གཡུང་དྲུང་གྱེར་བསྟན་གླིང་གི་སྐབས་དང་པོའི་སྒྲུབ་ཐོན་མཛད་སྒོའི་སྐོར་གྱི་གནས་ཚུལ་རག་བསྡུས།

[ཟླ་ཚེས། 2020-10-30 17:20:38][རྩོམ་པ་པོ། ལི་ཁྲིའི་ཐིག་ལེ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་ཞུང་བར་པའི་གནས་མལ་དཔལ་གཤེན་བསྟན་གཡུང་དྲུང་གྱེར་བསྟན་གླིང་གི་སྐབས་དང་པོའི་སྒྲུབ་ཐོན་མཛད་སྒོའི་སྐོར་གྱི་གནས་ཚུལ་རག་བསྡུས།

བཀྲ་ཤིས་གསེར་གྱི་ཉི་མ་སེར་པོས་བཤད་སྒྲུབ་བསྟན་པའི་དྲོད་ཐིག་སྦྱིན།།
བདེ་ལེགས་དུང་གི་ཟླ་བ་དཀར་པོས་མ་རིག་མུན་པའི་དམག་རུམ་གཏོར།།
ཕུན་ཚོགས་གཡང་གི་སྐར་ཚོགས་ཁྲ་མོས་ཞྭ་དཀར་བོན་གྱི་དབུ་འཕང་འདེགས།
ཞང་ཞུང་བར་པའི་ས་ཡི་ཐིག་ལེར་མདོ་སྔགས་བསྟན་པ་རབས་ཏུ་རྒྱས།།

སྤྲུལ་པའི་སྐུ་མཆོག་ཀུན་གསལ་སྙིང་པོས་བསྟན་དང་འགྲོ་བའི་དོན་ཆེན་དུ།།
ཐུགས་དགོངས་ཆེར་བཞེས་ཕྱག་བཏབ་མཛད་པའི་གཤེན་བསྟན་གཡུང་དྲུང་གྱེར་གླིང་འདིར།།
བཤད་སྒྲུབ་བསྟན་པའི་ས་བོན་བཏབ་ནས་འབྲས་བཟང་སྨིན་པའི་དུས་བཟང་སུ།།
དགེ་མཚན་འབུམ་གྱིས་ཕྱུག་པའི་ཉིན་མོར་དགའ་སྤྲོ་སྟོང་གིས་བསུ་བ་ཞུ།།

ཞེས་བཀྲ་ཤིས་ཁ་གཡང་གིས་མདུན་ནས་བསུས་ཏེ་སྐབས་འདིར་ངེད་དཔལ་གཤེན་བསྟན་གཡུང་དྲུང་གྱེར་བསྟན་གླིང་གི་སྐབས་དང་པོའི་སྒྲུབ་ཐོན་གྱི་མཛད་སྒོའི་སྐོར་མདོར་ཙམ་གླེང་བ་ལ།
    སྤྱི་ལོ་༢༠༢༠ལོའི་ཟླ་༡༠ཚེས་༩ཉིན་ཞོགས་པའི་ཆུ་ཚོད་༩ཐོག་སྤོས་ཕོར་དང་དར་འཕེན་དུང་རྒྱག་གླིང་སོགས་པས་སེར་འཕྲེང་གིས་སྣ་དྲངས་ཏེ་གྲྭ་ས་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་།  གཡུང་དྲུང་གྱེར་བསྟན་གླིང་གི་ཁྲི་འཛིན་བླ་མ་ལུང་རིག་ཀུན་གསལ་སྙིང་པོ་རིན་པོ་ཆེ། དགོན་སྡེ་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་རྣམས།
གྱེར་བསྟན་གླིང་གི་འདུས་སྡེའི་གྲྭ་བཙུན་རྣམ་པས་སེར་འཕྲེང་གི་སྣ་དྲངས་སྟེ་དགའ་འཁྱིལ་དུ་ཕེབས་ནས་མཇུག་དུ་གཤེན་རབ་མཆོད་རྔ་བརྡུང་།  དེ་ནས་གདན་ལ་བཞུགས་སྟེ་ཕུན་ཚོགས་འོད་ཟེར་གྱི་དབུ་མཛད་གནང་སྟེ་ཚོགས་འདོན་དང་ཇ་མཆོད་གྱེར།  ཐེངས་འདིའི་མཛད་སྒོའི་གཙོ་སྐྱོང་བ་བཟོ་རུ་གཡུང་དྲུང་རབ་གསལ་ནས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་རྣམ་པའི་ངོ་སྤྲོད་དང་མཛད་སྒོའི་གོ་རིམ་བཅས་ཁྱབ་བསྒྲགས་གནང་བ་དང་།
ཐེངས་འདིའི་མཛད་སྒོའི་ཐོག་ལ་ཕེབས་པའི་སྐུ་མགྲོན་གཙོ་བོ་གཡུང་དྲུང་གླིང་གི་མཁན་ཆེན་༧སྐྱབས་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་རིན་པོ་ཆེ་མཆོག་དང་། སྤ་དགོན་གཡུང་དྲུང་རབ་བསྟན་གླིང་གི་ཁྲི་འཛིན་་མཁན་པོ་སྤ་སྟོན་བསྟན་པ་ཉི་མ། ཀླུ་ཕུག་དགོན་གྱི་བླ་མ་སྤ་སྟོན་འཕྲིན་ལས་རྒྱ་མཚོ། འབྲི་རུ་གཡང་ཤོད་དགའ་རི་དགོན་དགའ་རབ་བདེ་ཆེན་གླིང་གི་ཁྲི་འཛིན་དབུ་བླ་མཚམས་ཆེན་ཤེས་རབ་མཐར་ཕྱིན། མདའ་རྒྱང་རྩེ་རྫོང་རི་ཁྲོད་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཁྲི་འཛིན་བླ་རབས་བཞི་པ་གཡུང་དྲུང་ཡེ་ཤེས། སྤ་དགོན་གཡུང་དྲུང་རབ་བསྟན་གླིང་གི་དགེ་གཤེས་ཆེན་མོ་ཡོན་ཏན་བཟང་པོའམ་གངས་ལྷ་དཀར་པོ། ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གི་དགེ་བཤེས་གཡུང་དྲུང་བསྟན་པ། གངས་ཆེ་འཁོར་ར་རྒྱལ་གཤེན་རག་བསྟན་རི་ཁྲོད་ཀྱི་མཚམས་ཆེན་འོད་ཟེར་རྒྱལ་མཚན་བཅས་ཡོད།
དེ་རྗེས་གཡུང་དྲུང་གྱེར་བསྟན་གླིང་གི་ཁྲི་འཛིན་བླ་མ་ལུང་རིག་ཀུན་གསལ་སྙིང་པོ་མཆོག་ནས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་གསོལ་དང་སངས་རྒྱས་བསྟན་པའི་རྩ་བ་བཤད་སྒྲུབ་སྒོམ་གསུམ་ལ་འཛིན་སྐྱོང་དགོས་ཚུལ་སོགས་ནས་བཀའ་སློབ་གནང་།
གཡུང་དྲུང་གྱེར་བསྟན་གླིང་གི་སྒྲུབ་གྲྭའི་མཁན་མོ་ཡེ་ཤེས་བཟང་མོ་ནས་ལོ་ལྔའི་རིང་སྒྲུབ་གྲྭའི་ཁྲིད་རིམ་སྐོར་ནས་གསུང་བཤད་གནང་བ་དང་།སྒྲུབ་གྲྭའི་འགན་ཁུར་བ་མི་འགྱུར་གཙུག་ཕུད་ནས་གཡུང་དྲུང་གྱེར་བསྟན་གླིང་གི་ལོ་རྒྱུས་དང་འབྲེལ་བའི་་སྒོ་ནས་སྒྲུབ་གྲྭའི་སྒྲིག་གཞི་དང་སྒྲིག་ལམ་དཔེ་ཁྲིད་སོགས་ཀྱི་སྐོར་ནས་བཀའ་སློབ་གནང་།
དེ་ནས་ཐེངས་འདིའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་བ་བཅོ་ལྔ་ཡོད་པའི་ནང་ནས་དང་པོ་སྒྲུབ་ཐོན་བ་མི་འགྱུར་གཙུག་ཕུད་དང་། ཤེས་རིག་རྒྱ་མཚོ། སྦྱིན་པ་སྒྲོན་མ། བདེ་འགྲོ་བཟང་མོ། རང་རིག་སྒྲོན་མ་བཅས་ཁོང་རྣམ་པ་ལྔ་ནས་བསོད་ནམས་གྱི་ཚོགས་བསགས་ཀྱི་ཆེད་དུ་སྐུ་འགྱེད་ཕུལ།
བླ་སྤྲུལ་བཤད་སྒྲུབ་འདུས་པ་རྒྱ་མཚོས་བྱམས་མའི་སྔགས་བསྟོད་དང་བར་ཆོད་ལམ་སེལ་གསུང་།།
དེ་རྗེས་མི་འགྱུར་གཙུག་ཕུད་གཙོས་པའི་སྒྲུབ་ཐོན་བ་རྣམ་པ་ལྔ་ཡི་བློ་རྒྱུགས་དང་བགྲོ་གླེང་གནང་ནས་ཉིན་གུང་གསོལ་ཟས་མཆོད།
ཐེངས་འདིའི་མཛད་སྒོའི་གོ་རིམ་གཉིས་པ་ཕྱི་དྲོ་ཆུ་ཚོད་༢་༣༠ཐོག་གཡུང་དྲུང་གླིང་གི་མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་།  སྤ་ཚང་དགོན་གྱི་ཁྲི་འཛིན་མཁན་པོ་བསྟན་པ་ཉི་མ་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་བཤད་སྒྲུབ་ཀྱི་གྲྭ་བཙུན་རྣམས་རིམ་བཞིན་གདན་ལ་བཞུགས་ཏེ་བླ་གྲྭ་འདུས་པ་རྒྱ་མཚོས་བྱམས་མའི་སྔགས་བསྟོད་དང་བར་ཆོད་ལམ་སེལ་གསུང་བཞིན་པའི་ངོར། གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་བ་བཅོ་ལྔ་ཡོད་པའི་ནང་ནས་ཕྱི་དྲོའི་སྒྲུབ་ཐོན་མ་བྱང་ཆུབ་སྒྲོལ་མ་དང་།  རིག་འཛིན་བཟང་མོ། བདེ་སྟོང་ཆོས་མཚོ།  ཐབས་མཁས་བཟང་མོ།  པདྨ་བཟང་མོ་བཅས་ཁོང་རྣམ་པ་ལྔ་ནས་སྒྲུབ་ཐོན་གྱི་མཛད་སྒོའི་རྟེན་འབྲེལ་ལ་བརྟེན་ནས་བསོད་ནམས་གྱི་ཚོགས་བསགས་ཀྱི་ཆེད་དུ་བླ་གྲྭ་འདུས་པ་རྒྱ་མཚོ་ལ་སྐུ་འགྱེད་ཕུལ།  དེ་ནས་རིམ་བཞིན་སྒྲུབ་ཐོན་མ་རྣམ་པ་ལྔ་ཀས་བློ་རྒྱུགས་དང་བགྲོ་གླེང་གནང་སྟེ་དགོང་འདོན་སྨོན་ལམ་གསུངས་ནས་ཚོགས་གྲོལ།
དེ་ནས་དགོང་མོ་ཆུ་ཚོད་དྲུག་པའི་ཐོག་ཏུ་ཞང་ཞུང་བར་པའི་གནས་མལ་གནའ་བོའི་བཀའ་རྟེན་ཤེས་རིག་ཞིབ་འཇུག་གི་བསྟན་དོན་བགྲོ་གླེང་ཐེངས་ལྔ་པ་དབུ་ཚུགས།  ཐོག་མར་གཡུང་དྲུང་གྱེར་བསྟན་གླིང་གི་དབུ་བླ་ ༧ མཆོག་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་ཐེངས་འདིའི་བསྟན་དོན་བགྲོ་གླེང་གི་གྲོས་གཞི་དོན་ཚན་ཁག་བདུན་གྱི་སྒོ་ནས་བཀའ་སློབ་ཟབ་རྒྱས་གནང་བ་དང་། 
དེ་ནས་རིམ་བཞིན་བླ་སྤྲུལ་དགེ་བཤེས་རྣམ་པས་བསྟན་དོན་བགྲོ་གླེང་གནང་སྟེ་དགོང་མོ་ཕྱག་ཚོད་ ༩ ཐོག་སྨོན་ལམ་གསུངས་ནས་ཚོགས་གྲོལ།།
མཛད་སྒོའི་གོ་རིམ་གསུམ་པ་ཕྱི་ཉིན་སྤྱི་ཚེས་༡༠ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༩ བླ་གྲྭ་འདུས་པ་རྒྱ་མཚོ་གདན་ལ་བཞུགས་ཏེ་ཚོགས་འདོན་དང་བྱམས་མའི་སྔགས་བསྟོད་བར་ཆོད་ལམ་སེལ་བཅས་གསུངས་བཞིན་པའི་སྐབས། །སྒྲུབ་ཐོན་མ་གཡུང་དྲུང་བྱམས་མ་དང་།    སྟོང་གསལ་ཆོས་ཉིད།   ཏིང་འཛིན་བཟང་མོ།   སེམས་ཉིད་བཟང་མོ།   བསམ་གཏན་བཟང་མོ་བཅས་ཁོང་རྣམ་པ་ལྔ་སྒྲུབ་ཐོན་གྱི་མཛད་སྒོའི་རྟེན་འབྲེལ་ལ་བརྟེན་ནས་བསོད་ནམས་ཚོགས་བསགས་ཀྱི་ཆེད་དུ།
ང་ཚོའི་མཛད་སྒོ་འདིའི་ཐོག་ལ་ཕེབས་པའི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་འཛིན་གྱི་སྐྱེས་མཆོག་རྣམས་དང་བཤད་སྒྲུབ་འདུས་པ་རྒྱ་མཚོ་ཚང་མ་ལ་གསོལ་འགྱེད་གནང་བ་དང་།  དེ་ནས་རིམ་བཞིན་སྒྲུབ་ཐོན་མ་རྣམ་པ་ལྔ་ཡིས་བློ་རྒྱུགས་དང་བགྲོ་གླེང་མཛད།  དེ་རྗེས་དཔལ་གཤེན་བསྟན་གཡུང་དྲུང་གྱེར་བསྟན་གླིང་འདིར་ལས་དང་བསྐལ་པ་བཟང་པོའི་དུས་འདིར་སངས་རྒྱས་གཡུང་བོན་གྱི་བསྟན་པའི་མཛེས་རྒྱན་དུ་གྱུར་བའི་སྒྲུབ་ཐོན་བ་བཅོ་ལྔ་འདི་དག་ལ་གཡུང་དྲུང་གླིང་གི་ ༧ མཁན་ཆེན་མཆོག་ནས་སྒྲུབ་ཐོན་བ་རྣམས་ལ་ཕྱག་འཁྱེར་གནང་བ་དང་། ༧ མཆོག་སྤྲུལ་སྐུན་གསལ་སྙིང་པོ་རིན་པོ་ཆེ་མཆོག་ནས་མགུལ་དར་གནང་། དེ་ནས་རིམ་བཞིན་བླ་སྤྲུལ་དགེ་བཤེས་རྣམ་པས་སྒྲུབ་ཐོན་བ་རྣམས་ལ་མགུལ་དར་གསོལ།དེ་ནས་བླ་གྲྭ་ཚང་མས་བཀྲ་ཤིས་སྨོན་ལམརྒྱ་ཆེན་གསུང་ནས་ཚོགས་གྲོལ།  
         ཕྱི་དྲོའི་ཕྱག་ཚོད་གཉིས་པའི་ཐོག་ཏུ་སུམ་ཡུལ་གཡུང་དྲུང་གྱེར་བསྟན་གླིང་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཆེས་ཐོག་མའི་དཔེ་རྙིང་སོར་བཞག་དེབ་གཟུགས་པར་སྐྲུན་འགྲེམ་སྤེལ་དང་རི་དགོན་ཁག་ལ་བསྟན་བཞག་དཔེ་སྦྱིན་མཛད་སྒོ་སྤེལ་བ་དང་།  སྐྱབས་རྗེ་གཡུང་དྲུང་གླིང་གི་མཁན་ཆེན་ ༧ ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་གཡུང་དྲུང་གྱེར་བསྟན་གླིང་གི་དབུ་བླ་༧མཆོག་སྤྲུལ་ཀུན་གསལ་སྙིང་པོ་རིན་པོ་ཆེ་རྣམ་གཉིས་ཀྱིས་མཛད་སྒོའི་སྒོ་འབྱེད་གནང་བ་དང་འབྲེལ་སྤ་ཚང་དགོན་དང་ཁྲོམ་ཚང་དགོན་སོགས་དགོན་རི་ཁྲོད་ཁག་ལ་བཀའ་འགྱུར་རྟེན་བཞག་ཕུལ་ནས།།
 
དེ་རྗེས་གཡུང་དྲུང་གྱེར་བསྟན་གླིང་གི་འགན་འཛིན་བ་དང་ཐེངས་འདིའི་མཛད་སྒོའི་གཙོ་སྐྱོང་བ་བཟོ་རུ་གཡུང་དྲུང་རབ་གསལ་ནས་དཔལ་གཤེན་བསྟན་གཡུང་དྲུང་གྱེར་བསྟན་གླིང་འདི་ཕྱག་བཏབ་པོ་སྐྱབས་རྗེ་ཁྲི་འཛིན་ཨུན་སེང་དེ་བུ་མཆོག་ནས་བསྟན་འགྲོའི་དོན་ཆེན་ལ་དམིགས་སྟེ་ཐོག་མར་ས་ཆ་འདི་བསླུ་ཉོ་བྱས་པ་ནས་བཟུང་ཕྱི་ནང་བསྟན་དང་བསྟན་པའི་བཀོད་པ་ཆ་ཚང་ལེགས་གྲུབ་བྱུང་ཚུལ་དང་བསྟན་འགྲོ་སྤྱི་ཕན་གྱི་དོན་ཆེན་རླབས་པོ་ཆེ་སྐྱོང་ཚུལ་དང་མ་ཚད་རྒྱལ་བའི་བཀའ་འགྱུར་ཆེན་མོ་འདི་ཉིད་དཔེ་རྙིང་སོར་བཞག་གི་ཐོག་ནས་གློག་ཀླད་ཡིག་བསྟར་དང་དཔར་སྐྲུན་བོན་སྦྱིན་སོགས་ཀྱི་སྐབས་སུ་དཀའ་ངལ་རྒྱུད་ནས་མཐར་རྒྱས་པར་གྲུབ་ཚུལ་སོགས་དང་དེ་བཞིན་བླ་མ་མཆོག་ནས་སྒྲུབ་གྲྭ་གསར་འཛུག་གནང་སྟེ་སྒྲུབ་ཐོན་བ་རྣམ་པའི་དགེ་མཚན་སོགས་དང་འབྲེལ་བའི་སྒོ་ནས་ཐེངས་འདིའི་མཛད་སྒོའི་མཇུག་སྡོམ་གྱི་གཏམ་བཤད་སྤེལ།།
ཕྱི་དྲོ་སྒྲུབ་ཐོན་བ་ཚོའི་ཉེ་འབྲེལ་རྣམ་པས་བཀྲ་ཤིས་ཁ་གཡང་དང་ཁྲི་གསོལ་གྱི་མཇལ་དར་ཕུལ་ནས་ཐེངས་འདིའི་མཛད་སྒོ་ཕུན་སུམ་ཚོགས་པོའི་ངང་ནས་མཇུག་ཡོངས་སུ་གྲུབ་པའོ།།
གནམ་ནས་བབ་པའི་ཁ་ཆར་མིན་ལ་བོན་བསྟན་རྒྱས་པའི་ཟིལ་རླབས་ཡིན།།
ས་ནས་འཁྲུངས་པའི་རྩི་ཐོག་མིན་ལ་གཤེན་བསྟན་དབྱར་གྱི་ལོངས་ཚོ་ཡིན།།
བར་སྣང་ལྡིར་བའི་འབྲུག་སྒྲ་མིན་ལ་བོན་བསྟན་སྤེལ་བའི་སྒྲ་དབྱངས་ཡིན།།
རང་དོན་ཁོ་ནའི་དོན་གཉེར་མིན་ལ་བསྟན་འགྲོ་སྤྱི་ཕན་ལས་དོན་ཡིན།།
དཔལ་གཤེན་བསྟན་གཡུང་དྲུང་གྱེར་བསྟན་གླིང་གི་ཐེངས་འདིའི་མཛད་སྒོའི་གོ་སྒྲིག་ཚོགས་ཆུང་གིས་སྤྱི་ལོ་༢༠༢༠ལོའི་ཟླ་༡༠ཚེས་༡༡ཉིན་ནས།།     
       བརྙན་ལན་དང་བཟོ་སྒྲིག་འགན་ཁུར་བ་ལས་དབང་འམ་ལི་ཁྲིའི་ཐིག་ལེ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།