སྐོར་དབང་ལུང་རྒྱས་པར་གནང་། གདུང་གྲངས་བརྒྱད་བཅུ་རུ་ཕེབས་མཚམས་སུ་ཞག་མ་བརྒྱ་དང་བཅུ་ལ་ཡི་དམ་དབལ་གསས་དང་ཤེལ་ཁྲབ་འགར་ཎ་ཙ་ཀྲ་བཅས་ཀྱི་བསྙེན་མཚམས་སུ་བཞུགས།  གྲུབ་རྟགས་སུ་དཀྱིལ་འཁོར་ནང་གི་བུམ་པའི་མཆི་ནས་ལྗང་སྨྱུག་གྲུ་གང་ཙམ་སྨིན་པ་བཅས་ངོ་མཚར་བ་བྱུང་།  དེ་དག་ནི་སྐུ་ཚེ་གཅིག་རིང་གི་སྒྲུབ་སྦྱུངས་སོགས་བྱས་པའི་མཛད་ཚུལ་ཙམ་མོ།།

    བསྟན་འཛིན་སྐྱེས་ཆེན་གྱི་མཚན་གནས་ཐོབ་ཚུལ་ནི།

 ཚེ་དབང་འགྱུར་མེད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་བཅུ་གསུམ་ལ་ཞྭ་དཀར་བཅུ་གསུམ་གནང་སའི་གྲས་སུ་ཡིན་པ་ཡོང་<<དབྱིངས་རིག་མཛོད་ཀྱི་ལེའུ་འགོད་པ་ལ།>>ཞེས་པ་ནས་གསལ་བ་ལྟར་ན་༼རྫོགས་ཆེན་དབྱིངས་རིག་མཛོད་ལ་མོས་པ་ལམ་དུ་བྱེད་པའི་ཁྲིད་ཀྱི་བརྒྱུད་པ་འཛིན་པའི་དབལ་ཁྱུང་མཆོག་སྤྲུལ།  འཇའ་ལུས་གྲུབ་པ་ཀུན་བཟང་ནམ་མཁའི་སྙིང་པོ་མངོན་སྤྲུལ་ནམ་མཁའ་འོད་ཟེར།  བྲག་སྟེང་དགུང་རྒྱས་ལྷ་སྲས་ནང་སོ་བསྐལ་བཟང་ཉི་མ།  ཨ་མདོ་མཁན་པོ་སོགས་བླ་སྤྲུལ་དུ་མ་ཁྲིད་ཕུལ་མཇུགས་"མཇུག"རང་སློབ་རྒྱལ་བཟང་ཚེ་དབང་མགོན་པོ།  སྨར་ཁམས་གཏེར་སྲས་སྤྲུལ་པད་མ་རྣམ་རྒྱལ་ནས་ཡང་ཡང་བསྐུལ་བཞིན་ཚེ་དབང་འགྱུར་མེད་པས་ཐེག་མཆོག་གླིང་དུ་ཆུ་ཕོ་འབྲུག་ལོའི་ཟླ་བདུན་ཚེས་བཅོ་བརྒྱད་ཉིན་མཛོད་ཁྲིད་རྫོགས་དུས་བྲིས་སོ།།༽ཞེས་པ་ལས་གསལ་བར་བསྟན་ཡོད་ལ།  བྱ་བཏང་རིག་རྩལ་གླིང་པ་མཆོག་གིས་ཨ་མདོ་མཁན་ཞེས་སྨོན་པ་ནི་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་ཡིན་པས་ན་ཁྱེད་ཀྱིས་ཁོང་ལ་ངེས་པར་དུ་ཞྭ་དཀར་གྱི་མཚན་སྩོལ་སོང་ཞེས་མ་བརྗེད་ནས། བཤད་རོགས་ཞེས་ཡང་ཡང་གསུངས། གཞན་ཡང་བྱ་བྲལ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱི<<བསམ་ལྷུན་རྩ་རྒྱུད་ལྟར>>ཞྭ་དཀར་འཆང་བའི་བསྟན་འཛིན་བཅུ་གསུམ་དང་། བཀའ་བབ་བརྒྱུད་འཛིན་ཆོས་བདག་ཉེར་ལྔ་དང་།  རྗེས་འབངས་གྲོགས་གསུམ་གྱི་བུ་སློབ་སྟོད་གངས་རི་མན་ཆད་སྨད་རྒྱ་ནག་ཡན་ཆད་ནས་བུ་སློབ་འདུས་པའི་མཚན་པའི་མཚན་གྲངས་མཐའ་མེད་ཀྱང་། ཞྭ་དཀར་འཆང་བ་བསྟན་འཛིན་གྱི་གཙོ་བོ།  ཞེས་པ་ནས་གསལ་བའི་བསྟན་འཛིན་གྱི་སྐྱེས་བུ་བཅུ་གསུམ་གྱི་མཚན་རིམ་ནི།     སྟོད་གངས་རི་ནས་བྱིན་པའི་ཡང་སྟོན་ཆེན་པོ་བསྟན་འཛིན་རྒྱལ་མཚན་དང་། དབྲ་སྟོན་སྐལ་བཟང་རྒྱལ་མཚན།  ཧཱུྃ་ཆེན་འགྲོ་འདུལ་གླིང་བ།  རྒྱལ་ཚབ་བློ་གྲོས་རྒྱ་མཚོ།  ཁྱུང་པོ་ཉི་མ་བདུད་འདུལ། སྨད་རྒྱ་ནག་ནས་བྱོན་པའི་མཆོག་སྤྲུལ་བློ་རྟོགས་རྒྱ་མཚོ། ཁྱུང་བོ་རི་རྩེ་དྲུག་གི་མཁན་པོ་རྒྱལ་བ་ཚུལ་ཁྲིམས། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ། དབལ་ཁྱུང་མཆོག་སྤྲུལ། ཟླ་གྲགས་མཆོག་སྤྲུལ་གཉིས། བྲག་སྟེང་རྒྱལ་སྲས་སྐལ་བཟང་ཉི་མ། ཁྲོ་ཁྱུང་ནང་སོ་ཚེ་དབང་ནོར་འཛིན། ཉི་ཤུ་དབོན་པོ་ཐུབ་བསྟན་རྒྱ་མཚོ། བཅས་ཡིན་པར་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ངེས་དོན་མཐོང་བ་རང་གྲོལ་གྱིས་གསུང་རྩོམ་ཕྱོགས་བསྒྲིགས་ལས་གསལ་བ་ཇི་བཞིན་འདིར་བཀོད་པ་ཡིན།  གཞན་ཡང་བསྟན་འཛིན་གྱི་སྐྱེས་བུ་བཅུ་གསུམ་གྱི་མཚན་ནམ་ཞྭ་དཀར་བཅུ་གསུམ་གནང་ས་བཅད་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་བཞེད་ཚུལ་མི་མཐུན་པ་མང་དུ་སྣང་ཡང་དམ་པ་ཁོང་གི་མཚན་ནི།   ཚང་མས་མ་གྲོས་གཅིག་གྱུར་ཏུ་བཟློས་བར་འདུག་ལ།   བྱ་བཏང་ཚེ་དབང་འགྱུར་མེད་ཁོང་རང་གིས་དངོས་བྲིས<<དབྱིངས་རིག་མཛོད་ཀྱི་ལེའུ་འགོད་པ་ལ>>ཞེས་པའི་དེབ་གྲངས་ལྔའི་བདག་ཉིད་ཅན་དེ་ལས་ཁ་གསལ་འཁོད་ཡོད་པ་གོང་གསལ་བཞིན་དུ་ཡིན།

བསྟན་དོན་གྱི་ཐུགས་འགན་བཞེས་པའི་ཚུལ་ནི། 

 ཁམས་བྱང་བྲག་མགོ་རྫོང་ལ་བོན་སྒོ་དུ་མ་ཡོད་ནའང་བཅོས་བསྒྱུར་བྱས་རྗེས་སུ་གཏོ་དགོན་གཡུང་དྲུང་གླིང་གི་འདུ་ཁང་གསར་སྐྲུན་ཆོག་པའི་ཞུ་ཡིག་གོང་རིམ་ལ་སྔ་ཕྱི་ཐེངས་གསུམ་ནན་ཞུས་རྗེས་སུ་སྤྱི་ལོ༡༩༨༤ལོར་བྲག་མགོ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཡིག་དངོས་སུ་གནང་སྟེ་རང་གིས་གཙོ་འགན་གྱི་ཐུགས་བཀོད་གནང་སྟེ་བླ་མ་རིག་འཛིན་ནོར་བུ་དང་ཤེས་རབ་བསྟན་པའི་རྒྱལ་མཚན་བསྟན་འཛིན་འཆི་མེད་གྲགས་པ་དང་གཞིས་དགོན་གཉིས་ཀྱི་མི་སེར་རྣམས་ཐུགས་འགན་མཉམ་བཞེས་ངང་དགོན་པའི་འདུ་ཁང་དང་གྲྭ་ཤག་སྒྲུབ་ཁང་བཅས་ལེགས་གྲུབ་མཛད། གཞི་རིང་དགོན་གྱི་འདུ་ཁང་བཅོས་བསྒྱུར་དུས་སུ་ཞིག་རལ་དུ་མ་སོང་ཡང་རྫོང་ལ་ཆོག་མཆན་དགོས་དགོན་ཞེས་ལན་མང་དུ་ཞུས་ཀྱང་རེ་འབྲས་མ་སྨིན་སྟབས་དཀར་མཛེས་ཁུལ་དུ་ཐེངས་གཉིས་ཕྱིན་རྗེས་ཆོག་མཆན་ཐོབ་སྟེ་འཛུགས་སྐྲུན་འགྲོ་གྲོན་སོགས་ཀྱི་ཆེད་དུ་རྨེ་བ་སོགས་ལ་སྨན་དཔྱད་མཛད་དུ་སོང་ནས་ལོ་བརྒྱད་ལྷག་བསྟན་དོན་གྱི་མཛད་འགན་བཞེས། རྦ་མདའ་དགོན་གྱི་འདུ་ཁང་སོགས་གསར་བཞེངས་ཆེད་དུ་གོང་རིམ་ལ་ལན་མང་ཞུ་ཡིག་སོགས་ཕུལ་རྗེས་སྤྱི་ལོ༡༩༨༨ཁམས་བྲག་འགོ་རྫོང་མི་དམངས་སྲིད་གཞུང་གིས་དགོན་པའི་འདུ་ཁང་སླར་ཡང་གསར་བཞེངས་ཀྱི་ཆོག་མཆན་གནང་པར་བརྟེན་རང་གི་གཙོ་བོ་མཛད་ཁུར་བཞེས་ཐོག་བླ་མ་འཇམ་དཔལ་རྒྱ་མཚོ་དང་། དབུ་མཛད་ཚེ་དབང་མགོན་པོ། སྐལ་བཟང་ཕུན་ཚོགས་སོགས་ཀྱིས།  ཆོག་མཆན་ཞུ་དུས་འབད་པ་ཆེས་ཆེར་བྱས། གཉེར་པ་སྐལ་བཟང་དར་རྒྱས། དགེ་སྐོས་ཚེ་དབང་རྒྱབ། བསྟན་འཛིན་ཚུལ་ཁྲིམས། ཆོས་འཕེལ་སོགས་ཀྱིས རམ་འདེགས་ཚད་མེད་ཞུས་པ་དང་འབྲེལ་དད་ལྡན་ལྷ་ལྡེ་རྣམས་ཀྱིསཕྱར་བ་གྲུ་འདེགས་མཛད་དེ་ཚོགས་ཁང་དང་།  ཇ་ཁང་།  ནང་བསྟན་རྟེན་རྣམ་པར་རྒྱལ་བའི་སྐུ་དང་།  བདེ་གཤེགས་གཙོ་བཞི། རྒྱལ་བའི་བཀའ་འགྱུར་དང་། དགོན་སྡེའི་ཁྲི་རབས་གཉིས་པ། དབྲ་སྲས་ཟླ་བ་གྲགས་པ་མཆོག་དང་། ཁྲི་རབས་གསུམ་པ་བླ་མ་ཚུལ་ཁྲིམ་འོད་ཟེར་གཉིས་ཀྱི་སྐུ་གདུང་བཅས་གསར་བཞེངས་གནང་། དགོན་འདི་ན་ད་ལྟའི་ཆར་བླ་གྲྭ་ལྔ་བཅུ་ལྷག་ཙམ་ཡོད་ལ། དུས་མཆོད་གཙོ་གྲས་ནི་བོད་ཟླ་དང་པོའི་ནང་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་མཆོག་གི་འཁྲུངས་མཆོད་དང་། ལྔ་བའི་ནང་སྨྱུང་གནས་དང་། དྲུག་པའི་ནང་དཀའ་ཐུབ་བམ་དབྱར་གནས་དང་། བཅུ་གཅིག་པའི་ནང་ཨ་དཀར་བུམ་སྒྲུབ་ཆེན་མོ།  བཅུ་གཉིས་པའི་ནང་གཞིས་དགོན་གཉིས་ཀྱི་སྤྱི་རིམ་ཆེན་མོ་དགུ་གཏོར་སོགས་གཏན་ཁེལ་འཚོགས་རྒྱུ་མཛད་པ་དང་། ད་སྐབས་དགོན་འདིའི་བསྟན་སྲིད་ཀྱི་གཙོ་འགན་བཞེས་མུས་བཅས་ཡིན་པའོ།།

གནས་ཚུལ་དང་པར་རིས་རྒྱས་པ་དྲ་གནས་འདིར་གསལ།
https://mp.weixin.qq.com/s/lFhQ_oxx6AF_zWlEZ0-QOg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།