མདོ་སྨད་སྣང་ཞིག་དགོན་གྱི་ཚོགས་ཆེན་དཔོན་སློབ་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ།

[ཟླ་ཚེས། 2020-09-12 22:53:37][རྩོམ་པ་པོ། ལྷ་བུ་བློ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


མདོ་སྨད་སྣང་ཞིག་དགོན་གྱི་ཚོགས་ཆེན་དཔོན་སློབ་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ་བ།

  རྫ་ཚེ་དབང་བསྟན་འཛིན་རིན་པོ་ཆེ་མཆོག་ནི། སྤྱི་ལོ༡༩༧༤ལོར་ཨ་མདོ་རྔ་བ་རུ་སྐུ་འཁྲུངས། གྲུབ་མཐའ་རིས་མེད་ཀྱི་རབ་འབྱམས་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་མི་ལོ་བཅུ་ཕྲག་དུ་མར་ཐུན་མིན་མདོ་སྔགས་རྫོགས་གསུམ་དང་ཐུན་མོང་རིག་པའི་གནས་ལྔ་སོགས་ལ་སྦྱངས་པ་ལེགས་པར་མཐར་ཕྱིན། སྤྱི་ལོ༢༠༠༣ ལོར་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས། སྤྱི་ལོ༢༠༠༨ལོར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རྣམ་པ་གཉིས་ཀྱི་ཐུགས་བཀོད་ལྟར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས། སྤྱི་ལོ༢༠༡༤ལོར་སློབ་གཙོ་གཞོན་པའི་ཐུགས་འགན་དང་དུ་བླངས། སྤྱི་ལོ༢༠༡༥ལོར་རྔ་ལྗོངས་ལོ་ཐོ་གསར་རྩོམ་བྱས། སྤྱི་ལོ༢༠༡༧ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོའི་ཐུགས་འགན་བཞེས། སྤྱི་ལོ༢༠༡༨ལོར་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་སྣང་ཞིག་དགོན་པའི་ཚོགས་འདུ་ལས་སྣེ་ཐམས་ཅད་གདན་གཅིག་ཏུ་འཛོམས་ཏེ་རྨང་གཞིའི་ཤེས་བྱ་གསོ་སྐྱོང་གླིང་གི་སྒོ་འབྱེད་མཛད་སྒོ་སྤེལ། དེ་དང་ཆབས་གཅིག་ཏུ་གོང་ས་སྣང་ཞིག་སྐྱབས་མགོན་རིན་པོ་ཆེའི་ཐུགས་བཀོད་ལྟར་སློབ་ཆུང་གསར་བའི་སློབ་གཙོའི་ལས་འགན་ཕྲག་ཏུ་བབས་པ་དང་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་གཙོ་དང་རྨང་གཞིའི་ཤེས་བྱ་གསོ་སྐྱོང་གླིང་གི་སློབ་གཙོ་གཉིས་ཀྱི་ཐུགས་འགན་བཞེས་པའོ། །

  སྤྱི་ལོ༢༠༡༩ལོའི་ཟླ༡༢ཚེས༡༨ནས་༢༠བར་ཉིན་གསུམ་གྱི་རིང་དུ་མདོ་སྔགས་རྒྱ་མཚོའི་གཞུང་ལ་ཐོས་རྟོགས་གོམས་པའི་རྣམ་དཔྱོད་ཡངས་ཤིང་། བཅུ་ཕྲག་རིག་པའི་གཞུང་ལུགས་ཀུན་ལ་མཁྱེན་སྟོབས་ཤེས་རབ་ཀྱི་རལ་གྲི་རྣོ་བའི་དགེ་བའི་བཤེས་གཉེན་ཆེན་མོ་རྫ་དགེ་བཤེས་ཚེ་དབང་བསྟན་འཛིན་རིན་པོ་ཆེ་མཆོག་མདོ་སྨད་སྣང་ཞིག་དགོན་གྱི་གྲྭ་ཚང་འདུས་སྡེ་རྒྱ་མཚོའི་དབུས་སུ་སྔགས་རམས་པའི་དམ་བཅའ་རུ་བཞུགས་པ་དང་སྣང་ཞིག་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྫ་དགེ་བཤེས་མཆོག་ལ་ཚོགས་ཆེན་དཔོན་སློབ་ཀྱི་ཕྱག་མདུད་གནང་།



  སྤྱི་ལོ༢༠༢༠ལོའི་ཟླ༩ཚེས༡༠ཉིན་མདོ་སྨད་སྣང་ཞིག་དགོན་གྱི་ཚོགས་ཆེན་དཔོན་སློབ་ཀྱི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་སྤེལ་ཏེ། མདོ་སྨད་སྣང་ཞིག་དགོན་གྱི་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་། དད་ལྡན་ལྷ་འབངས་ཡོངས་ཀྱིས་དགའ་སྟོན་རྟེན་འབྲེལ་གྱི་ཤིས་བརྗོད་དང་བཀྲ་ཤིས་པའི་མཇལ་དར་ཕུལ་ནས་རིམ་བཞིན་མཇལ་ཁ་ཞུས།

  དེ་བཞིན་རྒྱལ་བ་ཇོ་ནང་བའི་དགེ་བཤེས་དངོས་གྲུབ་དཔལ་དང་། སེར་ཤུལ་དགེ་བཤེས་ཚུལ་ཁྲིམས། རུ་ཁ་དགེ་བཤེས་བསོད་ནམས་རྒྱ་མཚོ། ལྷ་རམས་པ་བཀྲ་ཤིས་རྒྱ་མཚོ། ཇོ་ནང་གཞན་སྟོང་དབུ་མའི་བགྲོ་གླེང་ཆེན་མོའི་ཚོགས་གཙོ་ལྷ་རམས་པ་ངག་དབང་བཀྲ་ཤིས་སོགས་གཙོས་པའི་ས་ཕྱོགས་སོ་སོ་ནས་དགེ་འདུན་པ་དང་དད་ལྡན་མང་ཚོགས་མང་པོ་ཕེབས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་ལ་མཇལ་ཁ་དང་བཀྲ་ཤིས་རྟེན་འབྲེལ་གྱི་ལེགས་སྐྱེས་ཕུལ་བའོ། །



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།