དུང་རིའི་སྤྲུལ་སྐུའི་ཉེ་ཆར་མཛད་འཕྲིན།

[ཟླ་ཚེས། 2021-05-23 09:45:29][རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   དེ་ཡང་བོད་ལྕགས་མོ་གླང་གི་ལོའི་བོད་ཟླ་བཞི་བའི་ཚེས་༢ཉིན་༼སྤྱི་ལོ་༢༠༢༡ལོའི་ཟླ་བ་༥བའི་ཚེས་༡༣ཉིན།༽ནས་དབུ་བཟུང་སྟེ་ཉིན་བདུན་རིང་ལ། དུང་རིའི་སྤྲུལ་སྐུ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཆོག་གིས་ཞང་ངུ་གསས་གླིང་དགོན་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་མཆོད་འབུལ་རྒྱ་ཆེན་མཛད་པ་སྟེ། དེང་གི་དུས་འདིར་ཏོག་དབྱིབས་ནད་དུག་ལ་སོགས་མི་མཐུན་པའི་ནད་རིགས་ཀྱིས་འཛམ་གླིང་མི་རིགས་ཀུན་ལ་རྐྱེན་ངན་གྱི་བར་ཆད་འབྱུང་དང་འབྱུང་བཞིན་པའི་དུས་ངན་འདི་ཉིད་མྱུར་དུ་བཟློགས་པའི་ཕྱིར་དང་། ཁྱད་པར་དུ་མདོ་སྨད་ཞང་ངུ་ཁོག་གི་ཡུལ་ལུང་ཤི་གསོན་ཡོངས་ལ་སྨན་པ་དང་ས་ཆུ་དུས་སུ་འབབ་པ་དང་ནད་རིམས་ཀྱི་རྐྱེན་ངན་སོགས་གང་གིས་ཀྱང་མི་ཚུགས་པ་སོགས་ཀྱི་དོན་དུ་དམིགས་ཏེ་དཀོན་པའི་རྒྱུ་དང་དཀའ་བའི་ཚེགས་བཅས་ཆེད་དུ་གཏོང་སྟེ།

 སྤྱི་ཚེས་༡༣་ཉིན་ནས་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་རིན་པོ་ཆེ་དབུ་བཞུགས་ཐོག་གསས་གླིང་དགོན་པའི་གྲྭ་བཅུ་གསུམ་དང་སྣང་ཞིག་རྣམ་རྒྱལ་ཀུན་གྲགས་དགོན་པའི་གྲྭ་བདུན་མཁར་སྐྱོང་དགོན་པའི་གྲྭ་བཙུན་བསྟན་འཛིན་ཡེ་ཤེས་བཅས་བླ་གྲྭ་ཉེར་གཉིས་ཀྱིས་ཉིན་བདུན་རིང་ལ་མདོ་སྔགས་གཉིས་སུ་ཕྱེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་གཞུང་བསྲང་བ་དང་། ཁྱད་པར་དུ་གཞུང་གི་བསྟན་དོན་བཞིན་དུ་ཀུན་རིག་རྒྱུན་རྫས་རྣམས་ཕུན་སུམ་ཚོགས་པར་བསགས་ཤིང་། བཅའ་བཟོ་ལག་ལེན་གཞུང་བཞིན་དུ་རྒྱས་བཤམས་གནང་ལ།

དེ་ནས་སྤྱི་ཚེས་༡༧ཉིན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་རིན་པོ་ཆེ་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་དང་། ཀོང་པོ་སྟག་རྩེ་རི་ཁྲོད་དགོན་པའི་བླ་མ་སྐལ་བཟང་ཉི་མ་རིན་པོ་ཆེ། སྣང་ཞིག་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ། སྣང་ཞིག་ལྕགས་མདུད་ཟླ་བ་རྒྱལ་མཚན་རིན་པོ་ཆེ། ཁོད་པོ་དར་རྒྱས་དགོན་པའི་གཟི་སྤྲུལ་དབང་རྒྱལ་ཚེ་རིང་རིན་པོ་ཆེ། གསས་གླིང་དགོན་པའི་བླ་མ་བཅས་སྐྱེས་ཆེན་བླ་སྤྲུལ་རྣམས་ཆེད་དུ་གདན་དྲངས་ཏེ་ཀུན་རིག་ཆེན་མོའི་མེ་སྤར་སོགས་ཀྱི་ཆོ་གའི་འཕྲིན་ལས་རྒྱས་སྤེལ་མཛད་གནང་ལ།

 ཞང་ངུ་ཁོག་ལ་མཚོན་ན་ད་ལན་གྱི་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་ཆོ་ག་རྒྱ་ཆེ་སྤེལ་བ་ནི་ཐེངས་དང་པོ་ལྟ་བུར་ཆགས་ཡོད་ལ། དད་ལྡན་མང་ཚོགས་བརྒྱ་ཕྲག་དུ་མ་རྣམས་ཀྱིས་ཀྱང་དགའ་སྤྲོ་དད་གསུམ་ངང་ནས་མཆོད་མཇལ་དང་སྐོར་བ་སོགས་རྒྱ་ཆེ་བའི་དགེ་ཚོགས་ལ་ཡིད་རངས་གནང་བ་སོགས་རླབས་ཆེན་ཚོགས་བསགས་གནང་།

   སྤྱི་སྟངས་ཀྱི་ཆ་ནས་དུང་རིའི་སྤྲུལ་སྐུ་མཆོག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་སྒོས་སུ་ཞང་ངུ་ཁོག་འདི་ལ་བསྟན་པའི་ལས་དོན་རྒྱ་ཆེན་གནང་དང་གནང་བཞིན་པ་རེད་ལ། ཁྱད་པར་དུ་བར་སྐབས་སུ་ཞང་ངུ་གསས་གླིང་དགོན་ཅུང་ཉམས་དམས་སུ་གྱུར་བའི་དུས་འཕྲང་སྐབས། ཁོང་གིས་རྩ་བའི་བླ་མ་རྣམས་ཀྱི་བཀའ་དགོངས་གཞི་བཟུང་ཐོག་ཞང་ངུ་གསས་གླིང་དགོན་ཁོར་ཡུག་རྒྱ་ཆེ་བཏང་བའི་ཕྱག་ལེན་བླ་མེད་གནང་བ་དང་ཉིས་སྟོང་བཅུ་གཉིས་ལོར་རྣམ་རྒྱལ་མཆོད་རྟེན་རྨིས་༢༡ཅན་སོགས་ཕྱི་ནང་གང་ཐད་ནས་རྒྱས་སྤེལ་གནང་བ་སྟེ་རྟེན་དང་བརྟེན་པ་བཅས་ཞིག་གསོ་རྒྱ་ཆེན་མཛད་ལ་ཉིས་སྟོང་བཅོ་ལྔ་ལོ་ལ་དེ་གར་ཞང་ངུ་རེ་ཝོར་བླ་མ་སྐྱང་ནག་ཚང་གི་གདན་ས་གསས་ཁང་ཕྱི་ནང་བསྐྱར་བཞེངས་ལེགས་པར་གནང་བ་དང་གཞན་ཡང་ཁོང་གི་རྩ་བའི་བླ་མའི་གདན་ས་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་དམངས་སྒོར་ཁྲི་ཕྲག་མང་པོ་འགྲོ་གྲོན་གཏོང་སྟེ་རག་གསེར་ལས་གྲུབ་པའི་བླ་ཆེན་དྲན་པ་ནམ་མཁའི་སྐུ་རྨིས་༡༠ཅན་ཞིག་གསར་བཞེངས་གནང་ལ།

   དེ་བཞིན་དུ་ད་དུང་དྲན་པའི་སྐུ་དེ་འདྲ་ལེགས་པ་ཞིག་གསས་གླིང་དགོན་དུ་གདན་འདྲེན་ཞུ་ཆོག་ཆོག་བཟོ་གྲྭར་ལྷག་ཡོད་འདུག་མ་ཟད་ཕྱོགས་དང་ཕྱོགས་གང་སར་བསྟན་དོན་ལ་ཞབས་འདེགས་སྣ་ཚོགས་བསྒྲུབས་དང་སྒྲུབ་བཞིན་པའི་ཚུལ་འདིར་དགའ་སྤྲོ་དང་བསྟུན་ཁོང་རིན་པོ་ཆེའི་སྐུ་ཚེ་བརྟན་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས་གུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།