མེ་མོ་རི་ཁྲོད་ཀྱི་སྐབས་བཞི་པའི་སྒྲུབ་ཐོན་མཛད་སྒོའི་གནས་ཚུལ།

[ཟླ་ཚེས། 2022-05-24 21:54:07][རྩོམ་པ་པོ། ལམ་འགྲོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ཞྭ་དཀར་གཡུང་དྲུང་བོན་མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་སྐབས་བཞི་པའི་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་མར་ཕྱག་འཁྱེར་བསྩལ་བའི་མཛད་སྒོ་ལོ་ལྟར་ཡོད་པ་བཞིན། འདི་ལོ་སྟེ་སྟོན་པ་སངས་རྒྱས་འཁྲུངས་ནས་མི་ལོ་༡༨༠༣༩དང་། འབྱུང་ལྡན་༣༠༡ བོད་རབ་རྒྱན་ཆུ་སྟག་ལོའི་ཟླ་༡པོའི་ཚེས༥རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འདས་མཆོད་ཉིན། སྐྱབས་རྗེ་དཔོན་གསས་བླ་མ་སྨན་རིའི་སློབ་ཟུར་མེ་མོ་རི་ཁྲོད་ཡང་དབེན་སྨིན་གྲོལ་གླིང་གི་བླ་མ་མཁན་པོ་སྐལ་བཟང་ཉི་མ་མཆོག་ནས།

    ཐེངས་འདིའི་སྒྲུབ་ཐོན་རྣལ་འབྱོར་མ་བཀྲ་ཤིས་པའི་རྟགས་བརྒྱད་གྲངས་ལྡན་ཏེ་བ་ངན་ཟ་ཏིང་འཛིན་བཟང་མོ་དང་། འགོས་ཟ་དྲི་མེད་བཟང་མོ། འབྲུག་སྟག་ཆོས་ཉིད་དབང་མོ། གཡོ་ལག་འཁྲུལ་མེད་བཟང་མོ། འཇང་ཤེས་རབ་བྱམས་མ། རྨ་ཟ་སྟོབས་མཆོག་བཟང་མོ། གཡག་ཟ་བདེ་ཆེན་སྒྲོལ་མ། རྨ་ཟ་ཡེ་ཤེས་ལྷ་མོ་བཅས་ཀྱིས་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་དབང་ལུང་ཇི་སྙེད་ནོད་ཅིང་། ལོ་མང་རིང་ཐོས་བསམ་སྒོམ་པ་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་རྒྱ་ཆེར་མཛད་པའི་འབྲས་རྟགས་ཕྱག་ཁྱེར་བསྩལ་ཏེ།

    སླད་ཀྱང་དེ་ལྟར་བསྟན་དགོན་ལ་ཞབས་ཞུ་མཛད་རྒྱུའི་བཀའ་སློབ་ལམ་སྟོན་གྲུབ་རྗེས། དགོན་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་པས།སྒྲུབ་ཐོན་རྣལ་འབྱོར་རྣམས་པར་རྟེན་འབྲེལ་ལེགས་པའི་དར་དཀར་ཕུལ་ཏེ་སྐལ་པ་བཟང་པོའི་ཁ་གཡང་སྨྲོས་ཤིང་།བསོད་ནམས་ཚོགས་ཀྱི་ཞིང་ས་བཤད་སྒྲུབ་འདུས་པ་རྒྱ་མཚོར་སྐུ་འགྱེད་དང་མང་ཇའི་གཏོང་བས། མཆོད་ཡུལ་རྒྱལ་བ་མཉེས་པའི་སྤྲིན་གྱིས་ལྷ་མི་ཀུན་ཀྱང་དགྱེས་པར་མཛད་ཅིང་། ཁ་དགེ་བཀྲ་ཤིས་རྟེན་འབྲེལ་བཟང་པོའི་ངང་ནས་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ་པ་ལགས་སོ།། ལམ་འགྲོ་བས༢༠༢༢/༥/༢༣དགོང་མོར།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།