སྒར་ཁང་དགོན་གྱི་དགུ་གཏོར་ཆེན་མོ།

[ཟླ་ཚེས། 2022-03-16 10:31:05][རྩོམ་པ་པོ། བློ་གྲོས་མཁྱེན་རབ།][རྩོམ་ཁུངས། ][ཀློག་གྲངས། ]

   མི་རྗེ་ཁྱུང་སེར་རྒྱལ་པོའི་གདན་ས་ངེད་སྒར་ཁང་དགོན་གྱི་དབང་ཆེན་འགུ་རུ་རྟ་མཆོག་རོལ་པའི་དགུ་གཏོར་ཆེན་མོ་དང་བསྟུན་༧སྐྱབས་རྗེ་འགྲོ་བའི་མགོན་པོ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་ལ་མོ་ལུང་ཐུགས་རྟགས་ཞུས་པས་སྡེ་དགོན་གཉིས་ཀྱི་སྐུ་རིམ་ཞབས་བརྟན་ལ་སྟག་ཕུར་གཉིས་ཀྱི་ལས་མཐའ་དང་རྒྱལ་བའི་བཀའ་རིན་པོ་ཆེ་དག་འདོན་ཁྲོ་བོའི་གཞུང་སྟོང་ཚར་བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་སྟོང་ཚོགས་སྟག་ལ་སྤུ་གྲི་དཀར་དམར་ནག་གསུམ་སྟོང་ཚར་ཕུར་གཞུང་སྟོང་ཚར་དུ་ཏྲི་སུ་བཅས་སྡེ་དགོན་གཉིས་ལ་རྐྱེན་སེལ་གྱི་རིམ་གྲོ་བབས་ཡོད་པས་སྤྱིར་སྒར་རྫོང་དགོན་ལྷ་སྡེ་ཁག་དུ་མར་ཡོད་པས་ད་ལྟའི་སྐབས་སུ་བབ་པ་ལ་གནམ་རི་གཉིས་དང་སྒར་རྩེ་གཉིས་སོགས་ཀྱི་སྐྱ་སེར་བོན་འབངས་ཡོངས་དང་སྡེ་དགོན་གཉིས་ཀྱི་ཡོ་བྱད་ཀྱི་རྒྱུ་དང་བརྩོན་འགྲུས་ཀྱི་ཕྱག་སོགས་འབད་པ་ལྷད་མེད་ཀྱི་སྒོ་ནས་སྤྱི་ལོ་༢༠༢༢ལོའི་ཟླ་༢་པའི་ཚེས་༢༤ཉིན་ནས་འགུ་དྲག་དགུ་གཏོར་ཆེན་མོ་དང་ཕུར་པའི་ལས་མཐའ་སྟག་ལའི་ལས་མཐའ་འགུ་དྲག་ལས་མཐའ་སོགས་སྔོན་འགྲོ་བཅའ་བཀོད་ཀྱི་རིམ་པར་དབུ་བཙུགས་ནས་ཚེས་༢༥་ཉིན་བཅའ་བཀོད་ལེགས་པར་གྲུབ་ནས་དག་པ་བདེ་ཆེན་འོད་ཟེར་འབར་ཞིང་འདུ་ཁང་དུ་བོན་གཤེན་རིག་པ་འཛིན་པ་སུམ་ཅུ་ལྷག་གིས་དབལ་ཕུར་ནག་པོའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབུ་བཞུགས་དབྲ་ཁྱུང་གཡུང་དྲུང་མགོན་པོ་དང་།

   བླ་བྲང་བཀྲ་ཤིས་གཡང་འཁྱིལ་གྱི་ཚོམས་ཆེན་དུ་བོནགཤེན་བཅུ་གྲངས་ལྷག་གིས་ཁྲོ་རྒྱལ་སྟག་ལ་མེ་འབར་གྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དབུ་བཞུགས་སྨན་རིའི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་དང་། བླ་བྲང་རིན་ཆེན་གཏེར་མཛོད་དུ་དབང་ཆེན་འགུ་རུ་རྟ་མཆོག་རོལ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་དབུ་བཞུགས་དབྲ་ཁྱུང་ཐེག་མཆོག་གྲགས་པར་བཞུགས་ནས་རིམ་བཞིན་ས་བཅད་སྔོན་འགྲོ་དང་དངོས་གཞིའི་རྗེས་བྱ་སོགས་འཕྲིན་ལས་ཀྱི་རིམ་པ་ཟིན་བྲིས་ལྟར་ཉིན་བཞིན་དུ་སྟག་ཕུར་འགུ་གསུམ་གྱི་གཞུང་གསུངས་པ་ཚེས༢༦་༢༧་༢༨་སོགས་ལ་སྟག་ཕུར་གཞུང་དང་ཚོགས་བརྒྱ་ཕུར་པའི་ལས་བསྒྱུར་བསྙན་སྒྲུབ་སོགས་ཚེས་༢༨་ཉིན་རྩེ་དྲུག་སྒོམ་གྲྭའི་མཁན་རིན་པོ་ཆེ་ལོ་རི་བསོད་ནམས་འགྱུར་མེད་གདན་འདྲེན་ཞུས་ནས་སྟག་ལའི་བཀའ་དབང་ཟབ་མོ་བྱེའུ་འཕར་མ་གནང་བ་དང་འགུ་དྲག་སྦྱིན་སྲེག་དཀྱིལ་འཁོར་བཞེངས་པ་སྔ་སྲོར་ལྟར་འགུ་དྲག་ནང་འཆམ།

   སྤྱི་ཟླ་༣པའི་ཚེས་༡་ཉིན་ནང་སྔ་མོར་སེར་ཕྲེང་ཕེབས་པ་དང་དབང་ཆེན་འགུ་རུ་རྟ་མཆོག་རོལ་པའི་འཆམ་རྔ་དྲེགས་པ་ཟིལ་གནོན་རྔ་འཆིང་ལྟར་གར་འཆམ་ཕུལ་ནས་ཕྱི་དྲོར་ལྷ་སྡེ་བོན་འབངས་ཡོངས་ལ་སྟག་ལའི་གཤར་དབང་བསྐུར་བ་དང་འགུ་དྲག་ཟློག་འབུལ་སེར་ཕྲེང་ཕེབས་པ་བཅས། ཚེས་༢་ཉིན་འགུ་དྲག་མཇུག་ཡོངས་སུ་གྲུབ་ནས་སླར་ཡང་བླ་བྲང་རིན་ཆེན་གཏེར་མཛོད་དུ་བོན་སྐྱོང་མ་བདུད་བཙན་རྒྱལ་གྱི་སྟོང་ཚོགས་བཅའ་བཀོད་འཕྲིན་ལས་ཉིན་བཞིན་གཞུང་གསུངས།  ཚེས་༣་༤་༥་བཅས་ལ་སྟག་ཕུར་གཉིས་ཀྱི་བསད་པའི་སྟོད་ལས་དང་སྦྱིན་སྲེག་གི་དཀྱིལ་འཁོར་བཞེངས་པ་དང་སྦྱིན་སྲེག་གཞུང་གསུང་པ་བཅས། ཚེས་༦་སྔ་དྲོར་སྟག་ལའི་བྱད་ཁྲོལ་གཏད་ཁྲོལ་དང་ཕྱི་དྲོར་སྟག་ལའི་ཟློག་འབུལ་སེར་འཕྲེང་དང་དགོང་མོར་དགྲ་བགེགས་བྱད་མའི་གནམ་ལིང་འཕངས། ཚེས་༦ཉིན་སྟག་ལ་དང་བོན་སྐྱོང་སྟོང་ཚོགས་ཕུལ་བའོ། །

   ཚེས་༦དང་༧སྔ་དྲོར་བཅས་ཕུར་པའི་བྱང་ཆེན་གནས་འདྲེན་འཁོར་བ་རྒྱུད་སྦྱངས་གསོན་གཤིན་གཉིས་ཀྱི་བྱང་བུ་བཞུས་པ་དང་ཚེས་༧་ཕྱི་དྲོར་ཕུར་པའི་དབང་བཞི་བྱིན་རླབས་ཆར་འབེབ་ནང་དབང་གནང་ནས་ཚེས་༨ཉིན་དབང་བཞི་གཤར་དབང་བསྐུར་ནས་ཚེས་༩་ཉིན་བཀྲིས་བདེ་ལེགས་ངང་ཕུར་པ་མཇུག་ཡོངས་སུ་གྲུབ་པའོ། ཡར་དགོན་ཕུག་ལེབ་རི་ཁྲོད་དུ་དགེ་འདུན་བཙུན་པ་བཙུན་མ་བོན་གཤེན་བདུན་ཅུ་ལྷག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་དང་ཁྲོ་བོ་སྟོང་ཚར་བཅས་གསུང་པ་གཞན་ཕུར་གཞུང་སྟོང་ཚར་དང་སྟག་ལ་སྤུ་གྲི་དཀར་དམར་ནག་གསུམ་སྟོང་ཚར་བཅས་བཏང་བའོ། དུ་ཏྲི་སུ་ལྷ་སྡེ་ཡོངས་ཀྱི་རྒྱུན་འདོན་དང་དུད་ཚང་རེ་རེ་བཞིན་དུ་ཏྲི་སུ་མཚན་འདོན་གནང་བ་བཅས་སོ།།

སྤྱིར་འཛམ་གླིང་འཁྲུག་རྩོད་དང་ནད་མུག་མཚོན་གསུམ་ཞི་བ་དང་། དགོས་སུ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་དང་བསྟན་འཛིན་དཔོན་སློབ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་དང་། ཁྱད་པར་དུ་དབྲ་ཁྱུང་རྒྱལ་གྱི་སྡེ་དགོན་གཉིས་ཀྱི་བྱད་ཁ་ཕུར་ཁ་དང་ལོ་ཟླ་ཞག་དུས་གསུམ་གྱི་བར་ཆད་ཐམས་ཅད་དམིགས་མེད་དུ་ཞི་ཞིང་དབྲ་ཁྱུང་ཡབ་སྲས་རྣམས་ཀྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་འགྲོ་དོན་མཐའ་རུ་ཕྱིན་པར་གྱུར་ཅིག། 

བློ་གྲོས་མཁྱེན་རབ་ཀྱིས་བསྡུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།