མདོ་སྨད་རྩེ་དབུས་སྒར་གྲོང་ཡོངས་ནས་རྩེ་ཞིག་ཚང་ལ་མནྜལ་བརྟན་བཞུགས་ཕུལ་བ།

[ཟླ་ཚེས། 2022-01-18 19:04:24][རྩོམ་པ་པོ། རྩེ་འོད་སྣང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


མདོ་སྨད་རྩེ་དབུས་སྒར་གྲོང་ཡོངས་ནས་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་ལ་
མནྜལ་བརྟན་བཞུགས་ཕུལ་བ།


བསྟན་འཛིན་ངུར་སྨྲིག་རྒྱུ་སྐར་བྱེ་བའི་དབུས། །གཤེན་བསྟན་ཨུཏྤལ་སྐྱེད་ཚལ་བཞད་པའི་གཉེན། །

ཤེས་རབ་བསྟན་པའི་ཟླ་བ་ཁྱད་འཕགས་པ། །བསྟན་འགྲོའི་དོན་མཛད་བླ་མར་གསོལ་འདེབས། །

ཁྱེད་སྐུ་མི་འགྱུར་གཡུང་དྲུང་གཏམས་པའི་ཁྲིར། །འགྲོ་དོན་མ་གྲུབ་བར་དུ་བརྟན་གྱུར་ཅིག །

ཅེས་དམུ་གཤེན་ནོར་བུ་དབང་རྒྱལ་ནས།

 དེ་ཡང་རང་ཅག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་རྨད་དུ་བྱུང་བ། སྐྱབས་གཅིག་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་སླད་དུ་མཚན་ནས་སྨོས་ན་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་མི་འཇིགས་གདོང་ལྔའི་འདེགས་པའི་ཁྲི་འཕང་མཐོན་པོ་ལ་བསྐལ་བའི་བར་དུ་བཞུགས་པའི་སྨོན་ལམ་དུ་དམིགས་ཏེ། དེ་རིང་ཧོར་ཟླ་༡༢-༡༥ཉིན་སྟེ་དགེ་སྦྱོར་ལ་ལྷག་པར་གཅེས་པའི་ཉིན་བཟང་སྐར་བཟང་གི་ཉིན། རང་ཅག་རྩེ་དབུས་སྡེ་གྲོང་ཡོངས་ནས་ཞབས་པད་བསྐལ་བརྒྱའི་བར་དུ་སྐུ་འཚོ་ཞིང་བཞུགས་པའི་བརྟན་བཞུགས་རྒྱས་འབུལ་གནང་།

 དེ་རིང་སྔ་མོ་ཆུ་ཚོད་༩སྟེང་གྲྭ་ཚང་འདུས་མང་དང་ལྷ་སྡེ་ཡོངས་ནས་བོན་སྐྱོང་སྲུང་མའི་ཚོགས་ལ་བསང་མཆོད་རྒྱ་ཆེར་ཕུལ་ཞིང་། ཆུ་ཚོད་༡༠སྟེང་རིན་པོ་ཆེ་མཆོག་བླ་བྲང་ཤེས་རིག་ནོར་གྱི་བང་མཛོད་ནས་གྲྭ་ཚང་ཡོངས་ཀྱིས་ཚོགས་ཆེན་འདུ་ཁང་དུ་བསུ་མ་མཛད། དེ་ནས་འདུས་སྡེ་སྤྱི་ནས་བླ་མའི་རྣལ་འབྱོར་མགྲིན་གཅིག་ཏུ་གྱེར་ནས་རྣམ་ལྔའི་མཆོད་པ་ཕུལ། སྨྲ་སེང་ཚེ་སྒྲུབ་ཀྱི་གཞུང་བསྲིངས་དེ་མནྜལ་རྒྱས་འབུལ། སྐུ་གསུང་ཐུགས་རྟེན། ན་བཟའ་གོས་དྲུག བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན་གྱི་མཆོད་པ་རྒྱས་པར་ཕུལ།

 དེ་ཡང་མདོ་ལས། བཀའ་དྲིན་ལན་གྱིས་ཞེ་ས་ཕུལ་བ་དང་། །སྐུ་དྲིན་ལན་གྱིས་མེ་ཏོག་མཚོན་པའི་ཕྱིར། །ཞེས་གསུངས་པ་བཞིན་བཀའ་དྲིན་འཁོར་ཐབས་མེད་པའི་རྩ་བའི་བླ་མ་མཆོག་གི་སྐུ་དྲིན་བསམ་ན་བསྐལ་བ་བརྒྱ་ཕྲག་དུ་མའི་བར་དུ་ཡང་བསུབས་ཐབས་བྲལ། ད་ལོ་ལྟ་བུར་མཚོན་ན་ཡང་། རྩེ་ཞིག་བླ་མ་རྣམ་གསུམ་གྱི་གསེར་གདུང་སྲིད་གསུམ་སྲིད་གནོན་ཡོངས་སུ་གྲུབ་པ་དང་། ཁོང་གི་གསུང་འབུམ་པོད་ལྔའི་བདག་ཉིད་ཅན་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་དུ་དཔར་བསྐྲུན་ལེགས་འགྲུབ་བྱུང་། ད་དུང་བོན་བསྟན་སྤྱི་ལ་མཚོན་ན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་གཙོ་འགན་བཞེས་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་སྤུས་དག་གི་སྒོ་ནས་བོན་འབངས་སྤྱི་ཡི་རྟེན་སྐལ་དུ་དཔར་བསྐྲུན་བྱས་ཡོད། དེར་རྟེན་ད་དུང་ཡང་རང་ཅག་བོན་འབངས་ཡོངས་ཀྱི་མགོན་དུ་སྐུ་ཚེ་ཞབས་པད་གཡུང་དྲུང་རི་མོ་བསྐལ་བའི་བར་དུ་བཞུགས་པའི་སྨོན་ལམ་རྩེ་གཅིག་ཏུ་བཏབས་སོ།།

 དེ་ཡང་རྒྱུད་ལས། བསྙེན་སྒྲུབ་བཟླས་པ་ས་ཡ་ལས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་གསུངས་པ་བཞིན་སེར་སྐྱ་ཡོངས་ནས་དམུ་རིགས་གཤེན་གྱི་ཕོ་བྲང་གི་བདག་ཉིན་ཆེན་མོའི་གཤེན་སྲས་ནོར་བུ་དབང་རྒྱལ་གྱིས་ཕུལ་བའི་གསོལ་འདེབས་བྱིན་རླབས་གཡུང་དྲུང་གཏམས་པའི་གུར་ཁང་ཞེས་པ་དབྱངས་ལ་གྱེར་ནས་རིན་པོ་ཆེའི་མཆོག་བསྐལ་བ་ནས་བསྐལ་བའི་བར་དུ་རང་ཅག་དད་འབངས་ཡོངས་ཀྱི་མགོན་དུ་བཞུགས་པའི་གསོལ་བ་སྙིང་ནས་བཏབ། མཇུག་ཏུ་འདུས་མང་ཡོངས་ཀྱི་ཁ་བཏགས་དཀར་པོའི་མདུན་བསུས་ནས་རིན་པོ་ཆེའི་མཆོག་ལ་མཇལ་ཁ་ཞུས་ཤིང་། རིམ་བཞིན་ལྷ་སྡེ་བརྒྱ་ཕྲག་བདུན་ལྷག་གི་ཡང་མཇལ་ཁ་ཞུས་རིན་པོ་ཆེའི་མཆོག་ནས་འདུས་མང་ཡོངས་ལ་༼བོན་དང་ཞང་ཞུང་ཤེས་རིག༽ གི་དཔེ་ཚོགས་གཅིག་རེ་ཕུལ་ནས་མཇུག་བཀྲ་ཤིས་རྟེན་འབྲེལ་གྱི་བསྡུས་པ་ལེགས་སོ།།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།