མེ་མོ་རི་ཁྲོད་ཀྱི་སྐབས་གསུམ་པའི་སྒྲུབ་ཐོན་མཛད་སྒོའི་གནས་བསྡུས།

[ཟླ་ཚེས། 2021-02-18 12:40:07][རྩོམ་པ་པོ། ལམ་འགྲོ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཇི་སྐད་དུ།
ངེས་འབྱུང་གསེར་གྱི་དགའ་ཚལ་ཡངས་པ་དེར།།
སྲིད་དང་ཞི་བའི་དཔལ་འབྱོར་རྒྱས་པའི་གཞི།།
རྣམ་དག་ཚུལ་ཁྲིམས་རྫོགས་པའི་དགའ་སྟོན་ལ།།
སྐྱེ་འགྲོ་ཀུན་གྱིས་རྟག་ཏུ་སྤྱོད་པར་ཤོག །
   དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་གཟུགས་ཀྱི་བཀོད་པ་མི་རུ་བསྟན་ནས་མི་ལོ་༡༨༠༣༨དང་། འབྱུང་ལྡན་༣༠༡བོད་ལྕགས་གླང་ལོའི་ཧོར་ཟླ་༡པོའི་ཚེས་༥སྐལ་བཟང་དགེ་བའི་ཉིན། མེ་མོ་རི་ཁྲོད་ཡང་དབེན་སྨིན་གྲོལ་གླིང་གིས་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་མར་འབྲས་རྟགས་བསྩལ་བའི་མཛད་སྒོའི་གནས་ཚུལ་ནི། ཉིན་དེའི་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཐོག  ས་སྟེང་འགྲོ་བའི་མགོན་པོ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་མཆོད་བསུ་བ་ཞུ་བའི་སེར་ཕྲེང་ཕེབས་ཟིན་ནས། ཚོགས་ཁང་ནང་དུ་དཔོན་གསས་བླ་མ་ཡེ་བཞུགས་ཀྱི་གྲྭ་བཙུན་དད་སྦྱིན་ཀུན་འཛོམས་ཏེ།
   སྐྱབས་རྗེ་རྒྱལ་བ་སྨན་རིའི་༧སློབ་ཟུར་སྐལ་བཟང་ཉི་མ་ལྷུན་གྲུབ་མཆོག་ནས། ཐེངས་འདིའི་སྒྲུབ་ཐོན་རྣལ་འབྱོར་མ་རྒྱལ་བ་རིགས་ལྔའི་གྲངས་ཏེ། སྤ་ཚང་བསམ་གཏན་བཟང་མོ་དང་།   འཇང་སྐལ་བཟང་སྒྲོལ་མ།  ཚབ་ཤི་སྨོན་ལམ་བཟང་མོ།  འགོ་པ་སྨོན་ལམ་བྱམས་མ།  འགོ་པ་སེམས་སྐྱིད་སྒྲོལ་མ་བཅས་ཀྱིས། ཧོར་ཁྱུང་སོགས་བོན་གྱི་དགོན་སྡེ་རི་ཁྲོད་གང་ལའང་ཐོས་བསམ་སྒོམ་སྒྲུབ་ཀྱི་ཉམས་ལེན་ཡུན་རིང་སྤྱངས་པ་མ་ཟད། ལྷག་ཏུ།  སྦྲ་ཆེན་མེ་མོ་རི་ཁྲོད་དུ་བསྐྱར་སྦྱོང་ཚུལ་མཐུན་ངང་། མི་ལོ་བཞིའི་རིང་མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་ཚུལ་མཐུན་གནང་ཞིང་ཕྱི་ནང་གི་སྒྲིག་ཁྲིམས་སློབ་གཉེར་ཚུལ་བཞིན་བགྱིས་པའི་འབྲས་རྟགས་སུ།  ཞྭ་དཀར་གཡུང་དྲུང་བོན་མེ་མོ་ཡང་དབེན་སྨིན་གྲོལ་གླིང་གི་སྐབས་གསུམ་པའི་སྒྲུབ་ཐོན་པའི་ཕྱག་འཁྱེར་བསྩལ་ཏེ། མ་འོངས་པར་གཡུང་དྲུང་བོན་གྱི་བསྟན་དང་འགྲོ་ལ་སྨན་པའི་ཕྱག་ལས་བསྐྱང་རྒྱུའི་བཀའ་སློབ་བམ། སྐུ་ཚེ་མཐའ་རུ་ཕྱིན་ཞིང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་ཐུགས་སྨོན་ཟབ་རྒྱས་དང་བཅས།
  ཁོང་རྣམས་གདན་ལ་བཞུགས་ཤིང་ནང་མི་ཉེ་འབྲེལ་ལྷན་རྒྱས་ནས་འདུས་པ་རྒྱ་མཚོར་སྐུ་འགྱེད་དང་མང་ཇ་ཕུལ་རྟིང་། གྲྭ་བཙུན་དང་ཡུལ་མི་ལྷ་སྡེ་རྣམས་ཀྱིས་མཇལ་དར་དང་། ལས་སྨོན་བཟང་པོའི་སྟོབས་ཀྱིས་སྐལ་པ་བཟང་བའི་ཁ་གཡང་སྨོན་ཚིག་སོགས་རྟེན་འབྲེལ་གྱི་མཛད་སྒོ་ལེགས་པར་གྲུབ་པའོ།།  ཕྱི་ཉིན་ཡང་སྒྲུབ་ཐོན་རྣམས་པའི་བསྟན་སྦྱིན་ནང་མི་ལྷན་རྒྱས་ནས།  བསོད་ནམས་ཚོགས་ཀྱི་ཞིང་ས་འདུས་སྡེ་ཡོངས་ལ། བདའ་རྒུའི་ཞལ་ཟས་སོགས་ཀྱི་དགྱེས་མཆོད་རྒྱ་ཆེར་ཕུལ་བ་བཅས་སོ།།
ཅེས་གསར་བསྡུས་འདི་མེ་མོ་རི་ཁྲོད་ཀྱི་འདུས་སྡེ་ཡོངས་ཀྱི་གྲལ་མཐའ་བ་ལམ་འགྲོ་བས་སྤྱི་ལོ་༢༠༢༡ལོའི་ཟླ་བ་༢པའི་ཚེས་༢༢ཉིན་ཅུང་ཟད་འཕྲི་བསྣན་བྱས་ཏེ་སྤེལ་བ་འོ།།།།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།