རྔ་ཡུལ་གདོང་ལི་དགོན་པའི་གསས་ཁང་བསྐྱར་བཞེངས་ཀྱི་རབ་གནས་མཛད་སྒོ་སྤེལ་བའི་གནས་ཚུལ།

[ཟླ་ཚེས། 2022-01-08 17:03:12][རྩོམ་པ་པོ། འཇུ་ནམ་མཁའི་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 རྔ་ཡུལ་གདོང་ལི་དགོན་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་དུ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་བསྐྱར་བཞེངས་གནང་བའི་གསས་ཁང་མི་འགྱུར་བཀྲ་ཤིས་ཀུན་གྲགས་ཆེན་མོ་ལེགས་པར་གྲུབ་པའི་བཀྲ་ཤིས་པའི་རབ་གནས་དང་དགའ་སྟོན་མཛད་སྒོ་ཉིན་གསུམ་ལ་སྤེལ་བའི་གནས་ཚུལ།
    ཉིན་དང་པོར་སྐྱབས་གཅིག་འགྲོ་བའི་མགོན་པོ་སྙིགས་དུས་གདུལ་དཀའ་འདུལ་བའི་དེད་དཔོན་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་སྐྱབས་མཆོག་འགྲོ་བའི་མགོན་པོ༧ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་སྐུ་འཁོར་རྣམས་དང་གཞན་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་མཁན་གསུམ་སོགས་རླངས་འཁོར་གྱི་བསུ་མ་བྱས་ཏེ་གདོང་ལི་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་དུ་གདན་དྲངས་ནས་ལྷ་མི་དགའ་བའི་དཔལ་ལ་རོལ། 
   གསས་ཁང་མི་འགྱུར་བཀྲ་ཤིས་ཀུན་གྲགས་བསྐྱར་བཞེངས་ལེགས་གྲུབ་ཀྱི་མཛད་སྒོ་དངོས་སུ་ཚོགས་ཏེ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་མཆོག་དང་། གདོང་ལི་སྤྲུལ་བའི་སྐུ་ལུང་རྟོགས་བསྟན་པ་རབ་རྒྱས།  ཉག་རོང་སྤྲུལ་བའི་སྐུ་བསོད་ནམས་རྒྱ་མཚོ་རྣམ་གསུམ་གྱིས་སངས་རྒྱས་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་དབྱིངས་སུ་བསྒྲེངས་ཤིང་བོན་མི་ནུབ་པའི་རྒྱལ་མཚན་མཁའ་ལ་བཏེགས།  
   སྐབས་དེར་ཚོགས་འདུའི་མདོ་འཛིན་པས་ཚོགས་འདུའི་རེའུ་མིག་གསལ་བསྒྲགས་དང་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་བཀྲ་ཤིས་པའི་ཁ་བཏགས་ཕུལ་ཏེ་ཚམས་འདྲི་ཞུས། སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་བཀྲ་ཤིས་པའི་ཤིས་ཚིག་ཕུལ།   སྐྱབས་རྗེ་གདོང་ལི་རིན་པོ་ཆེ་མཆོག་ནས་གདོང་ལི་དགོན་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་གསས་ཁང་མི་འགྱུར་བཀྲ་ཤིས་ཀུན་གྲགས་བསྐྱར་བཞེངས་ཁྲོད་བཀའ་དྲིན་ཞུ་འོས་པ་དག་ལ་བཀའ་དྲིན་ཞུས་ཤིང་གདན་ས་འདིའི་ལོ་རྒྱུས་གསུངས།  མཐར་གདོང་ལི་དགོན་གྱི་ཀྲུའུ་རིན་པདྨ་མཆོག་ནས་དགོན་འདིར་བཀའ་དྲིན་ཅན་གྱི་བསྟན་པའི་སྦྱིན་བདག་དག་ལ་མིང་བསྒྲགས་ནས་བཀའ་དྲིན་ཞུ་ཡིག་ཕུལ། 
 
   སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེའི་གཙོས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དང་དགེ་བའི་བཤེས་གཉེན་གྲྭ་ཚང་འདུས་པ་རྒྱ་མཚོ་ཡོངས་ཀྱིས་བཀྲ་ཤིས་པའི་སྨན་འབྲུ་སྣ་ཚོགས་ཀྱི་མེ་ཏོག་གཏོར་ཞིང་། གསས་ཁང་ཆེན་མོ་དངོས་སུ་སྒོ་འབྱེད་གནང་སྟེ་གྲྭ་ཚང་འདུས་པ་རྒྱ་མཚོས་དབང་ལྡན་དུས་ཀྱི་འཁོར་ལོའི་སྒོ་ནས་རབ་གནས་རྒྱས་པར་གསུངས།
  ཕྱི་དྲོར་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་དབང་ལྡན་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་སྟེ་གདོང་ལི་སྨིན་གྲོལ་བསམ་གཏན་དར་རྒྱས་གླིང་གི་བླ་མ་གྲྭ་ཚང་གིས་བཀའ་དྲིན་གཏང་རག་གི་ཡོན་དུ་སྐུ་ཚེ་འགྱུར་མེད་གཡུང་དྲུང་གི་ཁམས་སུ་བརྟན་པར་སྨོན་ལམ་བཏབས་ཏེ་སྐུ་གསུང་ཐུགས་རྟེན་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཕུལ། 
   ཉིན་གཉིས་པར་དགོན་གོང་མའི་ཕྱག་སྲོལ་བཞིན་རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་བདེ་རྒྱལ་མའི་སྒོ་དབྱངས་དང་བཅས་ཏེ་གྲྭ་ཚང་ལི་ཁྲི་ཆུ་གཏེར་གཡོ་བ་བཞིན་དུ་ཚོགས་ཆེན་འདུ་ཁང་ཆེན་མོའི་ནང་དུ་ཚོགས་ཤིང་ཤར་རྫའི་བླ་སྒྲུབ་གསུངས། ཀུན་མཁྱེན་ཤར་རྫ་རིན་པོ་ཆེའི་གོས་སྐུ་བཤམས་ཏེ་སེར་འཕྲེང་ནོར་བུ་དགའ་འཁྱིལ་བྱས་ལ་མཆོད་པའི་ཡོ་བྱད་བསམ་གྱི་མི་ཁྱབ་པ་ཕུལ་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཚོགས་ཆེན་པོ་བསགས། 
 གཤེན་གྱི་གར་འཆམ་ཆེན་མོ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་ཁུངས་བཙུན་པའི་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ངོ་མཚར་བ་ཞིག་ཡིན་པས་དགོན་རྙིང་འདི་ལ་མཚོན་ནའང་ཐུན་མོང་མ་ཡིན་པའི་འཆམ་གྱི་རིག་གནས་ཕུན་སུམ་ཚོགས་པ་གོ་རིམ་ལྡན་ལ་ཞིག་ཡོད་པ་རྣམས་རིམ་བཞིན་གར་གྱི་མཆོད་པའི་རིམ་པའོ།།

  མ་བདུད་བཙན་གསུམ་སོགས་གཡུང་དྲུང་བོན་གྱི་བསྟན་པ་སྲུང་བར་ཁས་བླངས་བའི་དམ་ཅན་སྲུང་མའི་ཚོགས་ལ་བསང་མཆོད་དང་སྙན་ཤལ་ཕུལ་ཞིང་རང་རང་གི་འདོད་དོན་ཞུས་ཏེ་ཀི་བསོ་ལྷ་རྒྱལ་འཐེན་པའོ།།    སྡོམ་གསུམ་བཅད་མཚམས་དག་པའི་དགེ་འདུན་པའི་གྲལ་ནས་ཕྱིའི་ལུས་ཀྱི་ཤད་ཤུགས་རྒྱས་པའི་གྲྭ་རྒོད་ཁ་དགེ་འདུན་པའི་སྐུ་སྲུང་བ་རྡོབ་རྡོབ་རྣམས་ཀྱིས་རྡོོབ་དབྱིག་བཅག་པས་མ་རུང་བའི་དགྲ་ཐམས་ཅད་ཟུར་གྱིས་གནོན་ཐུབ་པར་བཤད་པའི་དབྱིག་པ་ཆག་དུམ་དེ་སུའི་ལག་ཏུ་ཡོང་ན་ཁྱིམ་གྱི་གོད་ཁ་སོགས་ཆོད་པའི་རྟེན་འབྲེལ་ཡོད་པས་དེ་ཐོབ་རྩོད་བྱེད་པ་ཡིན། བསྟན་པའི་སྦྱིན་བདག་རྣམས་ཀྱིས་ཉིན་རེ་རེ་བཞིན་གྲྭ་ཚང་ལ་བསྙན་བཀུར་གྱི་ཚོགས་གསོག་རྒྱ་ཆེན་པོ་བྱས་པར་གྲྭ་ཚང་གིས་སྦྱིན་བདག་རྣམས་ཀྱི་ཁྱིམ་ལ་བདེ་སྐྱིད་ལྡན་པ་དང་ཚེ་འདས་རྣམས་ལ་བསྔོ་སྨོན། ཚེ་ལྡན་རྣམས་ལ་སྐྱབས་འཇུག་བཀྲ་ཤིས་གཡང་འབོད་གསུངས་པའོ།།
ཉིན་གསུམ་པར་དགའ་དད་སྤྲོ་གསུམ་གྱིས་སྡེ་བ་སོ་སོའི་ཞབས་བྲོ་བ་དང་རུ་ཁག་སོ་སོ་རིག་རྩལ་བ་རྣམས་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་ཚོགས་ཏེ་གྲལ་བསྒྲིགས་ཏེ་གར་སྟེགས་ཕྱོགས་སུ་བསྐྱོད།    དགེ་ལི་གཡང་ལྡན་ཕྱུག་མོའི་བྲོ་གར་ཚོགས་པས་ཉམས་འགྱུར་གར་གྱི་སྟང་སྟབས་དང་བོད་རང་གི་སྲོལ་རྒྱུན་མ་ཉམས་པའི་མཆོད་ཁས་སྤྲོ་ཚོགས་དངོས་སུ་སྒོ་ཕྱེ།    མདོ་འཛིན་པས་བཀྲ་ཤིས་པའི་ཤིས་བརྗོད་ཀྱིས་འགོ་བཟུང་ཞིང་གངས་ལྗོངས་པི་ཝང་དཀར་པོ་དགེ་བྷེས་དངོས་སུ་གླུ་སྒོ་ཕྱེ་སྟེ་ཀ་ཤུལ་གླུ་གར་ཚོགས་པས་གར་གྱིས་རམ་འདེགས་བྱས།དེ་ལྟར་རིམ་བཞིན་སྡེ་བ་སོ་སོའི་མཐུས་ཚབ་པ་དང་གཏན་ཞུས་གཞས་པ་དང་གཞས་མ་རྣམས་ཀྱིས་སྙན་མོ་དབྱངས་ཀྱི་མཆོད་པ་ཕུལ།  སྐལ་བཟང་མེ་ཏོག་སློབ་ཚོགས་ཞབས་བྲོ་བ་དང་། སྟང་ཚང་སྟོད་སྨད་གཉིས་ཀྱི་ཞབས་བྲོ་རུ་ཁག  ཧོར་འཕེན་སྡེ་བའི་ཞབས་བྲོ་བ། ཁུག་མགོ་སྡེ་བའི་ཞབས་བྲོ་་བ་བཅས་ཀྱིས་གར་གྱི་དཔལ་ལ་རོལ།  མཐར་རྔ་ལྗོངས་ཁུ་བྱུག་སྔོན་མོ་གྲགས་བྷེས་བཀྲ་ཤིས་པའི་གླུ་ཡིས་མཇུག་བསྡུས་ལ་སྐྱབས་རྗེ་གདོང་ལི་རིན་པོ་ཆེས་རིག་རྩལ་ཚན་ཁག་སོ་སོ་ལ་བཀའ་དྲིན་ཞུ་བའི་ལེགས་སྐྱེས་ཕུལ་ཏེ་བཀྲ་ཤིས་པའི་ངང་མཇུག་བསྡུས་པའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།