གཡུ་རིའི་བཤད་སྒྲུབ་སློབ་གླིང་དུ་སྐབས་དང་པོའི་གཞུང་ཆེན་བགྲོ་གླེང་འཚོགས་པ།

[ཟླ་ཚེས། 2021-01-11 14:52:36][རྩོམ་པ་པོ།  གོ་སྒྲིག་ལྷན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བླ་ཁྲི་གཡུ་རིའི་བཤད་སྒྲུབ་སློབ་གླིང་དུ་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེའི་སྐབས་དང་པོའི་གཞུང་ཆེན་བགྲོ་གླེང་འཚོགས་པ།

   ཇི་སྐད་དུ།  བསྟན་པའི་གསལ་བྱེད་འཆད་ཉན་ཡིན། ཞེས་གསུངས་པ་བཞིན། ད་ལན་སྤྱི་ལོ་2021ལོའི་བོད་ཟླ་11པའི་ཚེས་21ཉིན། ཞྭ་དཀར་གཡུང་དྲུང་བོན་གཡུ་རི་བཤད་སྒྲུབ་འདུས་སྡེ་རུ།  《གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྐབས་དང་པོའི་གཞུང་ཆེན་བགྲོ་གླེང་།》འཚོགས་པ་དང་། 
   དེ་ཡང་ཉིན་དེའི་ཞོགས་པའི་འཁོར་དུས་9བའི་སྟེང་།  འདི་ག་བཤད་སྒྲུབ་འདུས་སྡེའི་དཔོན་སློབ་གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསོད་ནམས་ཕུན་ཚོགས་རིན་པོ་ཆེའི་དང་། སྐམ་ཞིག་བསམ་གྲུབ་སྨིན་གྲོལ་གླིང་གི་དབུ་བླ་ཡེ་ཤེས་རང་ཤར་དང་། དཔོན་དགོན་གཡུང་དྲུང་དར་རྒྱས་གླིང་གི་དབུ་བླ་གཡུང་དྲུང་གཙུག་ཕུད་རྒྱལ་མཚན། མང་སྤུལ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ། སྨན་སྤྲུལ་དགེ་བཤེས་བློ་གྲོས་ཉི་མ།  སྐྱབས་ཚང་དགེ་བཤེས་གཡུང་དྲུང་སྨོན་ལམ། མཁན་པོ་ཟླ་བ་དར་རྒྱས་སོགས་དབུ་བཞུགས་འོག། བཤད་སྒྲུབ་འདུས་སྡེའི་བགྲོ་གླེང་གཏམ་བཤད་པ་དང་། ཕྱོགས་སོ་སོ་ནས་ཕེབས་པའི་ཚོགས་ཞུགས་སྐུ་མགྲོན། ཟུར་ཉན་སྐྱ་སེར་ཕོ་མོ་སོགས་ཉམས་ཞུགས་གནང་སྟེ།
   སྐབས་དང་པོའི་གཞུང་ཆེན་བགྲོ་གླེང་གོ་སྒྲིག་ཚན་ཆུང་གི་དྲུང་ཆེ་དགེ་བཤེས་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་མདོ་འཛིན་གནང་ནས། གདན་ས་སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསོད་ནམས་ཕུན་ཚོགས་རིན་པོ་ཆེས་སྣང་གསལ་མར་མེ་ཞལ་འབྱེད་གནང་མཚམས་སུ།  བགྲོ་གླེང་གོ་སྒྲིག་ཚོགས་གཙོ་དགེ་རྩེ་དགེ་བཤེས་འཕྲིན་ལས་ཀུན་ཁྱབ་ལགས་ནས།  འདི་གར་འཚོགས་པའི་སྐབས་དང་པོའི་གཞུང་ཆེན་བགྲོ་གླེང་གི་དམིག་ཡུལ་དང་ཁ་ཕྱོགས། གོ་སྒྲིག་གི་རིམ་པ་དང་ཚོགས་པའི་ངོ་བོ་སོགས་ངོ་སྤྲོད་ཟབ་་རྒྱས་གནང་།  དེ་ནས་རིམ་བཞིན་གདན་ཞུའི་སྐུ་མགྲོན་རྣམ་པས་གཏམ་བཤད་དང་།  དཔོན་སློབ་་རིན་པོ་ཆེ་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་།  ཚོགས་བཞོན་པད་མ་བཀྲ་ཤིས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔོན་འགྲོའི་འཚོགས་འདུ་ཡོངས་སུ་མཇུག་གྲུབ་པར་བྱས།

འཁོར་དུས་10པ་ནས་དངོས་གཞིའི་བགྲོ་གླེང་དབུ་བཙུགས་ཏེ།  འབྲེལ་ཡོད་དགེ་བཤེས་མཁན་པོ་རྣམས་ཀྱིས་གཙོ་སྐྱོང་གནང་ནས།  བཤད་སྒྲུབ་འདུས་སྡེའི་སློབ་མ་གཏམ་བཤད་པ་དག་གིས་མདོ་སྔགས་གཞུང་ལུགས་ཁག་གི་དཀའ་གནད་ཀྱི་ཟུར་མི་འདྲ་བ་རེ་རེ་ནས།  དཔྱད་རྩོམ་སྒྲོག་སྦྱང་དང་དང་དྲི་བ་དྲིས་ལན་གནང་རྗེས།  ཉིན་གུང་འཁོར་དུས་12ནས་གུང་ཚིགས་གསོལ་མཚམས་མུ་མཐུད་དུ་དགོང་མོའི་དུས་ཚོད་དྲུག་པའི་བར་འཛིམ་རིམ་གོང་མའི་སློབ་མ་སོ་སོས་བགྲོ་གླེང་གཟབ་རྒྱས་གནང་།  
   དགོང་མོའི་འཁོར་དུས་དྲུག་པའི་སྟེང་འདི་ག་བཤད་སྒྲུབ་འདུས་སྡེའི་དཔོན་སློབ་གདན་ས་༧ སྨན་རིའི་བཤད་སྒྲུབ་མཁན་ཟུར་རྫི་བོ་དགེ་བཤེས་བསོད་ནམས་ཕུན་ཚོགས་རིན་པོ་ཆེ་མཆོག་ནས།   བགྲོ་གླེང་གཏམ་བཤད་པ་དང་གོ་སྒྲིག་ལས་སྣེ་ཡོངས་ལ་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་བསྒྲོན་པ་དང་།
གོ་སྒྲིག་ཚོགས་གཙོ་དང་དྲུང་ཡིག་དེ་བཞིན་དགེ་བའི་བཤེས་གཉེན་རྣམ་པས་བགྲོ་གླེང་འདིའི་དངོས་མཐོང་དགེ་ཕན་དང་མ་འདང་ཁ་སྐོང་ཡུན་རིང་རྒྱུན་གནས་སོགས་ཀྱི་བཀའ་སློབ་གནང་གྲུབ་མཚམས།  ཐེངས་འདིའི་གོ་སྒྲིག་ཚོགས་གཞོན་ནས་སྐུ་ཚེགས་དང་དཀའ་ངལ་ལ་མ་འཛེམས་པར་འདི་གར་ཕེབས་གནང་བའི་གདན་ཞུའི་སྐུ་མགྲོན་དག་ལ་ཐུགས་རྗེ་ཆེ་ཞུས་པ་དང་།མཐར་དེར་འདུས་དགེ་འདུན་འདུས་པ་རྒྱ་མཚོ་ནས་གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ནས་ཁ་དགེ་བཀྲ་ཤིས་ངང་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ།
                    གོ་སྒྲིག་ལྷན་ཚོགས་ནས། 2021/1/8ཉིན།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།