སྤུ་ལ་ཁྱུང་ནག་དགོན་དུ་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2021-07-21 14:56:55][རྩོམ་པ་པོ། བཤད་སྒྲུབ་འདུས་སྡེའི་ཡིག་ཚང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་དུ་སྐབས་དང་པོའི་དགེ་བཤེས་མཛད་སྒོ་སྐལ་བཟང་ལྷ་མི་དགྱེས་པའི་གནས་ཚུལ་རགས་བསྡུས།

རྒྱལ་བསྟན་སྤེལ་བའི་དགོངས་པ་ནམ་མཁའི་ཀློང་།།
མཛད་འཕྲིན་འཛམ་གླིང་ཁྱབ་པའི་ཉིན་བྱེད་དབང་།།
བཤད་སྒྲུབ་པད་ཚལ་ཡོངས་སུ་རྒྱས་མཛད་པའི།།
སྨན་རིའི་མཁན་སློབ་ཐམས་ཅད་རྒྱལ་གྱུར་ཅིག།
བཤད་སྒྲུབ་བསྟན་པ་སྲིད་མཐར་སྐྱོང་མཛད་པའི།།
བསྟན་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཞིང་།།
སྣང་སྲིད་མཆོད་པའི་སྤྲིན་ཚོགས་བསམ་མི་ཁྱབ།།
གཏང་རག་རྒྱས་པའི་མཆོད་པ་བཞེས་མཛོད་ཀྱེེ།།
   ཞེས་མཆོད་པར་བརྗོད་པ་ཚིག་གིས་མདུན་ནས་བསུས་ཏེ་བསྐལ་སྟོང་སངས་རྒྱས་སྟོང་གི་གཙོ་བོ་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཐུགས་ཀྱི་བསྟན་པའི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའི་སྐུ་སྲས་ཚེ་དབང་རིག་འཛིན་དང་གཡུང་དྲུང་མཐོང་གྲོལ་རྣམ་གཉིས་འགྲོ་བའི་དོན་དུ་སྐུ་མཆོག་མངོན་པར་བལྟམས་པའི་ཟླ་བ་ཁྱད་པར་ཅན་ཏེ་ཧོར་ཟླ་དྲུག་པའི་ཚེས་གཉིས་དང་སྤྱི་ཟླ་བདུན་པའི་ཚེས་བཅུ་གཅིག་ནས་ཉིན་གྲངས་བདུན་གྱི་རིང་། བཀའ་རམས་པ་རག་ཤི་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་དང་།  དཔོན་ཚང་དྲང་སྲོང་ཡེ་ཤེས་རྒྱལ་མཚན།  གཅུང་པ་དྲང་སྲོང་སྐལ་བཟང་རྒྱ་མཚོ།  མེ་ཉག་དྲང་སྲོང་ཚུལ་ཁྲིམས་ལྷུན་གྲུབ།  རག་ཤི་དྲང་སྲོང་གཡུང་དྲུང་འཇིག་བྲལ།  གཅུང་པ་དྲང་སྲོང་ཁྲི་འབར་བློ་གྲོས།  ཁྱུང་སེར་དྲང་སྲོང་ཐེག་ཆེན་གཙུག་ཕུད།  ཟང་རྒྱུད་དྲང་སྲོང་བརྩོན་འགྲུས་ཉི་མ་དང་བརྒྱད་ལོ་ཆེན་བཅུ་ཕྲག་རིང་ལ་རྒྱལ་བ་སྨན་རི་ཚང་གི་བཤད་སྒྲུབ་འདུས་སྡེའི་སྒྲིག་སྲོལ་གཏེར་བྱང་ཆེན་མོའི་ལམ་ལུགས་ཇི་བཞིན་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་དང་།  ལམ་བསླབ་པ་གསུམ་ལ་ཉམས་ལེན་ཚུལ་བཞིན་གནང་སྟེ།   སྦྱོང་པ་མཐའ་རུ་ཕྱིན་པའི་ཆེ་རྟགས་སུ་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་དུ་བོད་ཟླ་དྲུག་པའི་ཚེས་གཉིས་ནས་བཟུང་ཉིན་གྲངས་བདུན་གྱི་རིང་འདུལ་ཆོག་གི་དཀྱིལ་འཁོར་ཞལ་ཕྱེས་ནས་མཆོད་སྦྱིན་རྒྱས་པར་འབུལ་བ་དང་། ཆུ་ཚོད་དགུ་པའི་ཐོག་༧རྒྱལ་བ་སྨན་རིའི་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་སྤུ་ལ་ཁྱུང་ནག་དགོན་གྱི་ཁྲི་འཛིན་དཔོན་གསས་བླ་མ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་བླ་བྲང་ནས་སྤོས་གླིང་གིས་སྣ་དྲངས་ཏེ་བཀྲ་གསལ་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་གདན་ཞུ་དང་ཆབས་ཅིག  
   ༧རྒྱལ་བ་སྨན་རི་བའི་བཤད་སྒྲུབ་འདུས་སྡེའི་མཁན་ཟུར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་གཤེན་བསྟན་རབ་གསལ་རིན་པོ་ཆེ་མཆོག་དང་།   དཔོན་སློབ་དྲང་སྲོང་བློ་གྲོས་རིན་པོ་ཆེ་དང་བཀའ་ཆེན་རག་ཤི་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་དང་།    སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་མཁན་རིན་པོ་ཆེ་བསོད་ནམས་གཡུང་དྲུང་མཆོག་དང་བཀའ་ཆུང་དཔོན་ཚང་དྲང་སྲོང་ཡེ་ཤེས་རྒྱལ་མཚན་བཅས་ཕྱོགས་སོ་སོ་ནས་སྤོས་གླིང་གིས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་འཁོད་པ་དང་ལྷན་དུ།   ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་དང་།  ཕུར་ནག་དགོན་གཡུང་དྲུང་འོད་ཚལ་གླིང་དང་ཨ་ཀྲོང་རི་ཁྲོད།    ལུང་དཀར་དགོན་གཤེན་བསྟན་རིན་ཆེན་གླིང་།   ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་བཅས་ནས་གདན་ཞུ་བྱས་པའི་དགེ་བཤེས་དང་བཤད་གྲྭ་བ་བཅས་གཞན་འདུས་གྲྭ་ཡོངས་རྫོགས་བཞུགས་གྲལ་དུ་འཁོད་པ་དང་ཆབས་ཅིག   བཟོ་རུ་དབུ་མཛད་ཚུལ་ཁྲིམས་དཔལ་བཟང་མཆོག་ནས་བྱམས་མའི་སྔགས་བསྟོད་དང་སྐྱབས་མཆོག་དམ་པའི་གྱེར་དབྱངས་འབྲུག་སྟོང་ལྡིར་བ་ལྟ་བུའི་གདངས་ལས་དྲངས་ཏེ་འདོན་པ་དབུ་འཛུགས་གནང་བ་དང་ལྷན་དུ། 
  ཉིན་བཞིན་བཀའ་རམས་པ་སོ་སོའི་ཡོན་བདག་དང་གཞན་ཡང་འགྱེད་མང་ཇ་གནང་མཁན་དང་།   མཆོད་མཇལ་བ་བཅས་ནས་བསོད་ནམས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པའི་མཆོད་འབུལ་རྒྱས་པར་མཛད།   འབྲས་སིལ་དང་ཟབ་ཇ་བཞེས་གྲུབ་པ་དང་།   ཚོགས་ཆེན་དགེ་བསྐོས་སྤེ་ནེ་དྲང་སྲོང་རྣམ་གྲོལ་གཙུག་ཕུད་མཆོག་ནས་ཆབ་བརྒྱབས་མཚམས་ཉིན་བཞིན་བཀའ་ཆེ་ཆུང་གཉིས་ཚོགས་གྲལ་ནས་བཞེངས་ཏེ་གུས་ཕྱག་དང་རྟེན་གཙོ་མཁན་སློབ་རྣམ་པ་མཇལ་ཁ་ཞུས་ནས་ཚོགས་གྲལ་དབུས་སུ་ཡར་བཞེངས་པ་དང་ཆབས་ཅིག  བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་བཤད་སྒྲུབ་མཁན་ཟུར་གཤེན་བསྟན་རབ་གསལ་མཆོག་ནས་བཤད་པའི་གཞུང་བསྒྱུར་ཉི་ཟེར་གཞའ་འོད་གུར་ཁྱིམ་དང་།  བཤད་པའི་གཞུང་བསྒྱུར་འོད་དཀར་འཕྲེང་བ་གཉིས་རེས་མོར་རྒྱལ་བ་སྨན་རིའི་རིང་ལུགས་ཇི་བཞིན་གདངས་དབྱངས་བྱིན་ཆགས་པར་གྱེར། 
   དེ་བཞིན་བཀའ་ཆེ་ཆུང་གཉིས་རིམ་བཞིན་སྔོན་འགྲོའི་བཤད་པ་གྱེར་གྲུབ་པ་དང་།  འདུས་གྲྭ་ནས་བར་ཆོད་ལམ་སེལ་གསུངས་ཏེ་ཚོགས་གྲོལ།  དེ་བཞིན་སྔ་དྲོ་ཟབ་ཇའི་སྐབས་སུ་སྔོན་འགྲོའི་བཤད་བ་དང་།  ཉིན་གུང་གཏོང་སྒོ་ཆེན་མོ།   ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་བཤད་པ་དང་བཀྲ་ཤིས་གསོལ་བ་བཅས།  
   དེ་བཞིན་ཚེས་གསུམ་དང་བཞི་ལྔ་བཅས་ཉིན་གྲངས་བཞི་ཡི་རིང་སྔོན་འགྲོའི་མཛད་རིམ་གྲུབ་ནས།   ཚེས་དྲུག་དང་བདུན་གཉིས་ལ་དངོས་གཞི་དམ་བཅའ་ཆེན་མོའི་སྐབས་སུ་མཁན་སློབས་རྣམ་པ་དང་བཀའ་ཆེ་ཆུང་བཅས་གདན་ཞུ་སྔོན་འགྲོའི་སྐབས་ལྟར་ལ།   སྔ་དྲོ་མཚན་ཉིད་དམ་བཅའི་དབུ་འཆད་པད་དཀར་ཆུན་པོ་དང་།   དམ་བཅའི་ཚིག་བཤད་མན་དྷ་ར་བའི་ཕྲེང་བ་གཉིས་ངག་རྒྱུགས་འབུལ་བཞེས་གནང་བ་དང་།   ཉིན་གུང་ཆུ་ཚོད་དང་པོ་ཕྱེད་ཀ་ནས་ལྔ་པའི་བར་བཀའ་རམས་པ་དམ་བཅའ་བཞུགས་ཏེ་རབ་འབྱམས་དགེ་པའི་བཤེས་གཉེན་དང་རྫོགས་ཆེན་འཛིན་གྲྭ་ནས་ཚད་མའི་འཛིན་གྲྭའི་བར་གྱི་སློབ་གཉེར་བས་རྩོད་སྒྲུབ་རིག་པའི་འཁོར་ལོ་ཡོངས་སུ་བསྐོར་ནས་རྩོད་སྤོང་ཤན་འབྱེད་ལུང་རིག་ཟུང་འབྲེལ་གྱིས་བསྟན་པའི་བྱི་དོར་རྣམ་པར་དག་པ་བྱས།  
   བོད་ཚེས་བརྒྱད་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་ཐོག་བླ་བྲང་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་མདོ་སྔགས་བཤད་སྒྲུབ་ཉི་མ་མཆོག་དང་དགེ་བཤེས་ཕྱག་འཁྱེར་བཅས་གདན་ཞུ་དང་།   འཆམ་རའི་དབུས་སུ་ཚན་པ་འཁྱེར་མི་གཡས་གཡོན་སྐྱེས་ཕོ་མོ་གཉིས་ཀྱི་རུ་སྟར་དང་།  དབུས་སུ་དཔོན་སློབ་རིན་པོ་ཆེ་དང་བཤད་སྒྲུབ་མཁན་རིན་པོ་ཆེ།  བཀའ་རམས་པ།   མཆོད་བཏེགས་པ་བཅས་རུ་སྟར་ཚོ་གསུམ་ཚར་དུ་དངར་བ་བསྒྲིགས་ཏེ་གཡས་གཡོན་གྱི་དང་ཐོག་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་དང་དབུས་སུ་བོན་གྱི་བརྡ་རྟགས་ཆེན་མོ་བཅས་སྤོས་གླིང་གིས་སྣ་དྲངས་ཏེ་བཀྲ་གསལ་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་བཞུགས་གྲལ་འཁོད་པ་དང་།  བྱམས་མའི་སྔགས་བསྟོད་དང་ཟླ་བྲལ་ཨ་དཀར་གྱེར་འདོན་གྲུབ་པ་དང་བཀའ་རམས་པ་བཀྲ་ཤིས་དམ་བཅའ་བཞུགས་ཏེ་རབ་འབྱམས་དགེ་བའི་བཤེས་གཉེན་གཙོས་འདུས་གྲྭ་ཡོངས་ནས་བཀྲ་ཤིས་རྣམ་པར་དག་པའི་རྟགས་བསལ་གྱིས་རྒྱས་གདབ་མཛད་དེ་ཚོགས་གྲོལ།  
   ཆུ་ཚོད་དང་པོའི་ཐོག་ཡར་འཚོགས་ནས་བྱམས་མའི་སྔགས་བསྟོད་དང་སྐྱབས་མཆོག་དམ་པ་གྱེར་འདོན་གྲུབ་པ་དང་ཆབས་ཅིག་རྟེན་གཙོ་དང་མཁན་སློབ་རྣམས་མཇལ་ཁ་ཞུས་མཚམས་སུ་བཀའ་རམས་པ་རྒན་རིམ་བཞིན་ཚོགས་དབུས་སུ་ཡར་བཞེངས།    དེ་ནས་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་རྒན་གཤེན་བསྟན་རབ་གསལ་མཆོག་ནས་མཚན་བཏགས་ཀྱི་ཚིག་བཤད་རབ་དཀར་པད་མོའི་ཕྲེང་མཛེས་གྱེར་འདོན་གྲུབ་པ་དང་།   འདུས་གྲྭ་ཡོངས་ནས་བདེར་གཤེགས་སྤྱན་དྲངས་བརྗོད།  སྐྱབས་རྗེ་མཁན་རིན་པོ་ཆེ་མདོ་སྔགས་བཤད་སྒྲུབ་ཉི་མ་མཆོག་ནས་བསྔོ་བ་བདེ་ལེགས་ཀུན་འབྱུང་གསུང་ནས་རྣམ་དཀར་གྱི་བྱ་བ་མཆིས་སོ་ཅོག་མི་དམིགས་ཡེ་ཤེས་ཆེན་པོའི་རྒྱས་འདེབས་པའི་བསྔོ་སྨོན་མཚམས་སྦྱོར་རྣམ་པར་དག་པ་གནང་།   དེའི་རིང་རབ་འབྱམས་པ་རྣམས་ཀྱིས་གྲལ་མཐའ་ནས་གུས་པ་གསུམ་ལྡན་གྱིས་ལྷ་ཕྱག་འཚལ།   དེ་ནས་མཆོད་ཚིག་མན་དྷ་ར་བའི་ཕྲེང་བ་གསུང་བཞིན་ཚིག་དོན་ཟུང་དུ་སྦྲེལ་ཏེ་བཟང་དྲུག་སྨན་སྣ་དང་།   ཤིང་ཐོག་སྣ་ཚོགས།  མངར་གསུམ།  འབྲུ་རིགས་སྣ་ཚོགས་ཀྱི་མཆོད་རྫས་རྣམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གཡོ་བ་མེད་པའི་ཀློང་དུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱས།  
   སྐྱབས་རྗེ་མཁན་རིན་པོ་ཆེའི་མདུན་ནས་དགེ་བཤེས་ཀྱི་ཕྱག་འཁྱེར་དང་བྱིན་མདུད། རྒན་རྣམ་པའི་མདུན་ནས་མགུལ་དར་བཅས་བཞེས་གནང་མཛད།  དེ་ནས་གྲལ་བར་རྣམས་སུ་ཚིག་བཀྲ་གསུང་བཞིན་བཀྲ་ཤིས་ཀྱི་དགེ་རྟགས་མངོན་དུ་གྲུབ་པར་གྱུར།   བཀའ་རམས་པ་རྣམས་གདན་ལ་བཞུགས་པ་དང་འདུས་ཚོགས་ནས་ཡུམ་མདོ་གསུངས་ནས་ཁྲུས་ཆབ་བསྔགས་ཏེ་ཚོགས་གྲོལ།  འཆམ་རའི་ནང་སྐྱ་སེར་ཡོངས་རྫོགས་ལ་སྐྱབས་རྗེ་མཁན་རིན་པོ་ཆེ་ནས་ཡེ་ཤེས་ཀྱི་ཆུ་བོས་ཕྱི་ནང་གི་བག་སྒྲིབ་ཐམས་ཅད་དག་པར་གནང་།  དགེ་བྱེད་པ་རྣམས་བར་ཆོད་ཟློག་པའི་ཕྱིར་དུ་ཉུ་ལེ་བཀར་བདུད་ཟློག་དང་ཞི་གྱུར་བརྗོད།  འདུས་མང་རྣམས་ཞལ་ཡར་ཕྱོགས་ཏེ་སྐོར་བའི་ཡན་ལག་གསུངས། རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་པད་ཞུ་རྨད་གོས་གསོལ་ནས་འདུས་གྲྭ་ཡོངས་རྫོགས་ཞབས་སྐོར་ཕེབས། 
   དེ་ནས་གཙུག་ལག་ཁང་གི་གཡས་གཡོན་གྱི་མདུན་ཕྱོགས་སུ་རབ་འབྱམས་དགེ་བའི་བཤེས་གཉེན་དང་འདུས་མང་རྣམས་བསྒྲིགས་ཏེ་འདུལ་ཆོག་གི་སྨོན་ལམ་གསུངས་གྲུབ་པ་དང་སྐྱབས་རྗེ་མཁན་རིན་པོ་ཆེ་མདོ་སྔགས་བཤད་སྒྲུབ་ཉི་མ་མཆོག་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་པ་བཟང་ཞེས་གསུངས་པ་དང་ཆབས་ཅིག   སྐྱ་སེར་ཡོངས་ནས་སྐལ་པ་བཟང་ཞེས་རྗེས་ཟློས་ལན་གསུམ་བྱས།  དེ་ནས་མཁན་སློབ་རྣམས་སྤོས་གླིང་གིས་སྣ་དྲངས་ཏེ་གཟིམ་ཤག་ཏུ་གདན་ཞུ་བྱས།  དེ་ནས་རབ་འབྱམས་དགེ་བའི་བཤེས་གཉེན་དང་ཕྱག་འཁྱེར་གདན་ཞུ་རྣམས་དང་སྦྲག་སྤོས་གླིང་གིས་སྣ་དྲངས་ཏེ་གསང་སྔགས་བདུད་འདུལ་ལྷ་ཁང་དུ་གདན་ཞུ་དང་ཁྲི་བཀོད་བྱས་ཏེ་སྐྱ་སེར་ཡོངས་རྫོགས་ཀྱིས་ཁྲི་དར་དང་ཕན་ཐོགས་འབུལ་བཞེས་མཛད་པ་བཅས་སྐལ་བཟང་ལྷ་མི་དགྱེས་པའི་དགེ་བཤེས་མཛད་སྒོ་མཇུག་ཡོངས་སུ་གྲུབ་པར་ཐ་ཚན་མུ་ཙུག་སྨར་རོ།།   

ཐོས་བསམ་སྒོམ་པའི་ཆུ་ཆེན་རབ་འབྲུག་ནས།།
འཆད་རྩོད་རྩོམ་པའི་རྦ་རླབས་ཡོངས་སུ་རྒྱས།།
བདག་འཛིན་འཁྲུད་པའི་ཤེས་རབ་རྒྱ་མཚོ་བསྐྱིལ།།
རྒྱལ་བསྟན་བཤད་སྒྲུབ་རྒྱས་པའི་རྒྱུ་རུ་སྨོན།།
ཞེས་སྤུ་ལ་ཁྱུང་ནག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་ཡིག་ཚང་ནས་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་བྲིས་ཏེ་སྤེལ་བའོ།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།