རྩེ་དྲུག་སུམ་པ་གྱིམ་ཤོད་གླིང་དུ་ཚད་མའི་རིག་སྒྲ་དང་ཞང་བོད་རིག་གཞུང་བགྲོ་གླེང་འཚོགས་པའི་གནས་འཕྲིན།

[ཟླ་ཚེས། 2020-09-12 14:02:33][རྩོམ་པ་པོ། ཁྲ་ཉག་ཕྲན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


༧སྐབས་བརྒྱད་པའི་ཚད་མའི་རིག་སྒྲ་དང་ཞང་བོད་རིག་གཞུང་བགྲོ་གླེང་ཆེན་མོ་འཚོགས་པའི་གནས་གསར།

  ད་ལན་ཞང་ཞུང་སྒོ་པའི་ལྟེ་གནས་རྩེ་དྲུག་དགོན་སུམ་པ་གླང་གི་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་གླིང་དུ་སྐྱབས་རྗེ་མཆོག་སྤྲུལ་རྣམ་གཉིས་ཀྱི་ཐུགས་དགོངས་འོག གླིང་བཞིའི་མཁན་སློབ་རྣམ་པའི་ཐུགས་བསྐྱེད་ལ་བརྟེན་ནས། དབུས་གཞུང་ལས་ཁང་གི་འགན་འཛིན་རྣམ་པའི་རྒྱ་ཆེའི་ཐུགས་ཁུར་གནང་བ་དང་བཤད་སྒྲུབ་འདུས་སྡེའི་འགན་འཛིན་རྣམ་པའི་འབད་བརྩོན་དང་འབྲེལ་ཚད་མའི་རིག་སྒྲ་ཆེན་མོ་སྐབས་བརྒྱད་པ་དང་། ཞང་བོད་རིག་གཞུང་བགྲོ་གླེང་ཆེན་མོ་སྐབས་དང་པོ་དངོས་སུ་འཚོགས་ཐུབ་པ་རེད།



  དེ་ཡང་བདུན་ཕྲག་ཁ་ཤས་སྔོན་ནས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ལ་བརྡ་ཁྱབ་ཕུལ་བ་བཞིན། རྔ་ཡུལ་རྟོགས་ལྡན་དགོན་དང་། ཤར་རྫ་རི་ཁྲོད། དགའ་མལ་དགོན། སྡེ་དགེ་རིན་སྤུངས་དགོན། རྫ་ཁྲོ་ཚང་དགོན་བཅས་ཐག་རིང་གི་ལམ་ཐག་དང་དཀའ་ངལ་ལ་མ་ལྟོས་པར་གླིང་འདིར་ཆེད་ཕེབས་གནང་བ་དང་། ཁྱུང་ཡུལ་གྱི་ཚད་མ་སྨྲ་བའི་འདུས་སྡེ་དཔལ་ལྡན་ཀོ་རྒྱལ་དགོན། ཁྱུང་པོ་སྟེང་ཆེན་དགོན། རི་ཁྲོད་དགོན། བྱ་ཟེ་ཡོངས་རྫོང་དགོན། གཡུང་དྲུང་དཔལ་རི་དགོན། ཁྱུང་ནག་བསམ་གཏན་དགོན། བཅས་ནས་དགེ་སློབ་ཁྱུ་ཚོགས་ལྷན་ཅིག་ཕེབས་གནང་བ་རེད། གཞན་ཡང་རང་རེའི་གཡུང་དྲུང་བོན་གྱི་འདུས་སྡེ་རྣམས་ཕུད་གཞན་སྡེ་ཁྱུང་པོ་ཞག་གཅོད་དགོན་ངེས་དོན་བསམ་གཏན་ཆོས་འཁོར་གླིང་གི་རིག་པ་སྨྲ་བའི་ཁྱུ་ཚོགས་བཅས་འདུས་གྲྭ་ལྔ་བརྒྱ་ལས་བརྒལ་བ་གནས་མཆོག་འདིར་འཛོམས་ནས། ལུང་རིག་ལ་གོ་བསྡུར་དང་ཤེས་རབ་ཀྱི་རྣོ་དབལ་འགྲན་ཏེ། མཐུན་སྒྲིལ་དང་ལྷག་བསམ་གྱི་ཀུན་སློང་འོག་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བྱས་ཡོད་པ་རེད། དེ་ལྟར་ཉིན་བཅུའི་རིང་ཚད་མའི་རིག་སྒྲ་རྒྱས་འཚོགས་བྱས་རྗེས། བླ་སྤྲུལ་བཤེས་གཉེན་བཅུ་ཕྲག་དུ་མའི་གཟིགས་ཞིབ་འོག་ཐུག་ཆེན་དམ་བཅའ་ཆེན་མོ་འཚོགས་གྲུབ།









  དེའི་ཕྱི་ཉིན་དགོན་འདིའི་འགན་འཛིན་དག་གི་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་འབྱོར་བཏང་སྟེ། གྲ་སྒྲིག་ཟབ་རྒྱས་གནང་བའི་ཞང་བོད་རིག་གཞུང་བགྲོ་གླེང་ཆེན་མོ་དངོས་སུ་དབུ་ཚུགས་པ་རེད། དེ་ཡང་གོ་སྒྲིག་ཚན་ཆུང་གིས་ཟླ་བ་གཅིག་ལྷག་གི་སྔོན་དུ་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དུ་མ་ཞིག་ལ་རྩོམ་བརྡ་ཕུལ་བ་བཞིན། ད་ལན་དགོན་སྡེ་ཁག་གི་ལས་འཛིན་དང་རྩོམ་པ་པོ་རྣམས་ཀྱི་དོ་སྣང་དང་རྒྱབ་སྐྱོར་ལ་བརྟེན་དཔྱད་རྩོམ་ཧ་ཅང་མང་པོ་འབྱོར་བ་རེད། འོན་ཏེ་བགྲོ་གླེང་བྱེད་པའི་དུས་ཡུན་ཉིན་གཉིས་ལས་མེད་པས་རྩོམ་ཡིག་ཚང་མ་འཇོག་མ་ཐུབ་པས། ངེད་གོ་སྒྲིག་ཚན་ཆུང་གིས་བདམས་སྒྲུག་བྱས་རྗེས་དཔྱད་རྩོམ་སུམ་ཅུ་ལྷག་ལ་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱིན་པ་རེད། དེ་ཡང་སྦྲ་ཆེན་ནས་ལུང་དཀར་དགོན་དང་ཁྲོམ་ཚང་དགོན། རྔ་བ་ནས་རྟོགས་ལྡན་དགོན། ཟིང་ཆུ་ནས་དགའ་མལ་དགོན། ཁམས་ཕྱོགས་ནས་ཤར་རྫ་དགོན། རྫ་ཁྲོ་ཚང་དགོན། སྡེ་དགེ་རིན་སྤུངས་དགོན། སྟེང་ཆེན་གཞན་སྡེ་ཞག་གཅོད་དགོན། དཔལ་ལྡན་ཀོ་རྒྱལ་དགོན། ཁྱུང་པོ་སྟེང་ཆེན་དགོན། རི་ཁྲོད་དགོན། བྱ་ཟེ་ཡོངས་རྫོང་དགོན། གཡུང་དྲུང་དཔལ་རི་དགོན་བཅས་ཀྱི་དགེ་རྒན་དང་སློབ་གཉེར་བ་བཅས་ཕྱོགས་གང་སར་ནས་ཕེབས་པའི་རྩོམ་པ་པོ་རྣམས་ལྷན་ཅིག་ཏུ་བཞུགས་ཏེ་བགྲོ་གླེང་ཟབ་རྒྱས་འཚོགས་གནང་བ་རེད། ཚད་མའི་རིག་སྒྲ་དང་བགྲོ་གླེང་གཉིས་མཇུག་སྒྲིལ་བ་དང་རྩེ་དྲུག་དགོན་མཆོག་སྤྲུལ་རྣམ་གཉིས་ནས་ཐུགས་རྗེ་ལེགས་གསོལ་གྱི་བཀའ་སློབ་གནང་གྲུབ་རྗེས། དབུས་གཞུང་ལས་ཁང་ནས་ལེགས་གསོལ་ཕྱག་རྟགས་གནང་སྟེ། ཐེངས་འདིའི་མཛད་སྒོ་གཉིས་མཇུག་གྲུབ་ནས་མང་འདུས་སེམས་དཔའི་ཁྱུ་ཚོགས་དགའ་ལྷང་ངེ་སྤྲོ་ལྷང་ངེ་ངང་ནས་ཞལ་གྱེས་ཞུས་པ་རེད།













 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།