བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཉིས་པ།

[ཟླ་ཚེས། 2022-01-10 10:24:42][རྩོམ་པ་པོ། བཀོད་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 སྤྱི་ལོ་2022ལོའི་ཟླ་1ཚེས་5ནས་ཚེས་9བར་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དེ་སི་ཁྲོན་ཁྲི་འདུ་གྲོང་ཁྱེར་ཧོང་ནན་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་འཚོགས། 
དེ་ཡང་ལོ་ངོ་སྟོང་ཕྲག་མང་པོའི་ཡར་སྔོན་གྱི་བསྟན་པའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་གྱི་༧སྟོན་པ་རྣམ་མཁྱེན་རྒྱལ་བ༧གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་རིང་ནས་ཡིག་བསྒྱུར་གྱི་ལོ་རྒྱུས་ཡོད་ལ་ལོ་ཙཱ་བའི་གྲངས་འབོར་ཆེ་བ། བསྒྱུར་རྩོམ་གྱི་སྤུས་ཚད་ཆེས་མཐོ་བ་སྐད་གསུམ་དང་སྐད་བཞི་ཤན་སྦྱར་གྱི་ཞུ་ཆེན་ལོ་ཙཱ་བའི་གྲོས་ཚོགས་རྒྱ་ཆེན་པོ་བསྡུས་མྱོང་ཡོད་ལ་སྒྲ་བསྒྱུར་གྱི་གཞུང་ལུགས་གཏན་འབེབས་བྱས་མྱོང་ཡང་ཡོད་པ་རེད། བོད་ཀྱི་གནའ་བོའི་སྟག་ཟིག་དང་ཞང་ཞུང་གི་སྒྲ་བསྒྱུར། ལེགས་སྦྱར་དང་པཱ་ལིའི་སྒྲ་བསྒྱུར། ཆེན་པོ་ཐང་གུར་གྱི་རྒྱའི་སྒྲ་བསྒྱུར་སོགས་རིན་ཐང་ལོ་རྒྱུས་ལྡན་པའི་སྒྲ་བསྒྱུར་ལས་། སྣ་མང་ཕུན་སུམ་ཚོགས་པའི་གནའ་བོའི་ཞང་བོད་ཤེས་རིག་གི་དཔལ་ཡོན་དང་རིག་གཞུང་གི་གཞི་རྟེན་གལ་ཆེན་འདི་གྲུབ་པ་རེད། དུས་རབས་འདིར་ཡང་མ་འོངས་བོན་གྱི་ཤེས་རིག་དང་སྐད་ཡིག་གི་འཕེལ་རླབས་ངོས་སུ་འདིར་ཡང་ཡིག་བསྒྱུར་གྱི་གྲོས་གླེང་རྩ་འཛུགས་བྱས་པར་བརྒྱུད། མ་འོངས་ཕུགས་རྒྱང་རིང་མོའི་ལས་གཞི་འཆར་བཀོད་དང་ཆེད་ལས་རྐང་འཛིན་མི་སྣ་གསོ་སྐྱོང་། མཁས་དབང་མཐུན་སྒྲིལ་མཉམ་འཛོམས་ཀྱི་ངང་ནས་བསྟན་པ་ལ་ཤ་ཞེན་ཆེ་ཞིང་མཁྱེན་དཔྱོད་ཡངས་པ་སྐད་གཉིས་སྨྲ་བ་པོ་བླ་སྤྲུལ་དགེ་བཤེས་མཁན་སློབ་དགེ་རྒན་རྣམ་པ་བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཁྲིན་ཏུའུ་གྲོང་ཁྱེར་དུ་འཚོགས།
ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00ཐོག་ཏུ།  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་གི་ཚོགས་འདུར་མདོ་འཛིན་གནང་།
 ཐེངས་འདིའི་འགན་འཛིན་པ་སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་མཆོག་ནས་ཚོགས་ཞུགས་མི་སྣ་རྣམ་པར་འཚམས་འདྲི་དང་འབྲེལ་ལས་དོན་སྐོར་ནས་གསུང་བཤད་གནང་།
དེ་རྗེས་ཐེངས་འདིའི་འགན་འཛིན་པ་རྟོགས་ལྡན་དགོན་གྱི་རྒན་ཤེས་རབ་རྒྱ་མཆོ་མཆོག་ནས་ཚོགས་ཡུན་ཉིན་ལྔའི་རང་གི་ཚོགས་འདུའི་འགྲོ་རིམ་དང་བསྒྱུར་བྱའི་སྐོར་ནས་གསལ་བཤད་རྒྱས་པར་གནང་།
དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་གྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་ཚོགས་འདུའི་སྐོར་ལ་གནད་དུ་སྨིན་པའི་གསུང་བཤད་གལ་ཆེན་གནང་།
དེ་ནས་རིམ་བཞིན་སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོ་རྫ་པ་ཚེ་རིང་འགྱུར་མེད་དང་། དོན་འགྲུབ་ལྷ་རྒྱལ། ས་ཡུལ་ཁྲོ་བོ་རྒྱལ་མཚན། ཀུན་ཐར་མཚོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དབུས་དྲུང་ཡིག་ཆེ་ཆུང་དང་། ཚོགས་གཞོན་རྣམ་པ། རྒྱུན་ལས་མི་སྣ། དེ་མིན་ཡིག་བསྒྱུར་ཕྱོགས་ལ་འབད་པ་གནང་མཁན་གྱི་མི་སྣ་ལྷན་རྒྱས་མཉམ་འཛོམས་གནང་སྟེ་ཐེངས་འདིའི་བསྒྱུར་བྱའི་ལས་དོན་ལ་དངོས་སུ་ཞུགས། སྔ་ཕྱི་དྲོ་གཉིས་ལ་མདོ་འཛིན་པ་གཉིས་རེ་བསྐོ་བཞག་བྱས་ཏེ་ཚོགས་འདུར་དོ་དམ་གནང་།
ཉིན་ལྔའི་རིང་བོན་གྱི་ཐ་སྙད་སྐོར་ལ། རིག་གནས་དང་ལོ་རྒྱུས། གཞུང་ལུགས། ཆོ་ག་སོགས་རིགས་མང་མོད་སྐབས་སུ་བབས་པའི་བསྒྱུར་བྱ་གཙོ་བོ་ནི《ཞང་བོད་ཚིག་མཛོད་ཆེན་མོ》འི་ནང་གི་ཐ་སྙད་ཁག་གཅིག་བསྒྱུར་བ་དང་།   《སངས་རྒྱས་གཡུང་དྲུང་བོན་གྱི་ཞལ་འདོན》བོད་ཡིག་ཅན་དག་བཅོས། 《བོན་གྱི་ལོ་རྒྱུས་ངོ་སྤྲོད》རྒྱ་ཡིག་ཅན་དག་ཞུ་གཏན་འབེབས་བྱས། 《ཐེག་པ་ཆེན་པོ་ཡུམ་གྱི་མདོ》《 རྒྱ་ནག་ཀག་ཟློག  》《སྐྱབས་རྗེ་ཁྲི་འཛིན་སོ་བཞི་པའི་གསོལ་འདེབས།》《བསང་གི་སྔོན་འགྲོ།  》སོགས་བསྒྱུར་བྱ་གཙོ་བོར་བྱས་ཏེ་ཉིན་ལྔའི་རིང་ལ་འབད་པ་གནང་།

ཐེངས་བཅུ་གཉིས་པའི་འགན་འཛིན་པ་སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ་མཆོག་དང་རྟོགས་ལྡན་དགོན་པའི་རྒན་ཤེས་རབ་རྒྱ་མཚོ་རྣམ་གཉིས།

ཐེངས་བཅུ་གསུམ་པའི་འའགན་འཛིན་པ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་རྣམ་གཉིས།

ཐེངས་འདུའི་གྲོས་ཆོད་ལ། བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཡིག་བསྒྱུར་ཚོགས་འདུའི་འགན་འཛིན་པ། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་དང་དུང་རི་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་རྣམ་གཉིས་ཀྱིས་འགན་ཁུར་གནང་རྒྱུ་དང་། ཐེངས་རྗེས་མའི་བསྒྱུར་བྱ་ནི་《ངན་སོང་དོངས་སྤྲུག་སྐྱེ་སྒོ་གཅོད་པའི་མདོ། 》《ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་འཕྲེང་བ། 》༼གཞུང་འདི་ཉིད་ཐེངས་བཅུ་གསུམ་པའི་འགན་འཛིན་རྣམ་གཉིས་ནས་བསྒྱུར་རྒྱུའི་འགན་བཞེས་གནང་རྒྱུ།༽དང་།《ལྷ་ཡི་བོན་མདོ་ཡན་ལག་བརྒྱད་པ།》《མ་བདུད་བཙན་རྒྱལ་གྱི་བསྐང་བ། 》༼གཞུང་འདི་གཉིས་དགེ་བཤེས་བསོད་ཁོ་ནས་བསྒྱུར་རྒྱུའི་འགན་བཞེས་གནང་རྒྱུ་བཅས།༽ཐེངས་བཅུ་གསུམ་པའི་གྲོས་ཚོགས་སྐབས་སུ་གོང་གསལ་གྱི་གཞུང་བཞི་དེ་རྣམས་དག་བཤེར་གནང་རྒྱུའི་ཐག་བཅད། གཞན་གཡུང་དྲུང་བོན་གྱི་ཞལ་འདོན་བོད་ཡིག་དག་བཅོས་ཟིན་པ་དེ་དག་གཞིར་བཟུང་སྟེ་རྒྱ་ཡིག་དག་བཅོས་དང་བོན་གྱི་ལོ་རྒྱུས་ངོ་སྤྲོད་རྒྱ་ཡིག་སྐོར་བཅས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་དང་ཐར་བདེ་ཚེ་དབང་འཇིགས་མེད། རྒན་ཚེ་རིང་འགྱུར་མེད། མཁན་པོ་ཚེ་རིང་ནོར་བུ། ཀུན་ཐར་མཚོ་བཅས་ནས་དག་བཅོས་དང་པར་སྐྲུན་གྱི་འགན་བཞེས་གནང་རྒྱུ་ཐག་བཅད། ལོ་རེའི་ཚོགས་འདུའི་ཚོགས་ཡུལ་དང་ཚོགས་འདུའི་དུས་ཚོད་གཏན་ཁེལ་རྗེས་ཚོགས་ཞུགས་མི་སྣ་རྣམས་ལ་ཟླ་བ་གཅིག་སྔོན་ཙམ་ནས་བརྡ་སྦྱོར་གཏོང་རྒྱུ་དང་། ཚོགས་འདུའི་སྐབས་གྲ་སྒྲིག་དགོས་པ་སོགས་ནས་གྲོས་མཐུན་བྱུང་།

སྐབས་འདིར་འགན་འཛིན་གཉིས་ནས་ལེགས་སྐྱེས་དང་ཚོགས་འདུའི་གྲལ་སྒྲིག་གི་རིམ་པ་ཕུན་སུམ་ཚོགས་པ་བྱས་རྣམ་པ་གཉིས་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་ཚོགས་གཙོ་གཞོན་པ་དྲུང་ཡིག་ཆེ་ཆུང་ཀུན་ནས་བཀའ་དྲིན་ཞུས། འཇུག་མཐར་བཀྲ་ཤིས་བདེ་ལེགས་ནང་ནས་ཚོགས་འདུའི་མཇུག་ལེགས་པར་གྲོལ།
བོན་གྱི་ཐ་སྙད་རྒྱ་ཡིག་ཐོག་ཕབ་བསྒྱུར་གཏན་འབེབས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་འགན་འཛིན་ཚན་ཆུང་ནས་བྲིས། 2022/1/9/  ལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།